ཆེད་བསྒྲིགས་འོད་སྡེར་༼ གཤེན་བསྟན་འོད་སྣང་ ༽དབུ་འབྱེད་འགྲེམ་སྤེལ་གྱི་མཛད་སྒོ་སྤེལ་བ།

[ཟླ་ཚེས། 2014-10-29 21:33:22][རྩོམ་པ་པོ། དགོན་ཆེན་དྲུང་ཡིག་ཚན་ཁག][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༢༠༡༣ལོར་མདོ་སྨད་གཡུང་དྲུང་བོན་གྱི་འདུས་སྡེ་ཆེན་མོ་༧དགའ་མལ་དགོན་ཆེན་དུ་༼  གཡུང་དྲུང་བོན་གྱི་གཡས་རུའི་འཆད་རྩོད་ཆེན་མོ་  ༽ཐེངས་དང་པོ་སོགས་གཡུང་དྲུང་བོན་དང་འབྲེལ་བའི་ཚོགས་ཆེན་གསུམ་ལྷན་དུ་འཚོགས་སྐབས་ཀྱི་ཆེད་བསྒྲིགས་འོད་སྡེར་༼  གཤེན་བསྟན་འོད་སྣང་ ༽གི་དབུ་འབྱེད་འགྲེམ་སྤེལ་གྱི་མཛད་སྒོ་ཆེན་མོ་སྤེལ་བ།

IMG_3064.jpg
མཛད་སྒོ་ལ་ཕེབས་པའི་མཁན་སློབ་བླ་སྤྲུལ་སྐྱ་སེར་ཁག་གཅིག་གི་དྲན་རྟེན་འདྲ་པར།
IMG_0570.jpg
ཆེད་བསྒྲིགས་འོད་སྡེར་༼  གཤེན་བསྟན་འོད་སྣང་  ༽གི་ཕྱི་རྒྱབ་ཀྱི་པར་རིས།
IMG_0576.jpg
ནང་ངོས་པར་རིས་དང་པོ།
IMG_0577.jpg
ནང་ངོས་པར་རིས་གཉིས་པ།
IMG_0653.JPG
ཆེད་བསྒྲིགས་འོད་སྡེར་སྟོད་སྨད་བར་གསུམ།

   དེ་ཡང་བོད་རབ་བྱུང་བཅུ་བདུན་པའི་༼སྤྱི་ལོ་༢༠༡༤ལོའི་ཟླ་བ་༡༠བའི་ཚེས་༢༩ཉིན་༽ལ་མདོ་སྨད་རྔ་བ་ཁུལ་ཟིང་ཆུ་རྫོང་གཙོ་ཚང་དགོན་གྲོང་རྡལ་ནས་༢༠༡༣ལོར་མདོ་སྨད་གཡུང་དྲུང་བོན་གྱི་འདུས་སྡེ་ཆེན་མོ་༧དགའ་མལ་དགོན་ཆེན་དུ་༼ གཡུང་དྲུང་བོན་གྱི་གཡས་རུའི་འཆད་རྩོད་ཆེན་མོ་ ༽ཐེངས་དང་པོ་སོགས་གཡུང་དྲུང་བོན་དང་འབྲེལ་བའི་ཚོགས་ཆེན་གསུམ་ལྷན་དུ་འཚོགས་སྐབས་ཀྱི་ཆེད་བསྒྲིགས་འོད་སྡེར་༼ གཤེན་བསྟན་འོད་སྣང་ ༽གི་དབུ་འབྱེད་འགྲེམ་སྤེལ་གྱི་མཛད་སྒོ་ཆེན་མོ་སྤེལ་བ་རེད། མཛད་སྒོའི་སྟེང་ལ་ཟིང་ཆུའི་ཕྱི་ཡི་དགོན་ལག་བཅུ་གསུམ་དང་ནང་གི་དགོན་ཁག་ལྔའི་གཞིས་དགོན་ཆེན་མོ་སྟེ་༧དགའ་མལ་དགོན་ཆེན་གྱི་༧མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་དང་༧དཔོན་སློབ་སྨན་རིའི་དགེ་བཤེས་ཤེས་རབ་མཐར་ཕྱིན་རིན་པོ་ཆེ། སྒྲུབ་སློབ་ཤེས་རབ་ལྷུན་གྲུབ་རིན་པོ་ཆེ། ཟིང་ཆུ་རྫོང་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