ཀོ་རྒྱལ་དགོན་གྱི་སྐབས་དང་པོའི་དགེ་བཤེས་མཛད་སྒོའི་གནས་ཚུལ།

[ཟླ་ཚེས། 2014-03-19 10:37:02][རྩོམ་པ་པོ། གཙང་ཚྭ་གཡུང་དྲུང་གཙུག་ཕུད།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

   IMG_01.JPG
དགོན་གྱི་མཚན་ཉིད་རྒན་ལགས་དང་། བཀའ་རམས་ལྔ་བཅས་ཚོགས་ཁང་ནང་དུ་ཕེབས་བཞིན་པ།

   བསླབ་གསུམ་བསྟན་པའི་རྒྱན་མཆོག་ཟླ་སྤྲུལ་སྐྱེས་ཕྲེང་བརྒྱད་པའི་ཡང་སྲིད་འདི་གའི་ཁྲི་འཛིན་ཞིང་ཕེབས་དམ་པ་མཚན་བརྗོད་པར་དཀའ་བ་རིན་ཆེན་ཕུན་ཚོགས་མཆོག་དང་། ད་ལྟའི་བསྟན་བདག་བླ་མ་རིན་པོ་ཆེ་དབྲ་ཁྱུང་མཁྱེན་རབ་རྒྱ་མཚོ་རྣམ་གཉིས་ཀྱིས་གཙོས་པའི་དགོན་འདིའི་བླ་སྤྲུལ་དགེ་བཤེས་རྣམས་ཀྱི་ཐུགས་བསྐྱེད་ལས་བསྟན་པའི་སྲོག་ཤིང་བཤད་པ་འཆད་ཉན་དང་སྒྲུབ་པ་ཉམས་ལེན་གྱི་སྡེ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་ཏེ་ས་ཆེན་པོའི་སྒང་འདིར་གྲགས་སྙན་གྱིས་ཡོངས་སུ་ཁྱབ་པར་བྱུང་། མི་ལོ་ཉེར་བདུན་དང་བཅོ་ལྔ་སོགས་ཅི་རིགས་ཀྱི་རིང་དུ་བོན་གྱི་གྲྭ་ས་གོང་མའི་སྒྲིག་གཞི་ལྟར་མདོ་སྔགས་ཀྱི་གཞུང་ལུགས་རྣམས་དང་། དག་སྙན་རྩིས་གསུམ་གྱིས་མཚོན་པའི་རིག་གནས་ཀྱི་སྡེ་ཁོ་ནར་འབད་བརྩོན་གནང་བའི་མཐའ་འབྲས་སུ་བཤད་སྒྲུབ་ཀྱི་སྡེ་དེའི་ཁྱབ་ཁོང་ནས་སློབ་པ་མཐར་སོན་ཞིང་། འདི་གའི་བཀའ་རམས་པ་རྣམ་པ་ལྔར་དགོན་འདིའི་བླ་སློབ་མཁན་གསུམ་དང་སྐབས་དང་པོའི་དགེ་བཤེས་མཛད་སྒོ་གོ་སྒྲིག་ཚོགས་པ་སོགས་ཀྱིས་མཚོན་པའི་འདི་གའི་འགན་འཛིན་རྣམས་ཀྱི་དབུ་ཁྲིད་འོག་སྤྱི་ལོ་༢༠༡༤་ལོའི་ཧོར་ཟླ་དང་པོའི་ཚེས་བརྒྱད་ནས་སྐབས་དང་པོའི་དགེ་བཤེས་ཀྱི་མཚན་བཏགས་གསོལ་བའི་མཛད་སྒོ་སྤེལ་བའི་འགོ་དངོས་སུ་བརྩམས་པ་ཡིན།

1.JPG2.JPG
དཔོན་སློབ་རིན་པོ་ཆེ་གཟིམས་ཤག་ནས་འཚོགས་ཁང་དུ་གདན་འདྲེན་ཞུ་བ།            མཎྡལ་སྐུ་གསུང་རྟེན་སོགས་ཀྱི་མཆོད་འབུལ་ཞུ་བཞིན་པ།
3.JPG4.JPG
གྲྭ་ཚང་ནས་མཇལ་ཁ་ཞུ་བཞིན་པ།                                           ཁྲི་ཐོག་ཏུ་བཞུགས་པའི་སྐབས།

IMG_02.JPGIMG_03.JPG
རང་དགོན་ལྷ་སྡེའི་ཆར་གཏོགས་ཚོང་དཔོན་རྣམས་ཀྱི་ཚན་པའི་རུ་བསྟར།                       སློབ་ཐོན་ཕྱག་ཁྱེར་གདན་བཞིན་པ།
IMG_04.JPGIMG_05.JPG
              བཀྲ་ཤིས་ཉིན་གྱི་སྐུ་མགྲོན་རྣམ་པ།                       དམ་བཅའ་ཆེན་མོའི་དགེ་བའི་བཤེས་གཉེན་རྣམས་ཀྱིས་རྟགས་གསལ་གཏོང་བཞིན་པ།
IMG_06.JPGIMG_07.JPG
འདུ་ཁང་སྦུག་ཏུ་ཕྱག་ཁྱེར་བཤམས་པ།                                                                མཆོད་བཤམས།

