༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་གལ་ཆེའི་གསལ་བསྒྲགས།

[ཟླ་ཚེས། 2013-09-20 13:32:01][རྩོམ་པ་པོ། བཀའ་དབང་གོ་སྒྲིག་ཚོགས་ཆུང་།][རྩོམ་ཁུངས། གཡུང་དྲུང་བོན་དྲ་བ།][ཀློག་གྲངས། ]

11.jpg

      དེ་ཡང་བོད་ཆུ་སྦྲུལ་ལོ་ཟླ་༨ཕྱི་མའི་ཚེས་༡༥སྟེ། ཕྱི་ལོ་༢༠༡༣ཟླ་༡༠ཚེས་༡༨ནས་བོད་ཟླ་༩ཚེས་༡༦སྟེ་ཕྱི་ཟླ་༡༡ཚེས་༡༨བར་ཟླ་གཅིག་རིང་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་ཕྱི་ནང་གསང་བའི་དཀྱིལ་འཁོར་རབ་འབྱམས་རྒྱ་མཚོ་ལས་ཕྱི་རྒྱུད་ཀྱི་བཀའ་དབང་རྣམས་རིམ་བཞིན་བསྩལ་གནང་རྒྱུ་གཏན་ཁེལ་བ་ལགས་ན། དེ་ལུགས་རྒྱ་ཆེའི་དད་ལྡན་འཛམ་གླིང་ས་ཕྱོགས་གང་ན་སུ་བཞུགས་ཀྱི་བོན་འབངས་སེར་སྐྱ་མང་ཚོགས་ཡོངས་གསལ་བསྒྲགས་སུ།

