ལུང་དཀར་དགོན་གྱི་གཤེན་གྱི་རྣལ་འབྱོར་པ་ཉེར་གསུམ་སྒྲུབ་ཐོན་པའི་མཛད་སྒོ།

[ཟླ་ཚེས། 2013-06-04 10:08:44][རྩོམ་པ་པོ། ལུང་དགོན་བཤད་སྒྲུབ་འདུས་སྡེ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ལུང་དཀར་དགོན་༧དཔལ་གཤེན་བསྟན་རིན་ཆེན་གླིང་གི་བཤད་སྒྲུབ་འདུས་སྡེ་ནས་ད་ལན་གཤེན་གྱི་རྣལ་འབྱོར་སྒྲུབ་ཐོན་པ་ཉེར་གསུམ་འབྲས་རྟགས་བཞེས་པའི་རྟེན་འབྲེལ་དང་འབྲེལ་ངོ་སྤྲོད་གནད་བསྡུས། །

IMG_0081.jpg

   དམུ་ར་ཝེར་རོ་སྤུངས་སོ་པ་ཏ་ཡ། ། རབ་དཀར་ཁ་བའི་ཟེགས་མས་ཡོངས་སུ་བསྐོར་བའི་ཏི་སེ་གངས་ཀྱིས་བླ་རིའི་བརྗིད་ཉམས་སྲིད་ན་མཐོ་ཞིང་། དྭངས་བསིལ་ཡན་ལག་བརྒྱད་ཀྱིས་ཕྱུག་པའི་བླ་མཚོ་མ་པང་གཡུ་ཡི་སྒེག་ཉམས་དོག་ན་ངོམས་པ་མ་བཅོས་ལྷུན་གྱིས་གྲུབ་པའི་རང་འབྱུང་ཞིང་གི་བཀོད་པ་བསམ་བརྗོད་གཉིས་ཀྱི་ཡུལ་ལས་འདས་པའི་འཛམ་གླིང་ས་ལའི་ཡང་རྩེ་ཞང་བོད་མཐོ་སྒང་དུ་ཆགས་པའི་སྲིད་པ་གཡུང་དྲུང་གི་བོན་རིན་པོ་ཆེ་དང་མདངས་ཆགས་ཐུབ་བསྟན་རིང་ལུགས་འཛིན་པའི་ཆོས་གྲུབ་ཁག་སུ་ཡིན་ཡང་བསྟན་པ་དར་རྒུད་ནི་བཤད་སྒྲུབ་སྒོམ་གསུམ་གྱི་བསྟན་པའི་ཀ་ཆེན་འདེགས་ཐུབ་མིན་ལ་རག་ལས་པ་ནི་ཅི་བཤད། དེ་བཞིན་གོ་ལའི་ས་བབས་མཐོ་དམའ་གང་ལ་གནས་ཆགས་ཀྱི་དགོན་སྡེ་དང་རི་ཁྲོད་ཆེ་ཆུང་གང་ཡིན་ཡང་བཤད་སྒྲུབ་སྒོམ་གསུམ་ནི་བསྟན་པའི་སྲོག་དང་འདུས་སྡེའི་ཟུང་དུ་ཆགས་ཡོད་པ་ནི་དངོས་དོན་ལག་མཐོང་ཡིན་མོད།

IMG_9078.jpg

   དེར་བརྟེན་འདི་ལུང་དགོན་༧གཤེན་བསྟན་རིན་གླིང་གི་བཤད་སྒྲུབ་སྒོམ་གསུམ་ནི་དགོན་འདིའི་འདུས་སྡེའི་སྙིང་པོ་དང་བསྟན་པའི་མེ་རོ་རུ་ཆགས་ཡོད་པ་ནི་ཞུ་མ་དགོས་པར་མཁྱེན་གསལ་ཡིན་མོད། འོན་ཀྱང་གནའ་མི་བགྲེས་པོའི་ཁ་དཔེ་ལ། གལ་པོ་ཆེ་ལ་ནན་ཏན་ཞེས་པའི་དཔེ་ལྟར་ལུང་དགོན་བཤད་སྒྲུབ་སྒོམ་གསུམ་གྱི་བསྟན་པའི་བྱུང་འཕེལ་སྐོར་རགས་རིམ་ཞུ་བ་དང་། ཁྱད་པར་ཐེངས་འདིའི་སྒྲུབ་ཐོན་མཛད་རིམ་པར་རིས་དང་འབྲེལ་བའི་ངོ་སྤྲོད་གནད་བསྡུས།