   ཕྱི་ཚེས་བརྒྱད་ཉིན་གྱི་སྔ་དྲོར་སྡེ་གསུམ་བོན་གྱི་མཛོད་འཛིན་སེམས་དཔའ་འདུས་སྡེ་རྒྱ་མཚོའི་འཚོགས་དབུས་ནས་འདི་གའི་དཔོན་སློབ་རིན་པོ་ཆེས་བཤད་པའི་གཞུང་བསྒྱུར་གནང་བ་དང་འབྲེལ་འདི་ལོའི་བཀའ་རམས་པ་སྐྱང་རུ་དྲང་སྲོང་རྣམ་རྒྱལ་གཙུག་ཕུད་ཀྱིས་སྔོན་འགྲོའི་བཤད་པ་གྱེར་ཞིང་། ཉིན་དེའི་ཆུ་ཚོད་གསུམ་པའི་སྟེང་བཤད་པའི་འཕྲོ་མཐུད་གནང་བའི་མཐར་བཀྲ་ཤིས་གསོལ་བའི་མཛད་རིམ་སྤེལ། ཕྱི་ཉིན་ཚེས་དགུ་དང་བཅུ། བཅུ་གཅིག བཅུ་གཉིས་བཅས་ཉིན་བཞིའི་རིང་དུ་ཉིན་སྔོན་མའི་བཀའ་རམས་པའི་མཛད་སྲོལ་ལྟར་གཡོ་ཤོད་དྲང་སྲོང་ཡེ་ཤེས་རྒྱ་མཚོ། དཔོན་གསར་དྲང་སྲོང་ལུང་རྟོགས་ནམ་མཁའ་གཙུག་ཕུད། ཅུང་པ་དྲང་སྲོང་བསོད་ནམས་གཡུང་དྲུང་། རྡོ་བཅང་དྲང་སྲོང་ཡེ་ཤེས་གོང་འཕེལ་བཞིས་སྔོན་འགྲོའི་བཤད་པ་དང་། བཀྲ་ཤིས་གསོལ་བ་སོགས་ཀྱི་མཛད་རིམ་ལེགས་པར་སྤེལ་ཟིན་རྗེས། ཚེས་བཅུ་གསུམ་ཉིན་ལྔ་བརྒྱའི་མགོན་གྱུར་བླ་ཆེན་དྲན་པ་ནམ་མཁའི་ཡང་སྙིང་དབང་གསུམ་གྱི་གཞུང་བསྲང་སྟེ་ཁྲི་ཚོགས་མཆོད་པ་རྒྱས་འབུལ་ཞུས་ཤིང་། ཚེས་བཅུ་བཞི་དང་བཅོ་ལྔ་བཅས་ཀྱི་རིང་དུ་རྩེ་དྲུག་དགོན་དང་སྟེང་ཆེན་དགོན། མཐོང་གྲོལ་རི་ཁྲོད་དགོན་སོགས་ཕྱོགས་སོ་སོ་ནས་ཕེབས་པའི་འཆད་རྩོད་རིགས་པ་སྨྲ་བའི་སྡེ་དང་། དགོན་འདིའི་མཚན་ཉིད་གྲྭ་ཚང་གིས་གཙོས་པའི་མང་འདུས་མཁས་མང་ལུང་རིགས་སྒྲོག་པའི་འཚོགས་དབུས་སུ་བོན་སྒོ་ཕྱི་ནང་གསང་གསུམ་གྱི་གདམས་དོན་ལ་བློ་གྲོས་ཀྱི་སྣང་བ་རབ་ཏུ་རྒྱས་པའི་གོང་གི་བཀའ་རམས་པ་ལྔ་རིམ་བཞིན་དངོས་གཞིའི་དམ་བཅའ་བཞུགས་ཤིང་། དགག་སྒྲུབ་རྩོད་སྤང་གི་གནད་ལ་མངའ་དབང་བསྒྱུར་བའི་རིགས་པ་སྨྲ་བ་རྣམས་ཀྱིས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་སྡེ་ཚོགས་ཀུན་ལ་ལུང་རིགས་ཟུང་གི་མཆོད་འབུལ་དུ་བླ་མེད་རྫོགས་པ་ཆེན་མོའི་གཞུང་ལུགས་དག་ནས་བརྩམས་ཏེ་བཤད་པ་འཆད་ཉན་གྱི་སྒོ་ནས་རྩོད་པ་བོན་གྱི་འཁོར་ལོ་རྒྱ་ཆེར་བསྐོར་བའོ།།

IMG_08.JPG
དཔོན་སློབ་ཀྱིས་མཚན་བཏགས་གསུང་བཞིན་པ།
IMG_09.JPGIMG_13.JPG
སྐབས་བབས་བཀའ་རམས་པ་རྣམས།                                              འཚོགས་པའི་ཟུར་ཞིག
IMG_11.JPGIMG_12.JPG
ཁྲི་འཛིན་བླ་མ་མཆོག་གིས་ཕྱག་ཁྱེར་དང་བྱིན་མདུད་གནང་བ།                          དཔོན་སློབ་ཀྱིས་མགུལ་དར་གནང་བ།
IMG_14.JPGIMG_15.JPG
                  སྒྲུབ་མཁན་མཆོག་གིས་མགུལ་དར་གནང་བ།                       མཚན་ཉིད་རྒན་ལགས་ཀྱིས་མགུལ་དར་གནང་བ།

   ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོའི་ཆུ་ཚོད་དགུ་པའི་སྟེང་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམས་དང་དགོན་འདིའི་མཚན་ཉིད་རིག་པ་སྨྲ་བའི་སྡེ་ཡོངས་ནས་བཀའ་རམས་པ་རྣམ་པ་ལྔའི་ཐུགས་ཀྱི་བཞེད་དགོངས་གེགས་མེད་ལྷུན་གྱིས་འགྲུབ་པ་ལ། རྐྱེན་ཕྱི་ནང་གི་བར་ཆོད་ཞི་ཞིང་མཁས་པའི་བྱ་བ་གསུམ་དུ་འདུས་པའི་འཕྲིན་ལས་ཀྱང་ཕྱོགས་ཀུན་ནས་གདུལ་བྱ་རྒྱ་མཚོའི་མགོན་དུ་རྒྱས་པའི་ཁ་གཡང་སྟེ། ཤིས་བརྗོད་དང་སྨོན་ཚིག་གིས་མཐར་རྒྱན་པའི་བཀྲ་ཤིས་གསོལ་བའི་མཛད་བཟང་སྤེལ་བ་དང་། དེ་རྗེས་ཉིན་དེའི་སྔ་དྲོར་༼སྒོ་བཞི་མཛོད་ལྔའི་ཡང་བཅུད་༽ཀྱི་དཔེ་ཚོགས་སྒོ་འབྱེད་གནང་། ཉིན་གུང་ཆུ་ཚོད་གཉིས་པའི་སྟེང་ད་ལྟའི་དཔོན་སློབ་ལས་ཐོག་པ་དགེ་བཤེས་ཆེན་མོ་ཡོན་ཏན་ཕུན་ཚོགས་མཆོག་གིས་མཚན་བཏགས་གསུངས་ཤིང་།

IMG_16.JPG
འདི་དགོན་གྱི་མཁན་སློབ་རྣམས་དང་གསར་དུ་ཕེབས་པའི་དགེ་བའི་བཤེས་གཉེན་རྣམ་པ།
IMG_17.JPG
དད་ལྡན་མི་མང་རྣམས་ཀྱིས་བརྙན་འཕྲིན་རྒྱུད་མཛད་སྒོ་མཇལ་བཞིན་པ།

   དེ་རྗེས་སུ་ཁྲི་འཛིན་བླ་མ་རིན་པོ་ཆེ་དབྲ་ཁྱུང་མཁྱེན་རབ་རྒྱ་མཚོ་མཆོག་གིས་དགེ་བཤེས་ཀྱི་ཕྱག་འཁྱེར་གནང་བ་དང་འབྲེལ་བཀའ་རམས་པ་རྣམས་ཀྱིས་མཆོད་ཚིག་དང་ཚིག་བཀྲ་སོགས་རིམ་གྱིས་གསུངས། ཉིན་དེའི་ཆུ་ཚོད་བཞི་པའི་སྟེང་གྲྭ་སའི་ཕྱག་སྲོལ་ལྟར་ཁྲུས་དང་སེར་ཕྲེང་སོགས་ཕེབས་རྗེས་སུ། གསས་ཁང་བདེ་ལྡན་བཀོད་ལེགས་ཀྱི་མདུན་དུ་ཁྲི་འཛིན་བླ་མ་རིན་པོ་ཆེ་ནས་དགེ་བའི་བཤེས་གཉེན་ཆེན་མོ་སྐལ་བ་བཟང་ཞེས་ལན་གསུམ་གྱི་མཐར་སེར་སྐྱ་ཡོངས་ནས་བཀའ་རབ་འབྱམས་པ་དགེ་བཤེས་གཉེན་ཆེན་མོ་སྐལ་བ་བཟང་ཞེས་ཁ་གཡང་སྒྲོག་རྗེས་འདི་ལོར་གསར་དུ་མཚན་བཏགས་གསོལ་བའི་དགེ་བའི་བཤེས་གཉེན་རྣམས་སོ་སོའི་བཞུགས་ཤག་ཏུ་ཕེབས་ཏེ་དགེ་བཤེས་ཁྲི་བཞེངས་ཀྱི་མཛད་སྒོ་སྤེལ་བ་དང་འབྲེལ་དད་ལྡན་སེར་སྐྱ་ཀུན་གྱིས་མཇལ་ཁ་ཞུས་པ་སོགས་ཀྱིས་སྐབས་དང་པོའི་དགེ་བཤེས་མཛད་སྒོའི་མཇུག་བསམ་མི་ཁྱབ་པའི་ལེགས་ཚོགས་དགེ་བའི་དཔལ་གྱིས་གྲུབ་པའོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།