222.jpg

      ༄༅།། རྣམ་དཀར་དགེ་བའི་ཕྱོགས་ལ་དད་མོས་ཀྱིས་རབ་ཏུ་ཕྱུག་པའི་རྒྱལ་ཕྱི་ནང་སོགས་ཕྱོགས་མཐའ་ཁག་གི་རྒྱ་ཆེའི་སེར་སྐྱ་མང་ཚོགས་ཡོངས་ཀྱི་སྙན་དྲུང་དུ།
      ཤིན་ཏུ་སྤྲོ་བ་ཆེན་པོའི་ངང་ནས་ཆེད་དུ་ཞུ་རྒྱུར།
      དེང་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་པའི་ཐུགས་རྗེའི་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་འཛམ་གླིང་རྒྱལ་ཕྱི་ནང་ཀུན་ཏུ་གཡུང་དྲུང་བོན་གྱི་བསྟན་པ་ཉི་མ་ཤར་བ་ལྟ་བུར་གྱུར་པ་ནི་ཤིན་ཏུ་དགེ་ཞིང་རབ་ཏུ་བསྔགས་འོས་པའི་གནས་སུ་གྱུར་ཡོད།
      ད་ལན་འདིར་རྒྱ་ཆེ་དད་ལྡན་པ་ཡོངས་ལ་སྐབས་དོན་ཞུ་བྱ་ནི། སྔོན་བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་༧རྣམ་འདྲེན་རྒྱལ་བ་གཤེན་རབ་མི་བོ་ནས་བཟུང་ཞང་བོད་རིག་འཛིན་གོང་མ་རྣམས་ཀྱི་དབང་ལུང་མན་ངག་གི་རྒྱུད་རིམ་མཐའ་དག་འདུས་སོ་བདག་གིར་བཞེས་པའི་འདྲེན་པ་ཆེན་པོ་༧རྗེ་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་མཆོག་ནས་༧བཀའ་དྲིན་སུམ་ལྡན་གྱི་དཔོན་གསས་བླ་མ་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་ལ་ཐུག་གི་བར་༧གཡུང་དྲུང་བོན་གྱི་ཐུན་མོང་མ་ཡིན་པའི་མདོ་སྔགས་སེམས་གསུམ་གྱི་དབང་ལུང་ཁྲིད་གསུམ་མན་ངག་གི་གདམས་རྒྱུན་གཙིགས་ཆེ་རྣམས་བྱིན་རླབས་ཀྱི་ཚན་ཁ་མ་ཡལ། བརྒྱུད་རིམ་གྱི་ཉག་ཐག་མ་ཆད་བར་དར་དཀར་ལག་བརྒྱུད་ཀྱི་ཚུལ་དུ་སྐལ་ལྡན་སྨིན་གྲོལ་གྱི་སྡེ་རྣམས་ལ་བཀའ་དབང་རྗེས་གནང་དང་བཅས་པ་ཕ་ནོར་བུ་ལ་རྗེས་བཞག་གནང་བའི་མཛད་ལམ་སྲོལ་རྒྱུན་ཉམས་མེད་གནས་དང་གནས་མུས་འདི་རང་ཅག་རྣམས་ཀྱི་ཟད་མི་ཤེས་པའི་བསོད་ནམས་ཀྱི་བགོ་སྐལ་ཞིག་ཅི་སྟེ་མིན།
      རྒྱུ་མཚན་དེས་ན་ད་ལམ་འདི་ནས་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་ལ་བོན་ཕྱི་ནང་གསང་གསུམ་གྱི་བཀའ་དབང་མན་ངག་རྗེས་གནང་དང་བཅས་པ་བཀའ་དྲིན་སྨིན་སྩོལ་ཡོང་བའི་གསོལ་བ་ཇི་ལྟར་བཏབ་པ་བཞིན་ཞལ་བཞེས་ཟབ་མོར་ཐོབ་པར་བརྟེན། འདི་ག་སྨན་རིའི་གླིང་ནས་ཡི་དམ་ཕྱི་ནང་གསང་གསུམ་གྱི་བཀའ་དབང་རྣམས་ལོ་གསུམ་རིམ་མཐུད་ཀྱིས་གོ་སྒྲིག་ཞུ་རྒྱུ་དང་། ད་ལན་འདིར་༧དཔལ་གཤེན་བསྟན་སྨན་རིའི་གྲྭ་ཚང་གི་སྐབས་༡༣པའི་རྒྱུན་ལས་དང་། ༧གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སྐབས་༣༤་རྒྱུན་ལས་གཉིས་ཐུན་མོང་གིས་གོ་སྒྲིག་འོག བོད་ཆུ་སྦྲུལ་ལོ་ཟླ་༨ཕྱི་མའི་ཚེས་༡༥སྟེ། ཕྱི་ལོ་༢༠༡༣ཟླ་༡༠ཚེས་༡༨ནས་བོད་ཟླ་༩ཚེས་༡༦སྟེ་ཕྱི་ཟླ་ ༡༡ ཚེས་ ༡༨ བར་ཟླ་གཅིག་རིང་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་ཕྱི་ནང་གསང་བའི་དཀྱིལ་འཁོར་རབ་འབྱམས་རྒྱ་མཚོ་ལས་ཕྱི་རྒྱུད་ཀྱི་བཀའ་དབང་རྣམས་རིམ་བཞིན་བསྩལ་གནང་རྒྱུ་གཏན་ཁེལ་བ་ལགས་ན། དེ་ལུགས་རྒྱ་ཆེའི་དད་ལྡན་འཛམ་གླིང་ས་ཕྱོགས་གང་ན་སུ་བཞུགས་ཀྱི་བོན་འབངས་སེར་སྐྱ་མང་ཚོགས་ཡོངས་ཀྱིས་དགོངས་དབྱིངས་སུ་མངའ་བར་ཞུ་ཞུ།
      ༧གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་སྨན་རིའི་གླིང་ནས་བཀའ་དབང་གོ་སྒྲིག་ཚོགས་ཆུང་གིས།
      ཕྱི་ལོ་༢༠༡༣། ཟླ་༩། ཚེས་༡༩་ཉིན་ལ།
      འབྲེལ་གཏུགས་གནང་ཡུལ།
      0091-9418951576 ཞང་ཞུང་པ་འཕྲིན་ལས་རྒྱ་མཚོ། གྲྭ་ཚང་གཉེར་པ།
      0091-9805557666 ཚབ་ཚ་རིན་ཆེན་རྒྱལ་མཚན། གྲྭ་ཚང་གཉེར་པ།
      0091-8894350888 ག་གཟི་ཤེས་རབ་རྒྱ་མཚོ། བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ།
       0091-9736160235 གླིང་ཚང་གཡུང་དྲུང་ལེགས་ལྡན། བཤད་སྒྲུབ་འདུས་སྡེའི་གཉེར་པ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།