རྟོགས་ལྡན་ཚེ་མཚམས་པ་རིན་པོ་ཆེའི་གདུང་མཆོད་ཀྱི་སྐོར།

[ཟླ་ཚེས། 2014-01-01 01:35:27][རྩོམ་པ་པོ། གདོང་ལི་ལུང་རྟོགས་བསྟན་པ་རབ་རྒྱས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

IMG_3009.JPG

   རྫོགས་ཆེན་གསེར་ཞུན་མ་ལས། འོད་གསལ་གདམས་པས་གནས་ལུགས་བཟུང་། ད་ལྟའི་ཉམས་ལེན་སྐྱེལ་མ་འདྲ།བར་དོའི་སྣང་བ་སུན་མ་འདྲ།སྐད་ཅིག་གཅིག་ལ་གྲོལ་བར་ངེས།ཞེས་གསུངས་བ་ལྟར་རྟོགས་ལྡན་ཚེ་མཚམས་པ་རིན་པོ་ཆེས་འཇིག་རྟེན་གྱི་འདི་སྣང་བློ་ཡིས་བཏང་ནས་ཕྱི་མའི་དོན་ལ་བློ་ཕུགས་གཏད་དེ་ཚེ་དང་སྒྲུབ་པ་མཉམ་སྐྱེལ་བྱས་ནས་༢༠༡༣/༡༢/༡༤ཉིན་སྒྱུ་མའི་ལུས་འདི་དོར་ནས་དགོངས་པ་བོན་དབྱིངས་སུ་ཐིམ་པ་རེད།དེ་ནས་བཟུང་བདུན་ཚིགས་གཅིག་ལ་༧སྐྱབས་རྗེ་མཆོག་སྤྲུལ་རྣལ་གཉིས་ཀྱི་བཀས་བཀོད་ལྟར་བཅད་རྒྱ་དམ་པོར་བྱས།བདུན་ཚིགས་གཉིས་པའི་འགོ་ནས་དད་ལྡན་བླ་གྲྭ་མང་ཚོགས་ཡོངས་ཀྱིས་གསོལ་བ་བཏབས་པ་བཞིན་དུ་སེར་སྐྱ་ཡོངས་ལ་གདུང་མཇལ་བྱེད་པའི་གོ་སྐབས་བསྩལ།སྐབས་དེར་གྲུབ་མཐའ་དང་ས་ཁུལ་གྱིས་དབྱེ་བ་མེད་པར་དད་ལྡན་མང་ཚོགས་བརྒྱ་སྟོང་མང་བོས་ཉིན་བཞིན་རྒྱུན་མ་ཆད་པར་གདུང་མཇལ་བྱེད་པའི་དབུ་ཚུགས་པ་རེད།ཉིན་རེ་ཞག་རེ་བྱས་ནས་དམ་པ་རིན་པོ་ཆེའི་སྐུ་གདུང་ཆུང་རུ་ཆུང་རུ་བྱིན་སྟབས་བླ་ཆེན་འགའ་དང་དད་ལྡན་མང་ཚོགས་གང་མང་ཞིག་དང་ལྷག་པར་དུ་དགེ་བཤེས་བཞི་བཅུ་ཙམ་གྱིས་དངོས་ཤུགས་གང་རུང་ནས་རྟོགས་ལྡན་ཚེ་མཚམས་པ་རིན་པོ་ཆེའི་སྐུ་གདུང་དུས་ངན་སྙིགས་མའི་དུས་འདིར་དམ་པ་བོན་གྱི་བདེན་རྟགས་སུ་དམར་གདུང་དུ་འཇོག་དགོས་པའི་བཀའ་གསུང་གང་མང་ཞིག་བསྩལ་མོད།

IMG_3011.JPG

སྔོན་རིན་པོ་ཆེ་ཁོང་དགོངས་པ་མ་རྫོགས་པའི་དུས་སྐབས་སུ་སྐུ་འཁོར་རྣམས་ལ་རྗེས་མ་ང་ཤི་རྗེས་ངའི་ཕུང་བོ་འདི་རབ་ཡིན་ན་སྤྱིན་སྲེགས་དང་དེ་མིན་ན་བྱ་སྤྱིན་བྱེད་དགོས་ཞེས་ཞལ་ཆེམས་གནང་བ་ལྟར་དམ་པ་རིན་པོ་ཆེའི་དགོངས་པ་རྫོགས་ཕྱིར་༢༠༡༣/༡༢/༢༩ཉིན་སྐུ་གདུང་སྤྱིན་བསྲེགས་སུ་བླུགས་པ་རེད།

IMG_3012.JPG

སྤྱིར་༢༠༡༣/༡༢/༢༥ཉིན་གདུང་སྲེགས་བྱེད་པ་གཏན་ཁེལ་བྱས་ཟིན་མོད་དད་ལྡན་ལྷ་འབངས་ཡོངས་ནས་ཁོ་བོ་ཅག་གི་ཕྱག་སྐོར་གྱི་རྟེན་དུ་སྐུ་གདུང་ད་དུང་ཅུང་ཙམ་འཇོག་པར་རེ་སྐུལ་ཞུས་པ་བཞིན་རྟོགས་ལྡན་དགོན་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་དང་ཁང་ཚན།སྐུ་འཁོར་དག་གིས་ཉིན་བཞི་ལ་ཕྱི་སྣུར་བྱེད་པར་གྲོས་མཐུན་བྱུང་བ་ལྟར༢༠༡༣/༡༢/༢༩ཉིན་གདུང་སྲེགས་བྱེད་པ་གཏན་ཁེལ།

