བོན་གཞིས་བཙུན་དགོན་རཏྣ་སྨན་གླིང་དུ་གཡས་རུའི་འཆད་རྩོད་ཆེན་མོའི་སྐབས་ཀྱི་གནས་བསྡུས།

[ཟླ་ཚེས། 2013-12-02 22:30:40][རྩོམ་པ་པོ། གླག་རྒོད།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

11.jpg22.jpg

      དེ་ཡང་བསྟན་དང་འགྲོ་ལ་བཀའ་དྲིན་གཞལ་ཟླ་མ་མཆིས་པའི་སྣང་བའི་ཉིན་བྱེད་དབང་པོ་༸ཞ་དཀར་བསྟན་པའི་མངའ་བདག་༸སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་རིན་པོ་ཆེ་མཆོག་གིས་མ་འབད་ལྷུན་གྲུབ་ཀྱིས་དངོས་གྲུབ་ཏུ་བྱུང་བའི་བཙུན་དགོན་རཏྣ་སྨན་གླིང་ནི་༸དཔལ་སྨན་རི་བའི་གདན་སར་རི་བོ་ལྷོ་ངོས་སུ་ཕྱི་ལོ་༢༠༠༠ལོར་ཕྱག་བཏབ་གནང་མཛད།

33.jpg44.jpg

      དེ་ནས་བཟུང་མ་བསྡུས་ངང་གིས་འདུ་བའི་བཙུན་མ་བརྒྱ་ཕྲག་མ་ཟིན་ཙམ་འདུས་ཚོགས་བྱུང་ཡོད། ༢༠༡༠ ལོར་སློབ་གཉེར་བ་བཙུན་མ་ཡོངས་ཀྱི་མོས་ཕྱོགས་དང་བསྟུན་ནས་༸སྐྱབས་རྗེ་རྒྱལ་བ་སྨན་རི་བས་བླ་མེད་དགོངས་བཞེས་ཟབ་མོས་བཤད་གྲྭ་གསར་བཙུག་གནང་སྟེ་ཐོག་མར་༸སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་དང་བཤད་སྒྲུབ་འདུས་སྡེའི་མཁན་སློབ་རྣམ་པས་བདུན་ཕྲག་གཉིས་གསུམ་རེར་རེ་མོས་དཔེ་ཁྲིད་ལ་ཆིབས་བསྒྱུར་བསྐྱངས་ནས་ཞོགས་པར་མཚན་ཉིད་དཔེ་ཁྲིད་དང་ཉིན་རྒྱབ་རིག་གནས་དཔེ་ཁྲིད་གནང་། དེ་ནས་བཟུང་རྟག་པར་དབྱར་ངོར་ཉིན་རེར་སྔར་དགོང་འཆད་རར་དང་དགུན་ངོར་ཉིན་རྒྱབ་དང་སྔར་དགོང་བཅས་འཆད་རར་ཐེངས་གསུམ་དང་ཉིན་རེར་དཔེ་ཁྲིད་བདུན་ཕྲག་རེར་དམ་བཅའ་ཆེན་མོ་རེ་ཆག་མེད་དུ་ཚོགས་ནས་གདན་ས་སྨན་རིའི་བཤད་སྒྲུབ་འདུས་སྡེའི་སྒྲིག་སྲོལ་ཇི་ལྟར་བཞིན་ལག་བསྟར་རྒྱུན་འཆང་གནང་ནས་སྲ་བརྟན་བྱུང་ཡོད། བདུན་རེའི་དམ་བཅའ་ཉིན་མོར་མཚན་ཉིད་མཁན་པོ་གདན་ཞུས་དང་མཉམ་དུ་དགེ་བཤེས་རྣམ་པ་དང་མཚན་ཉིད་དགེ་རྒན་བཅས་དབུར་བཞུགས་གནང་ནས་བཙུན་མ་བཤད་གྲ་བ་རྣམས་ལན་འདེབས་ཐང་དང་རིག་འཕྲུལ་གནང་སྟངས་གང་ཐད་ལམ་སྟོན་མཛད་དེ་གཟིགས་རྟོག་རྒྱ་ཆེར་གནང་།

55.jpg66.jpg

      ཕྱི་ལོ་༢༠༡༣་ལོར་བོད་ཟླ་དགུ་པ་ནང་༸སྐྱབས་རྗེ་རྒྱལ་བ་སྨན་རི་བས་ཡང་ཟབ་ཐུགས་བསྐྱེད་བླ་མེད་དུས་བབས་དགོངས་བཞེངས་བྱུང་བའི་གཡས་རུའི་འཆད་རྩོད་ཆེན་མོ་ཚོགས་དགོས་པའི་བཀའ་དགོངས་བྱུང་ནས་༸སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་དང་བཤད་སྒྲུབ་འདུས་སྡེའི་མཁན་སློབ་རྣམ་གཉིས་བཅས་ཐུགས་ཁུར་མཉམ་བཞེས་ཀྱིས་བླ་མེད་བཀའ་དྲིན་སྐྱོང་འོག་ཕྱི་ཟླ་༡༡ཚེས་༢༠་ཉིན་གཡས་རུའི་འཆད་རྩོད་ཆེན་མོ་དབུ་འཛུགས་གནང་སྟེ་གཡས་རུའི་སྟོན་པ་བཅོ་བརྒྱད་ནང་ཚན་སྟོན་པ་བརྒྱད་པ་འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི་ཚད་མའི་སྙིང་པོ་དེ་ཁོ་ན་ཉིད་ཀུན་ལས་བཏུས་པ་རིག་པའི་གཏེར་མཛོད་རིན་པོ་ཆེ་འཆད་ཁྲིད་དང་རྩོད་སྦྱོང་མཛད། བཤད་གྲྭ་བའི་བཙུན་མ་རྣམས་གླིང་སྟོད་གླིང་སྨད་འཛིན་གྲྭ་གཉིས་སུ་བགོས་ནས་ཉིན་རྒྱབ་འཛིན་གྲྭ་གོང་འོག་ཐུག་ཆུང་རེ་དང་བདུན་ཕྲག་གི་ཉིན་ལྔ་པ་དང་དྲུག་པའི་ཉིན་རྒྱབ་དགེ་བཤེས་རྣམ་པ་གདན་ཞུས་བྱས་ཏེ་མཚན་ཉིད་དགེ་རྒན་དང་ཁོང་རྣམ་པས་དཔང་པོར་བཞུགས་ནས་གླིང་སྟོད་སྨད་གཉིས་རྣམ་དཔྱོད་རིག་རྩལ་འདོན་ནས་རྩོད་པའི་འགྲན་བསྡུར་རྒྱ་ཆེར་གནང་རྗེས་འཁོར་དུས་གསུམ་པའི་ཐོག་རྒྱལ་ཕམ་གྱི་ཁྱབ་ལོག་མང་ཉུང་ཚོགས་དབུས་སུ་སྒྲོག་སྦྱོང་ཞུ་བའི་བདུན་གཅིག་གི་མཛད་རིམ་ལམ་ཟླ་འདིའི་གཡས་རུའི་འཆད་རྩོད་མོའི་གནས་བསྡུས་དང་བསླབ་པ་སློབ་གཉེར་གནང་ཕྱོགས་ཡར་རྒྱས་འགྲོ་བཞིན་པའི་གནས་ཚུལ་རགས་ཙམ་གླག་རྒོད་པས་བྲིས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།