ཆེན་མོ་སྣང་ཞིག་ཚང་མཆོག་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན་རིན་པོ་ཆེ་གཙོས་པའི་དགོན་ལག་ཁག་གི་བླ་མ་དང་མཁན་པོ་སྤྲུལ་སྐུ། དགོན་ཆེན་དང་དགོན་ལག་ཁག་གི་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་རྒན་གཞོན་སོགས་དང་། དེ་བཞིན་དགོན་སྡེ་ཁག་གི་ལྷ་སྡེ་རྣམས་ཀྱི་སྡེ་དཔོན་སོགས་སྐྱ་སེར་བརྒྱ་ཕྲག་ལྷག་ཚོགས་བཞུགས་གནང་ཡོད་པ་དང་། དང་ཐོག་འོད་སྡེར་བཟོ་མཁན་གྱི་འགན་བཞེས་པ་སོགས་ནས་འོད་སྡེར་སྟོད་སྨད་བར་གསུམ་གྱི་ཐད་ལ་ངོ་སྤྲོད་གནང་བ་དང་། དེ་ནས་དགོན་ཆེན་གྱི་༧མཁན་སློབ་རྣམ་གཉིས་གཙོས་པའི་དགོན་སྡེ་ཁག་གི་བླ་སྤྲུལ་ཐུན་མོང་ཡོངས་ནས་༼ གཤེན་བསྟན་འོད་སྣང་ ༽གི་དབུ་འབྱེད་གནང་བ་དང་། དེ་ནས་༧ མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་དང་དཔོན་སློབ་ཤེས་རབ་མཐར་ཕྱིན། སྣང་ཞིག་ཚང་མཆོག་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན་རྣམ་གསུམ་གྱིས་ཆེད་བསྒྲིགས་འོད་སྡེར་༼གཤེན་བསྟན་འོད་སྣང་༽གི་སྤྱི་ཕུད་དང་པོ་དེ་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་དང་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེ། ༧རྒྱལ་བ་གཤེན་གྱི་གདུང་འཛིན་ཆེན་མོ་གཤེན་སྲས་ནོར་བུ་དབང་གི་རྒྱལ་པོ་རྣམ་གསུམ་ལ་ཕུལ་བ་དང་། དེ་ནས་ཚོགས་བཞུགས་པ་ཡོངས་ནས་ཆེད་བསྒྲིགས་འོད་སྡེར་སྟོད་སྨད་བར་གསུམ་པོ་རགས་གཟིགས་སོགས་གནང་བ་དང་།
   དེ་ནས་ཐེངས་འདིའི་ཆེད་བསྒྲིགས་འོད་སྡེར་གྱི་བརྙན་ལེན་པ་དང་སྒྲིག་སྦྱོར་བ་བཅས་ཀྱི་འགན་བཞེས་པ་རྔ་བཟའ་ནོར་བུ་ལགས་ལ་ཟིང་ཆུའི་བརྙན་ལེན་སྒྲིག་སྦྱོར་ཆེད་མཁས་པའི་མཚན་སྙན་གྱི་བྱ་དགའ་དཔང་ཡིག་སོགས་གནང་སྟེ་དབུ་འབྱེད་འགྲེམ་སྤེལ་གྱི་མཛད་སྒོ་དེ་རྒྱལ་ཁ་དང་གཟི་བརྗིད་ངང་ནས་མཇུག་སྒྲིལ་བ་རེད།

ཅེས་དགའ་མལ་དགོན་ཆེན་གྱི་དྲུང་ཡིག་ཚན་ཁག་ནས།

IMG_2994.jpg
༧ མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་དང་དཔོན་སློབ་ཤེས་རབ་མཐར་ཕྱིན་རིན་པོ་ཆེ་རྣམ་གཉིས་དབུ་འབྱེད་ཀྱི་ཞལ་ཁེབས་དབུལ་བཞིན་པ།