IMG_3014.JPG

༢༠༡༣/༡༢/༢༦ནས་ཉིན་གསུམ་གྱི་རིང་ལ་གྲྭ་ཚང་གིས་ཞི་ཁྲོ་དམ་པ་རིགས་བརྒྱའི་སྒྲུབ་པ་བཟུང་།དད་ལྡན་ལྷ་འབངས་དག་གིས་ཕྱག་སྐོར་དང་མཆོད་འབུལ་བར་མ་ཆད་པར་བྱས།དགུང་མོ་ཚོགས་ཆེན་འདུ་ཁང་ཆེན་མོའི་མདུན་དུ་སེར་སྐྱ་མང་ཚོགས་ཀུན་འཛོམས་ཏེ་སྣང་གསལ་ཞུགས་མར་སྤར་ནས་སྙིང་བོ་རྣམ་གསུམ་གྱི་མགུར་དབྱིངས་གྱེར་བཞིན་གསོལ་བ་རྩེ་གཅིག་ཏུ་བཏབས་པ་རེད

IMG_3015.JPG
IMG_3020.JPG

༢༠༡༣/༡༢/༢༩ཉིན་གྱི་ཞོགས་པར་དུར་གནས་ཁྱད་པར་ཅན་དགོན་ལུང་དུ་སེར་སྐྱ་ཉིས་སྟོང་ལྷག་གིས་སྐུ་གདུང་གདན་དྲངས་ནས་༧སྐྱབས་རྗེ་ཉག་སྤྲུལ་རིན་པོ་ཆེ་དང་གཡུང་དྲུང་ལྷ་སྟེང་གི་མཁན་པོ་པདྨ་མ་རིན་ཆེན།ཡང་སྟོན་སྤྲུལ་སྐུ་བདེ་ལེགས་རྒྱ་མཚོ་སོགས་དབུར་ཞུགས་ཐོག་སྒྲུབ་ཐོན་པ་གང་མང་ཞིག་གིས་སྐུ་གསུམ་མེ་ལྷའི་དཀྱིལ་འཁོར་གྱི་ཞལ་ཕྱེས་ནས་སྐུ་གདུང་སྤྱིན་བསྲེགས་སུ་བླུགས་པ་རེད།

IMG_3018.JPG
IMG_3019.JPG

སྐབས་དེར་ནམ་མཁའ་ནས་འཇལ་གུར་ཕུབ་སྟེ་ངོ་མཚར་བའི་རྟགས་མཚན་བྱུང་བ་འུད་བསྟོད་ཙམ་མིན་པར་དེར་འདུས་ཀྱི་མང་ཚོགས་ཀུན་ཀྱིས་མིག་མཐོང་ལག་ཟིན་དུ་བྱུང་བས་དམ་པའི་བོན་ལ་རེ་ལྟོས་བཅོལ་བའི་དད་ལྡན་དག་གིས་ཡིད་ཆེས་ཇེ་ཟབ་དང་བོན་ལ་ཉམས་སུ་བླངས་ན་འབྲས་བུས་སྟོང་བར་འཛིན་མཁན་དག་ལ་བརྡ་ཞིག་བསྟན དེ་ལྟར་ཉིན་གུང་ཆུ་ཚོད་༡:༣༠ཙམ་ལ་གདོང་སྲེགས་ཡོངས་སུ་མཇུག་རྫོགས་པའོ།།འདི་ལྟར་ཞིབ་ཏུ་ཅིག་བསམ་དུས་དམ་པ་ཁོང་གིས་སླར་ཡང་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་ནང་སྒོས་སུ་བླ་མེད་རྫོགས་པ་ཆེན་པོའི་བསྟན་པའི་དབུ་རྩེ་དབྱིངས་སུ་བསྟོད་ནས་རླབས་ཆེན་གྱི་ཕྱི་རྗེས་ཞིག་བཞག་ནས་གཤེགས་པ་རེད་ཅེས་མགྲིན་པ་གཟེངས་སུ་བསྟོད་ནས་སྨྲ་ལ་སྤོབས་པ་དང་ལྡན་ནོ།།

IMG_3013.JPG
IMG_3016.JPG

འདི་འཛིའི་འཕྲི་བ་སྤངས་ནས་དམ་པའི་བོན་ལ་བློ་ཡིད་རངས།།
རྣམ་རྟོག་ཆམ་ལ་ཕབ་ནས་སེམས་ཀྱི་ངོ་བོར་དམར་ཐག་བཅད།།
སྒྱུ་མའི་ལུས་འདི་དོར་ནས་ཀ་དག་རིག་པའི་དབྱིངས་སུ་གཤེགས།།
རྣལ་འབྱོར་རྒྱལ་བའི་སྲས་དེས་བསྟན་པའི་རུ་དར་སླར་ཡང་ཕྱར།།

ཅེས་ཞྭ་དཀར་བ་གདོང་ལི་ལུང་རྟོགས་བསྟན་པ་རབ་རྒྱས་ཀྱིས་གདན་ས་ཆེན་མོ་སྨན་རིའི་གླིང་དུ་སྦྱར་བ་དགེའོ།། ༢༠༡༣/༡༢/༢༩
 

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།