 IMG_0073.jpg

   མ་འོང་བཤད་སྒྲུབ་སྒོམ་གསུམ་གྱི་བསྟན་པའི་མཛད་འཆར་ཟུར་ཙམ་ཞུ་བའོ། །དགོན་འདིའི་བཤད་སྒྲུབ་སྒོམ་གསུམ་གྱི་བསྟན་པའི་མེ་རོ་ཐོག་མར་༧རྗེ་གྲུབ་དབང་དབུ་སྟོན་རྒྱལ་བ་ཚུལ་ཁྲིམས་དཔལ་བཟང་པོའི་ཐུགས་དགོངས་དང་དགོན་བཞུགས་དབུ་ཁྱུང་བླ་སྤྲུལ་གཙོས་བཞུགས་ཐོག་གཙང་རབ་ལེགས་གཡུང་དྲུང་གླིང་གི་བཤེས་གཉེན་ཆེན་མོ་ལྕ་ཚུག་དྲང་སྲོང་ཉི་མ་དབང་རྒྱལ་མཆོག་དགོན་འདིའི་དཔོན་སློབ་གྱི་ཁྲི་རབས་དང་པོ་མངའ་གསོལ་ཏེ་བཤད་སྒྲུབ་སྒོམ་གསུམ་གྱི་བསྟན་པ་གྲྭ་ས་གོང་འོག་བཞིན་བཙུགས། དེ་རྗེས་དབུ་བླ་ཉི་མ་རྒྱལ་མཚན་དང་ཕུན་ཚོགས་རྒྱལ་མཚན་གཉིས་རིམ་བཞིན་དགོན་འདིའི་བསྟན་བདག་བླ་མ་མཛད་རིང་གྲྭ་ས་གཡུང་དྲུང་གླིང་གི་དགེ་བཤེས་གྷ་རུ་དྲང་སྲོང་ཚུལ་ཁྲིམས་ཡེ་ཤེས་མཆོག་ལུང་དགོན་དཔོན་སློབ་ཁྲི་རབས་གཉིས་པ་མངའ་གསོལ་ཞིང་སྔར་བཞིན་བཤད་སྒྲུབ་རྒྱུན་སྐྱོང་མཛད། སྐབས་དེར་ཁོང་གིས《ཕྱི་ནང་གསང་གསུམ་གྱི་བསྡུས་དོན་ཉེར་མཁོ་འདོད་འཇོ་འཁྲི་ཤིང་》ཞེས་རྒྱལ་བ་བྲུ་ལུགས་འཛིན་པའི་གྲྭ་ས་འོག་མ་རུ་ལག་གཡུང་དྲུང་གླིང་གི་རིང་ལུགས་བཞིན་བརྩམས་ནས་རྗེས་བཞག་མཛད་དེ་ད་ལྟ་རི་བོ་གངས་ཅན་པའི་ལྗོངས་སུ་ས་ཆགས་རྡོ་རྒས་ཀྱི་གཡུང་དྲུང་བོན་ལུགས་འཛིན་པའི་དགོན་སྡེ་དང་གྲོང་ཆོག་ཁག་ཏུ་བཀའ་དྲིན་བླ་ལྷག་ཏུ་མཆིས། དེ་རྗེས་དབུ་བླ་ཚུལ་ཁྲིམས་རྒྱལ་མཚན་མཆོག་དང་དཔོན་སློབ་ཁྲི་རབས་གསུམ་པ་ཁྲོ་རུ་བློ་གྲོས་འོད་ཟེར་གྱིས་སྔར་སྲོལ་བཞིན་རིག་གསར་བར་དུ་འདུས་གྲྭ་བརྒྱ་ཕྲག་ལ་ཉེ་བ་འཛིན་སྐྱོང་གནང་།