IMG_3004.jpg
༧ མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་ནས་ཆེད་བསྒྲིགས་འོད་སྡེར་དང་འབྲེལ་ཏེ་གལ་ཆེན་ཞལ་གསུང་གནང་བཞིན་པ།
_DSC0342.jpg
འགྲེམ་སྤེལ་བརྡ་སྦྱོར་གྱི་འདྲ་པར་ཁྱབ་བསྒྲགས་གནང་བ།
IMG_3024.jpg
༧ མཁན་སློབ་རྣམ་གཉིས་གཙོས་པའི་དགོན་ཁག་དང་དགོན་ལག་ཁག་གི་བླ་སྤྲུལ་ཡོངས་ནས་ཆེད་བསྒྲིགས་འོད་སྡེར་༼  གཤེན་བསྟན་འོད་སྣང་  ༽དབུ་འབྱེད་གནང་བཞིན་པ།
_DSC0351.jpg
ཆེད་བསྒྲིགས་འོད་སྡེར་༼  གཤེན་བསྟན་འོད་སྣང་  ༽།
_DSC0321.jpgIMG_3030.JPG
༧ སྐྱབས་རྗེ་མཁན་སློབ་རྣམ་གཉིས་རིན་པོ་ཆེ་དང་སྣང་སྤྲུལ་རིན་པོ་ཆེ་རྣམ་གསུམ་གྱིས་འོད་སྡེར་སྤྱི་ཕུད་དང་པོ་༧ སྐྱབས་རྗེ་སྨན་རིའི་མཁན་སློབ་རྣམ་གཉིས་དང་རྒྱལ་བ་གཤེན་རིན་པོ་ཆེ་རྣམ་གསུམ་ལ་འབུལ་བཞིན་པ།
IMG_3039.jpg
IMG_3040.jpg
IMG_3009.jpg
༧ མཁན་སློབ་བླ་སྤྲུལ་སེར་སྐྱ་ཡོངས་ནས་ཆེད་བསྒྲིགས་འོད་སྡེར་སྟོད་སྨད་བར་གསུམ་རགས་གཟིགས་གནང་བཞིན་པ།
IMG_3044.JPG
༧ མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་ནས་ཐེངས་འདིའི་འོད་སྡེར་གྱི་བརྙན་ལེན་སྒྲིག་སྦྱོར་མཁན་
རྔ་བཟའ་ནོར་བུ་ལགས་ལ་བྱ་དགའ་ལེགས་སྐྱེས་གནང་བཞིན་པ།
IMG_0656.jpg
༧ མཁན་སློབ་རྣམ་གཉིས་ནས་དགོན་སྡེ་རེ་རེར་བྱས་ཏེ་སྡེ་དཔོན་སོ་སོར་ལེགས་སྐྱེས་ཆེད་བསྒྲིགས་གནང་བ།
༼ རིན་སྤུངས་དགོན་པའི་ལྷ་སྡེ་ཁག་གཅིག་གི་སྡེ་དཔོན་རྣམས།༽

གཡུང་དྲུང་བོན་གྱི་ཚོགས་ཆེན་གསུམ་གྱི་མཚམས་སྦྱོར་གནད་བསྡུས།

རིན་སྤུངས་ཚུལ་བསྟན།

   ཐ་ཚན་མུ་ཙུག་སྨྲར་རོ། ། ཡང་དག་པ་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་ཆེ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་ཀྱིས་དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། བར་དུ་བསྐལ་བ་གྲངས་མེད་གསུམ་དུ་ཚོགས་བསགས། ཐ་མ་མངོན་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་ནས་སླར་ཡང་འགྲོ་བ་སེམས་ཅན་རྣམས་ལ་བརྩེ་ཆེན་གཟིགས་དགོངས་ཐུགས་ལ་བཀྲམ་སྟེ། འདི་ནས་ཡར་རྩིས་མི་ལོ་ཆིག་ཁྲི་བརྒྱད་སྟོང་གི་ཡར་སྔོན་དུ་རྟག་གཟིགས་འོལ་མོ་ལུང་རིང་དུ་སྐུ་འཁྲུངས་ནས་བཀའ་དང་པོ་ཐེག་པ་རིམ་དགུ་དང་། བཀའ་བར་བ་སྒོ་བཞི་མཛོད་ལྔ། བཀའ་ཐ་མ་ཕྱི་ནང་གསང་གསུམ་གྱི་བོན་སྒོ་བརྒྱད་ཁྲི་བཞི་སྟོང་བསྟན་ནས་འགྲོ་བ་བསམ་གྱིས་མི་ཁྱབ་པ་ཞིག་ཐར་བར་དྲངས། དེ་ནས་རིམ་བཞིན་རྟག་གཟིགས་ཞང་བོད་སོགས་ཀྱི་རིག་འཛིན་གོང་མ་རྣམས་ཀྱིས་གང་ལ་གང་འདུལ་གྱི་བོན་སྒོ་སྣ་ཚོགས་བསྟན་ནས་འགྲོ་དོན་རྒྱ་ཆེར་མཛད་པའི་ལོ་རྒྱུས་ཀྱི་ཉི་འོད་དེང་གི་དུས་སུའང་ལྷང་ངེར་གསལ་ཡོད་ལ།
   དུས་རབས་ཉེར་གཅིག་པའི་དུས་འདི་ལ་ཡང་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་དང་༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེ་རྣམ་གཉིས་གཙོས་པའི་འཛམ་གླིང་གང་སར་བཞུགས་པའི་བསྟན་འཛིན་གྱི་སྐྱེས་ཆེན་རྣམས་ཀྱིས་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་འཛམ་གླིང་ཡུལ་གྲུ་ཀུན་ཏུ་དར་སྤེལ་གྱི་མཛད་འཕྲིན་ཡར་ངོའི་ཟླ་ལྟར་རྒྱས་དང་རྒྱས་བཞིན་པ་འདིའང་རང་ཅག་སྙིགས་དུས་ཀྱི་འགྲོ་བ་རྣམས་ཀྱི་བསོད་ནམས་ཞིག་ཡིན་པ་སྨྲོས་མ་དགོས་པ་རེད།
   དེ་ནས་གཤེན་གྱི་འབྱུང་ལྡན་སུམ་བརྒྱ་དང་གཅིག་གི་ནང་ཚན་བོད་རབ་བྱུང་བཅུ་བདུན་པའི་ཤིང་སྦྲུལ་ལོ་༼སྤྱི་ལོ་༢༠༡༣ལོའི་ཟླ་༨པའི་ཚེས་༢༩ཉིན་ནས་ཟླ་༩བའི་ཚེས་༤བའི་བར་ལ༽མདོ་སྨད་གཡུང་དྲུང་བོན་གྱི་འདུས་སྡེ་ཆེན་མོ་དཔལ་གཤེན་བསྟན་དགའ་མལ་དགོན་ཆེན་དུ་༼རྒྱལ་སྤྱིའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་ཚོགས་འདུ༽ཐེངས་གསུམ་པ་དང་།༼གཡུང་དྲུང་བོན་གྱི་གཡས་རུའི་འཆད་རྩོད་ཆེན་མོ༽ཐེངས་དང་པོ། སྐབས་དང་པོ་༼གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་འཆད་ཁྲིད་དང་འབྲེལ་བའི་བགྲོ་གླེང་༽བཅས་གཡུང་དྲུང་བོན་དང་འབྲེལ་བའི་ཚོགས་ཆེན་གསུམ་ལྷན་གཅིག་ཏུ་འཚོགས་པ་དང་། ཚོགས་ཐོག་ཏུའང་རྒྱལ་ཕྱི་ནང་དང་བོད་མདོ་དབུས་ཁམས་གསུམ་གྱི་གཡུང་དྲུང་བོན་གྱི་དགོན་སྡེ་སུམ་བརྒྱ་ལྷག་ནས་ཕེབས་པའི་བླ་མ་དང་སྤྲུལ་སྐུ། མཁན་པོ་དང་དགེ་བཤེས། ལུང་རིག་སྨྲ་བའི་གྲྭ་བཙུན་སོགས་བླ་གྲྭ་ཉིས་སྟོང་ལྷག་ཕེབས་ཡོད་པ་དང་།
