ཀོ་རྒྱལ་དགོན་དུ་དཔེ་ཚོགས་ཆེན་མོའི་སྒོ་འབྱེད་མཛད་སྒོ་སྤེལ་བ།

[ཟླ་ཚེས། 2014-03-19 11:08:08][རྩོམ་པ་པོ། ཤོ་ཁྲི་རྒྱལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༧ཁྱུང་ཡུལ་བོན་གྱི་གདན་ས་ཆེན་མོ་དཔལ་ཀོ་རྒྱལ་དགོན་བདེ་ཆེན་ཀུན་གྲགས་གླིང་དུ་བོན་གྱི་མཐོ་རིམ་སློབ་ཆེན་གྱི་སྦྱང་བྱའི་གླེགས་བམ་༼སྒོ་བཞི་མཛོད་ལྔའི་ཡང་བཅུད་༽སྒོ་འབྱེད་ཀྱི་མཛད་སྒོ་སྤེལ་བ།
IMG_5.JPG
མཛད་སྒོའི་ཟུར་གཅིག
IMG_1.JPG
དཔེ་ཚོགས་སྒོ་འབྱེད་ཁ་བྱང་།

   ༧ཁྱུང་ཡུལ་བོན་གྱི་གདན་ས་ཆེན་མོ་དཔལ་ཀོ་རྒྱལ་དགོན་བདེ་ཆེན་ཀུན་གྲགས་གླིང་འདིར་བོད་ཤིང་རྟ་ལོའི་ཟླ་བ་དང་པོའི་ཚེས་བཅུ་དྲུག་སྟེ་སྤྱི་ལོ་༢༠༡༤.༣.༡༧ཉིན་དགོན་འདིར་སྐབས་དང་པོའི་དགེ་བཤེས་རྣམ་པ་ལྔ་ཁྲི་བཞེངས་ཀྱི་སྟོན་མོ་དང་འབྲེལ་༼སྒོ་བཞི་མཛོད་ལྔའི་ཡང་བཅུད་༽ཅེས་པ་བོན་གྱི་མཐོ་རིམ་སློབ་ཆེན་གྱི་སྦྱང་བྱའི་གླེགས་བམ་མམ་མཚན་ཉིད་པའི་འགོ་བསྡུས་རྟགས་ནས་བཟུང་མཐར་དགེ་བཤེས་གཏོང་ཐོབ་ཀྱི་ལག་ལེན་བར་མདོ་སྔགས་རྫོགས་གསུམ་རིག་གནས་དང་བཅས་པ་ཆ་ཚང་བའི་དེང་རབས་དེབ་གཟུགས་དཔེ་ཕྲེང་སོ་གཉིས་ཀྱི་བདག་ཉིད་ཅན་དང་། དཔེ་གཟུགས་པོད་ཆེན་བཅུ་བདུན་ལས་གྲུབ་པ་གཉིས་དངོས་སུ་སྒོ་འབྱེད་ཀྱི་མཛད་སྒོ་གནང་བ་གཤམ་གསལ།

IMG_2.JPG
བླ་མ་དགེ་བཤེས་རྣམས་ཀྱིས་སྒོ་འབྱེད་གནང་བ། 
IMG_3.JPGIMG_4.JPG
བཀའ་རམས་པ་གསུམ་གྱིས་དཔེ་ཚོགས་ ༣༢ ཅན་ཞལ་ཕྱེས་གནང་བ།        བཀའ་རམས་པ་གཉིས་ཀྱིས་དཔེ་ཚོགས་པོད་ ༡༧ ཅན་ཞལ་ཕྱེས་གནང་བ།

