སྤུ་ལ་དགོན་པའི་བཤད་སྒྲུབ་འདུས་སྡེའི༢༠༡༣ལོའི་ལོ་འཁོར་ཡིག་རྒྱུགས།

[ཟླ་ཚེས། 2014-04-15 21:10:37][རྩོམ་པ་པོ། ཚེ་དབང་དྲི་མེ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

སྤུ་ལ་ཁྱུང་ནག་དགོན་གཡུང་དྲུང་བསྟན་འཕེལ་གླིང་གི་བཤད་སྒྲུབ་འདུས་སྡེའི༢༠༡༣ལོའི་ལོ་འཁོར་ཡིག་རྒྱུགས་ཆེན་མོའི་ཕྱོགས་བསྡོམས་འདུ་འཚོགས་ཆེན་མོ།
 02.jpg

མཚན་དཔེའི་གཟི་བརྗིད་མར་ཞི་ལྷུན་པོའི་སྐུ། །
ཚངས་དབྱངས་དྲུག་ཅུའི་སྒྲ་སྐད་སོ་སོར་སྟོན། །
ཇི་ལྟ་ཇི་སྙིད་མཁྱེན་བརྩེའི་ལྷ་ལམ་ཡངས། །
རྣམ་འདྲེན་གཤེན་རབ་མི་བོས་དགེ་ལེགས་སྩོལ།།

   ཞེས་མཆོད་པར་བརྗོད་པས་མདུན་ནས་བསུས་ཏེ།ད་ལན་གྱི་སྐབས་འདིར་གླེང་བར་བྱ་བ་ནི།༧དཔལ་གཤེན་བསྟན་སྤུ་ལ་ཁྱུང་ནག་དགོན་གྱི་བཤད་སྒྲུབ་འདུས་སྡེའི་བཅའ་སྒྲིག་ལྟར་སྤུ་ལ་ཁྱུང་ནག་དགོན་གྱི་ཁྲི་འཛིན་ཉེར་ལྔ་པ་མཚུངས་མེད་དཔོན་གསས་བླ་མ་སྐྱབས་རྗེ་དྲང་སྲོང་མདོ་སྔགས་བཤད་སྒྲུབ་ཉི་མ་རིན་པོ་ཆེ་མཆོག་དང་སློབ་དཔོན་བསྟན་འཛིན་རྣམ་རོལ་མཆོག།དེ་སྔའི་དཔལ་ལྡན་སྨན་རི་བའི་མཚན་ཉིད་སློབ་དཔོན་མདོ་སྔགས་གཞུང་ལུགས་ཀུན་ལ་རབ་ཏུ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོ་གཤེན་བསྟན་རབ་གསལ་མཆོག རང་དགོན་པའི་སྒྲུབ་གྲའི་མཁན་པོ་དགེ་བཤེས་དྲང་སྲོང་བློ་གྲོས་རིན་པོ་ཆེ་སོགས་བཤད་སྒྲུབ་འདུས་སྡེའི་དགེ་རྒན་རྣམ་པའི་ཐུགས་བསྐྱེད་ཟབ་མོ་ལ་བརྟེན་ནས།༢༠༡༣ ལོའི་ལོ་འཁོར་གྱི་ཡིག་རྒྱུགས་ཆེན་མོ་དང་ལོ་དེའི་ནང་གི་ལས་ཀའི་ཕྱོགས་བསྡོམ་གྱི་འདུ་ཚོགས་ཆེན་མོ་དེ་༢༠༡༤ལོའི་ཟླ་བ་༤ཚེས་༦་ཉིན་དངོས་སུ་འཚོགས།

04.jpg

   དེ་ཡང་༢༠༡༤ལོའི་ཟླ་༣་ཚེས་༢༧ནས་༢༠༡༤ལོའི་ཟླ་༤ཚེས་༥བར་ཉིན་བཅུའི་རིང་ལོ་གཅིག་ནང་སློབ་མ་རྣམ་པས་སློབ་གཉེར་གནང་སྟངས་དང་སློབ་གཉེར་གྱི་ཆ་རྐྱེན་དང་སྒྲིག་གཞི་སོགས་ཀྱི་ཐད་དཔྱད་བསྡུར་དང་ཕྱོགས་བསྡོམས་མཛད།ལྷག་པར་དུ་༢༠༡༤་ལོའི་ཟླ་བ་༣པའི་ཚེས་༢༨ནས་ཚེས་༣༠བར་ཉིན་གསུམ་གྱི་རིང་ཡིག་རྒྱུགས་ཀྱི་སྒྲིག་གཞི་ཚད་མཐུན་དང་གོ་རིམ་ཞིབ་གསལ་ཡོད་པའི་སྒོ་ནས་སློབ་མ་རྣམ་ལུང་རིག་ངེས་གསུམ་གྱི་སྒོ་ནས་རྩོད་རྒྱུགས་དང་དམ་བཅའ། ངག་རྒྱུགས།འབྲི་རྒྱུགས་བཅས་སོ་སོའི་རྣམ་དཔྱོད་ཅང་ཤེས་དབང་པོའི་བང་རྩལ་ངོམ་འགྲན་བྱས།༢༠༡༤ལོའི་ཟླ་༤ཚེས་༦ཉིན་སློབ་མ་སོ་སོའི་རྒྱུགས་འབྲས་ལ་དཔྱད་ཞིབ་བྱས་པ་བརྒྱུད།བསྡུས་ཆེན་ཡན་འཛིན་གྲ་སོ་སོའི་ནང་ནས་ཨང་དང་པོ་རེ་དང་། ཕུལ་བྱུང་གི་ཡིག་ཚད་ཐོབ་མཁན་གྱི་སློབ་མ་དང་། ལོ་གཅིག་ནང་སྒྲིག་ལམ་ནན་སྲུང་དང་སློབ་སྦྱོང་ལ་ནན་ཏན།འོས་འགན་ནན་ཁུར།ཡིག་ཚད་ཀྱང་མི་དམན་པར་ཐོབ་ཅིང་ཤེས་ཡོན་ཅུང་ཡར་ཐོན་ལེགས་པའི་ངོས་འཛིན་ནམ་གདམས་ཐོན་བྱུང་བའི་སྤྱོད་བཟང་སློབ་མ། ལོ་གཅིག་ནང་སྒེར་དོན་དགོངས་ཞུས་དང་དགོངས་འགལ་མ་བྱུང་བའི་རིགས།དམིགས་གསལ་ངག་རྒྱུགས་སྤྲོད་མཁན་བཅས་ལ་གཟིངས་བསྟོད་ཀྱི་ཕྱག་རྟགས་བསྩལ་བའི་བྱེད་སྒོ་སྤེལ་བ་རེད། དེ་ཡང་ཚོགས་ཆེན་ཐོག་གཟིངས་བསྟོད་ཐོབ་མཁན་སློབ་མ་རྣམས་གསལ་བསྒྲགས་གནང་བའི་མཚན་ཐོའི་གོ་རིམ་ལྟར་ངོ་སྤྲོད་ཞུ་རྒྱུར། སློབ་མ་ཁྲི་འབར་བློ་གྲོས་ནས་ཕུལ་བྱུང་གི་ཡིག་ཚད་འཕྲོད་པའི་གཟིངས་བསྟོད་ཐོབ། སློབ་མ་གཡུང་དྲུང་འཇིག་བྲལ་དང་། ཚེ་དབང་དྲི་མེད། ཚུལ་ཁྲིམས་དཔལ་མཆོག་གསུམ་འཛིན་གྲྭའི་ཨང་དང་པོའི་ཡིག་ཚད་འཕྲོད་པའི་གཟིངས་བསྟོད་ཐོབ། སློབ་མ་བསོད་ནམས་ཚུལ་ཁྲིམས་དང་གཡུང་དྲུང་འཇིག་བྲལ་གཉིས་སྤྱོད་ཡོན་ལྡན་པའི་སློབ་མའི་གཟེངས་བསྟོད་ཐོབ། སློབ་མ་ཚེ་དབང་དྲི་མེད་དང་ གཡུང་དྲུང་འཇིག་བྲལ་ དྲི་མེད་གཙུག་ཕུད་ ཚུལ་ཁྲིམས་དཔལ་མཆོག་ བཤད་སྒྲུབ་རབ་གསལ་ གཙུག་ཕུད་ཚུལ་ཁྲིམས་ བསོད་ནམས་ཚུལ་ཁྲིམས་བཅས་ལོ་གཅིག་ནང་སྒེར་དོན་དགོངས་ཞུས་མེད་ཅིང་དགོང་འགལའང་མ་བྱུང་བའི་གཟེངས་བསྟོད་ཐོབ།སློབ་མ་ཁྲི་འབར་བློ་གྲོས་དང་ གཡུང་དྲུང་འཇིག་བྲལ་ ཚུལ་ཁྲིམས་དཔལ་མཆོག་གསུམ་ནས་སུམ་ལྡན་བསྡུས་གྲ་དམིགས་གསལ་ངག་རྒྱུགས་ཕུལ་བའི་གཟེངས་རྟགས་ཐོབ་པ་བཅས་ཀྱི་མཚན་སྙན་དང་ཕྱག་རྟགས་བསྩལ་གནང་མཛད་དེ་སློབ་མ་རྣམས་ཐོས་བསམ་སྒོམ་གསུམ་དང་འབྲེལ་འཆད་རྩོད་རྩོམ་གསུམ་གྱི་མཛད་བཟང་ལ་སྐུལ་ལྕག་གཏོང་གནང་ཡོད་པ་མ་ཟད།མ་འོངས་པར་སངས་རྒྱས་བསྟན་པ་སྤྱི་དང་ཁྱད་པར་དགོན་འདིའི་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་འཐུས་སྒོ་ཇེ་ཚང་དང་སྲ་བརྟན་གཏོང་ཕྱོགས་ཐད་འཆར་འགོད་གཏིང་ཟབ་མཛད་པ་སོགས།མདོར་ན་བཤད་སྒྲུབ་བསྟན་པའི་རྒྱལ་མཚན་ཡངས་པའི་ས་ཆེན་འདིའི་ཐོག་འཛུག་སྐྱོང་དང་།ཉིན་བྱེད་དབང་པོ་མཁའ་ལ་ཤར་བ་ལྟ་བུའི་དར་རྒྱས་ཡོང་བའི་རྨང་གཞི་བརྟན་པོར་བཏིང་མཛད་པའི་གནས་བསྡུས་སུ། །

01.jpg

སླར། རྣམ་དག་བཤད་སྒྲུབ་སྒོམ་པའི་འཁོར་ལོ་གང་། །
རྣམ་ཀུན་སྲིད་ཞིའི་ཁམས་སུ་བསྐོར་བར་སྨོན། །
རྣམ་དཀར་དེ་ཡི་བསོད་ནམ་དགེ་ལེགས་ཀུན། །
རྣམ་མང་འགྲོ་ཀུན་རྣམ་མཁྱེན་ཐོབ་ཕྱིར་བསྔོ། །

03.jpg

   ཞེས་འབྱུང་ལྡན་༣༠༡ཉག་མ་༣༡པའི་ཤིང་རྟ་ལོའི་ནག་ཟླའི་དཀར་ཕྱོགས་རྒྱལ་བ་གསུམ་པའི་ཚེས་༡༣ཉིན་སྤུ་ལ་ཁྱུ་ནག་དགོན་དུ་བཤད་སྒྲུབ་འདུས་སྡེའི་གྲལ་འཛིན་པ་ཚེ་དབང་དྲི་མེད་ནས།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།