   དེ་ཡང་རྒྱལ་སྤྱིའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་སྤྱིའི་བཀོད་སྒྲིག་ལྟར་དུ་གཡུང་དྲུང་བོན་གྱི་འདུས་སྡེ་ཆེན་མོ་དགའ་མལ་དགོན་ཆེན་གྱི་༧མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་དང་། དཔོན་སློབ་སྨན་རིའི་དགེ་བཤེས་ཤེས་རབ་མཐར་ཕྱིན་རྣམ་གཉིས་ཀྱིས་སྤྱིའི་ཐུགས་འགན་རྒྱ་ཆེར་བཞེས་ཐོག་དགའ་མལ་དགོན་ཆེན་གྱི་སྐབས་བཅུ་གཅིག་པའི་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་རྒན་གཞོན་དང་ཨུ་ཡོན་རྣམ་པ། གཞན་དགའ་མལ་དགོན་ཆེན་གྱི་ནང་གི་དགོན་ཁག་ལྔ་དང་ཕྱི་ཡི་དགོན་ལག་བཅུ་གསུམ་གྱི་བླ་མ་དང་སྤྲུལ་སྐུ། མཁན་པོ་དང་སློབ་དཔོན། དགོན་པ་སོ་སོའི་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་རྒན་གཞོན་རྣམས་ཀྱིས་ཕྱོགས་སོ་སོ་ནས་ཐུགས་འགན་ཡོངས་སུ་བཞེས་ཏེ་དད་ལྡན་སེར་སྐྱ་ཁྲི་ཕྲག་ལྷག་གིས་ཕྱི་ནང་གི་རོགས་སྐྱོར་སྣ་ཚོགས་གནང་བར་བརྟེན་ནས་རྒྱལ་ཁ་དང་གཟི་བརྗིད་ངང་ནས་གཡུང་དྲུང་བོན་གྱི་ཚོགས་ཆེན་གསུམ་ལྷན་གཅིག་ཏུ་འཚོགས་ཐུབ་པ་བྱུང་ལ།
   ཕྱོགས་ཁག་ནས་ཕེབས་པའི་བླ་གྲྭ་ཉིས་སྟོང་ལྷག་གིས་ཀྱང་གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་དང་འབྲེལ་བའི་སྒོ་ནས་འཛིན་སྐྱོང་སྤེལ་གསུམ་གྱི་ཐད་ལ་བགྲོ་གླེང་གནང་བ་དང་། ལྷག་པར་དུ་ལུང་རིག་ཟུང་འབྲེལ་གྱི་སྒོ་ནས་གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་གྱི་སྐོར་ལ་འཆད་པ་དང་རྩོད་པའི་རྣམ་གཞག་གི་མཛད་པ་རླབས་ཆེན་བསྐྱངས།
   དེ་ལྟ་བུའི་གཡུང་དྲུང་བོན་དང་འབྲེལ་བའི་ཚོགས་ཆེན་གསུམ་ལྷན་དུ་འཚོགས་པ་ནི་གཡུང་དྲུང་བོན་གྱི་ལོ་རྒྱུས་ཀྱི་རྡོ་རིང་ཞིག་དང་མ་འོངས་པའི་བདེན་དཔང་ཞིག་ཏུ་ཆགས་པ་སྨྲོས་མེད་རེད།