   ཉིན་འདིའི་སྔ་དྲོའི་ཆུ་ཚོད་བཅུ་པའི་སྟེང་། དགོན་འདིའི་ཁྲི་འཛིན་བླ་མ་མཁྱེན་རབ་རྒྱ་མཚོ་རིན་པོ་ཆེའི་དབུ་བཞུགས་ཐོག་དཔེ་ཚོགས་འདིའི་བསྟན་སྦྱིན་བླ་མ་ཚོགས་གཉིས་རྒྱ་མཚོ་ནོར་བུ་རིན་པོ་ཆེའི་སྐུ་ཚབ་དགེ་བཤེས་ཆེན་མོ་རྒྱལ་བ་བསྟན་འཛིན་མཆོག་དང་། སྒྲུབ་མཁན་རིན་པོ་ཆེ་དགེ་ལེགས་ཚུལ་ཁྲིམས་དབང་རྒྱལ་སོགས་དགོན་འདིའི་བླ་མ་དགེ་བཤེས་གྲྭ་ཚང་སྐུ་མགྲོན་མི་དྲག་དད་འབངས་དུ་མ་དང་བཅས་གསས་ཁང་རྙིང་པའི་འཆམ་རའི་ནང་དུ་ལྷན་འཛོམས་གནང་སྟེ། དེབ་ཕྲེང་རིན་པོ་ཆེ་དུང་གླིང་སྤོས་མེས་གདན་དྲོངས་ཤིང་ལས་དོན་འདིའི་ཐོག་མཐའ་ཡོངས་ཀྱི་དབུ་འགན་བཞེས་པའི་དགོན་འདིའི་དཔོན་སློབ་རིན་པོ་ཆེ་ཧོར་རུ་དགེ་བཤེས་ཡོན་ཏན་ཕུན་ཚོགས་མཆོག་ནས་མཛད་སྒོའི་གོ་རིམ་གྱི་གསུངས་བཤད་གནང་ཤིང་། བར་དེར་འགོ་དམངས་ཡོང་ལ་ཁ་དཀར་ལས་དཀར་གྱི་རྟེན་འབྲེལ་མཚོན་སར་ཞོ་དཀར་གྱི་མཆོད་པ་ཕུལ། ཁོང་ནས་གཏམ་བཤད་སྤེལ་བའི་ཉིང་བསྡུས་ནི་ད་ལན་དགོན་འདིའི་དགེན་སློབ་ཡོངས་ནས་བགྲང་བྱ་དུ་མར་ལས་དོན་འདིའི་ཐད་དཀའ་ཁག་སྡུག་རུས་དུ་མ་འཕྲག་ཏུ་བླངས་ཏེ་ལོ་འདིར་ཟི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་དང་མཉམ་འབྲེལ་ཐོག་དཔེ་བསྐྲུན་ཞུས་པའི་དམིགས་འདུན་གཙོ་བོ། ཁ་བ་རི་པའི་མེས་ནོར་འཛམ་གླིང་གོ་ལ་ཟླུམ་པོའི་ཤར་ནུབ་ཀུན་ཏུ་ངོམས་ཕྱིར་དང་། ཕྱོགས་མཐར་སློབ་གཉེར་བའི་དགོས་མཁོའི་མཐུན་རྐྱེན་སོགས་སྤྱི་ཕན་གྱི་ཞབས་ཕྱི་ཆུང་ངུ་ཞིག་ཡིན་ཚུལ། བསྟན་སྦྱིན་བླ་མ་གང་ལ་བཀའ་དྲིན་ཞུ་འོས་ཀྱི་ཞལ་གསུངས་ཞིབ་སྒྲོས་ཀྱིས་གནང་བ་དང་། དེའི་མཚམས་སྟེང་དགོན་དཔོན་སློབ་རྒྱལ་བ་བསྟན་འཛིན་མཆོག་གིས་བླ་མ་རྒྱ་མཚོ་རིན་པོ་ཆེའི་ཞལ་དགོས་སོགས་བསྟན་པ་སྤྱི་ཕན་གྱི་གསུངས་བཤད་འགངས་ཆེན་དུ་མར་གནང་ཞིང་མཇུག་ཏུ་དཔེ་རས་སྣ་ལྔའི་ཁུད་ཀྱི་༼སྒོ་བཞི་མཛོད་ལྔའི་ཡང་བཅུད་༽དེབ་གཟུགས་དཔེ་གཟུགས་དག་ཁྲི་འཛིན་རིན་པོ་ཆེའི་གཙོས་བླ་མཁན་དག་གིས་དབུ་འབྱེད་གནང་ཞིང་། དགེ་བཤེས་རྣམ་ལྔས་སྒོ་བཞི་མཛོད་ལྔའི་ཡང་བཅུད་དཔེ་བརྩེགས་ཀྱི་ཞལ་ཁེབས་འབྱེད་པའི་རྟེན་འབྲེལ་བྱས།

IMG_6.JPG
འདི་དགོན་གྱི་སྒྲིག་ཞུགས་གྲྭ་ཡོངས་ལ་དཔེ་ཚོགས་གཉིས་པོ་སྐུ་འགྱེད་གནང་བ།

   དེ་ནས་དཔར་ཕུད་ཀྱི་དང་པོ་རྒྱལ་བ་སྨན་རི་བའི་མཁན་སློབ་རྣམ་གཉིས་ནས་རིམ་པར་དཔར་ཕུལ་དག་ཕུལ་བ་དང་གྲྭ་ཚང་ཡོངས་ལ་དཔེ་ཚོགས་གཉིས་ཀ་སྐུ་འགྱེད་གནང་ཞིང་ཕྱི་དྲོར་དགེ་བཤེས་ཁྲི་སྟོན་སྤེལ་བ་སོགས་ཉིན་འདིའི་གནས་ཚུལ་རོབ་ཙབ་ཞུས་པའོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།