   དེ་ལྟར་ཚོགས་ཆེན་གསུམ་དང་འབྲེལ་བའི་༼གཤེན་བསྟན་འོད་སྣང་༽ཞེས་པའི་འོད་སྡེར་ཞིག་འགྲེམ་སྤེལ་གནང་སྟེ་རྒྱལ་ཕྱི་ནང་དང་བོད་མདོ་དབུས་ཁམས་གསུམ་གྱི་དད་ལྡན་ཁྲི་མ་འབུམ་གྱི་དད་པའི་གསོས་དང་དགའ་བའི་རྟེན་དུ་དམིགས་ཏེ་དགའ་མལ་དགོན་ཆེན་གྱི་༧མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་དང་། དཔོན་སློབ་སྨན་རིའི་དགེ་བཤེས་ཤེས་རབ་མཐར་ཕྱིན་རིན་པོ་ཆེ་རྣམ་གཉིས་ཀྱིས་བཀའ་དགོངས་འོག་དགོན་ཆེན་གྱི་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་དང་ནང་དགོན་ཁག་ལྔ། ཕྱི་དགོན་ལག་བཅུ་གསུམ་གྱི་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་བཅས་ཐུན་མོང་ཐོག་ནས་འགྲེམ་སྤེལ་གྱི་ཐུགས་འགན་བཞེས་པ་དང་། 
    ནང་དོན་སྒྲིག་ཚུལ་ཐད་ལ་ཡང་། ཚོགས་ཆེན་གྱི་ཉིན་དང་པོ་སྐྱེས་ཆེན་བླ་སྤྲུལ་ཁག་ཕེབས་བསུ་ནས་དབུ་བཟུང་སྟེ་ཉིན་བདུན་གྱི་འགྲོ་རིམ་བཞིན་དུ་ཚོགས་ཆེན་གསུམ་གྱི་འཚོགས་འདུའི་ནང་དོན་རྣམས་གནད་བསྡུས་བྱས་ཏེ་མཚམས་སྦྱོར་གནང་ཡོད་ལ། དེ་ནས་ཚོགས་ཆེན་གསུམ་དང་འབྲེལ་བའི་སྒོ་ནས་གཡུང་དྲུང་བོན་གྱི་བསྟན་འཛིན་སྐྱེས་ཆེན་དུ་མར་བཅར་འདྲི་ཞུས་པའི་སྐོར་དང་། གཞན་རིས་མེད་དད་ལྡན་དམངས་ཚོགས་རྣམས་ཀྱིས་གཟིགས་གོ་བདེ་ཕྱིར་མིང་དུ་གྲགས་པའི་བོད་ཀྱི་གླུ་བ་གླུ་མ་སྐོར་ཞིག་གདན་ཞུས་གནང་ནས་ཁོང་ཚོས་སྙན་མོའི་ངག་གི་འགྱུར་ཁུག་ལ་དྲངས་ཏེ་ཚོགས་ཆེན་དེ་དག་གི་སྐོར་ལ་གླུ་གཞས་རྡུང་ལེན་གྱི་སྒོ་ནས་བསྟོད་དབྱངས་སུ་གྱེར་ཡོད་ལ། དེ་མ་ཚད་སྐྱེས་ཆེན་དང་གདན་ས་ཁག་ནས་ཚོགས་ཆེན་གསུམ་ལ་གནང་བའི་བཀྲ་ཤིས་རྟེན་འབྲེལ་གྱི་ཤིས་ཚིག་སྐོར་ཞིག་མདོ་དབུས་ཁམས་གསུམ་གྱི་བརྙན་འཕྲིན་ཁང་གི་མདོ་འཛིན་པ་ཁག་གཅིག་གིས་གྱེར་འདོན་གནང་ཡོད་ལ། དེ་ཕྱིར་རྒྱ་ཆེ་བའི་སྙན་གཟིགས་གནང་མཁན་ཡོངས་ཀྱི་རྣ་བའི་དཔྱིད་དང་མིག་གི་བདུད་རྩིར་གྱུར་བ་དང་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པ་དང་འགྲོ་བ་རྣམས་མྱུར་དུ་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པའི་རྒྱུར་གྱུར་ཅིག་གུ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།