1.jpg
དབུ་བླ་ཉི་མ་བློ་གྲོས།
9y.jpg
དཔོན་སློབ་དྲང་སྲོང་གཡུང་དྲུང་།

   རིག་གསར་རྗེས་༧དཔལ་ལྡན་དྲིན་ཅན་རྩ་བའི་བླ་མ་ཉི་མ་བློ་གྲོས་མཆོག་གིས་དགོན་པ་སྐྱར་བཞེངས་དང་ཉམས་གསོ་མཛད་དེ་སྨན་རིའི་དགེ་བཤེས་ཡོངས་འཛིན་སློབ་དཔོན་དྲང་སྲོང་གཡུང་དྲུང་མཆོག་དཔོན་སློབ་ཁྲི་རབས་བཞི་པ་མངའ་གསོལ་ཐོག་བོན་གཞིས་སྦྲ་ཆེན་ཕྱུག་མོར་བཤད་སྒྲུབ་བསྟན་པ་བསྐྱར་གསོ་མཛད་དེ་བསྟན་པའི་བྱ་བ་འཆད་ཉན་གྱི་སྲོལ་བཟང་སྐྱོང་བ་དང་བསྟན་འཛིན་སྐྱེས་བུ་འཛམ་གླིང་ཡུལ་གྲུ་ཀུན་ཏུ་ཁྱབ་པར་བྱས། དེ་ནི་རིག་གསར་འཕོ་འགྱུར་རྗེས་ཀྱི་གངས་ལྗོངས་བོད་ཕྱོགས་སུ་གཡུང་དྲུང་བོན་ལུགས་འཛིན་པའི་བཤད་སྒྲུབ་འདུས་སྡེ་ཆེ་གྲས་དང་སྔ་གྲས་སུ་གྱུར་ཡོད་པ་མ་ཚད་བྱང་ནག་ཆུ་ཁ་དང་ཆབ་མདོ་ཁུལ་ཕྱོགས་ཀྱི་བཤད་སྒྲུབ་འདུས་སྡེ་དང་པོ་དེ་ཡིན། སྤྱི་ལོ་༡༩༩༤ལོར་བཀྲ་ཤིས་དགེ་བའི་ཉིན་ལུང་དགོན་བསྟན་བདག་མཁན་སློབ་རྣམ་གཉིས་དབུ་བཞུགས་ཐོག་དབུ་རི་དགེ་བཤེས་ཚུལ་ཁྲིམས་འབྱུང་གནས་དང་། ཞུ་མཁན་དགེ་བཤེས་བློ་གྲོས་བརྟན་པ། དཔོན་རྒོད་དགེ་བཤེས་ལུང་རིག་བསྟན་འཛིན་དཔལ་ལྡན། རྗེས་གསུམ་དགེ་བཤེས་དྲང་སྲོང་བློ་གྲོས། བ་ངན་དགེ་བཤེས་གཤེན་བསྟན་ལྷུན་གྲུབ། གར་ཚ་དགེ་བཤེས་ཤེས་རབ་རྒྱམ་མཚོ། འབྲུ་ཞིག་དགེ་བཤེས་བསམ་བརྟན་འགྱུར་མེད། དམར་ཙ་དགེ་བཤེས་བསྟན་འཛིན་ཕུན་ཚོགས། གཡུ་རལ་དགེ་བཤེས་ལུང་རྟོགས་བསྟན་པའི་རྒྱལ་མཚན། དབྲ་ཚ་དགེ་བཤེས་ཡེ་ཤེས་བློ་གྲོས་བཅས་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་པོའི་མཚན་གྱི་གཅོད་པན་སྤྱི་བོར་བསྩལ། ད་ལྟ་ཧོར་ཁྱུང་གཙོས་བོན་གྱི་བཤད་སྒྲུབ་འདུས་སྡེ་གང་མང་ཞིག་གི་སློབ་དཔོན་དང་དགེ་རྒན་ནི་ཡོངས་འཛིན་སློབ་དཔོན་དྲང་སྲོང་གཡུང་དྲུང་མཆོག་གིས་བསྐོ་བཞག་བྱས་པའམ་དངོས་སློབ་ཏུ་གྱུར་ཡོད་པ་ཟུར་ཙམ་ཞུས་ན། དམ་པ་ཁོང་གི་དངོས་སློབ་ཁྲི་བརྟན་ནོར་རྩེའི་དགེ་བཤེས་ཚངས་པ་བསྟན་འཛིན་མཆོག་ད་ལྟ་ཁྲི་བརྟན་ནོར་རྩེའི་ཡོངས་འཛིན་དཔོན་སློབ་རིན་པོ་ཆེའི་མཛད་འཕྲིན་སྐྱོང་བཞིན་ཡོད། ཁྲི་བརྟན་ནོར་རྩེའི་དགེ་བཤེས་ཚུལ་ཁྲིམས་བསྟན་འཛིན་མཆོག་ད་ལྟ་ཁྲི་བརྟན་ནོར་རྩེའི་སྒྲུབ་གྲྭའི་མཁན་པོ་ཡིན། སྨན་རིའི་དགེ་བཤེས་ཤེས་རབ་གཡུང་དྲུང་གཙུག་ཕུད་མཆོག་པེ་ཅིན་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སྐབས་བཞི་པའི་བོན་གྱི་དགེ་བཤེས་འབྲིང་རིམ་རབ་འབྱམས་པའི་གདན་ཞུས་སློབ་དཔོན་ཆེན་མོ་དང་ད་ལྟ་ཧོར་ཀླུ་དགོན་གཡུང་དྲུང་བདེ་ཆེན་གླིང་གི་སློབ་དཔོན་བཅས་ཡིན། ལུང་དཀར་དགེ་བཤེས་བསྟན་འཛིན་རྣམ་རོལ་མཆོག་ད་ལྟ་སྤུ་བླ་གཡུང་དྲུང་བསྟན་འཕེལ་གླིང་གི་དཔོན་སློབ་དང་སྐབས་བཞི་པའི་བོད་བརྒྱུད་མཐོ་སློབ་གྱི་བོན་གྱི་རབ་འབྱམས་སློབ་ཐོན་པ་ཡིན། ལུང་དཀར་དགེ་བཤེས་ལུང་རྟོགས་བསྟན་པའི་རྒྱལ་མཚན་མཆོག་ནི་སྐབས་བཞི་པའི་བོད་བརྒྱུད་མཐོ་སློབ་བོན་གྱི་རབ་འབྱམས་འཛིན་གྲྭའི་གདན་ཞུས་ལས་བྱེད་དང་ད་ལྟ་ཁྱུང་པོ་རི་བོ་རྩེ་དྲུག་དགོན་གྱི་སློབ་དཔོན་ཡིན། སྨན་རིའི་དགེ་བཤེས་ཡོན་ཏན་ཕུན་ཚོགས་མཆོག་ནི་ད་ལྟ་ཁྱུང་ཡུལ་ཀོ་རྒྱལ་དགོན་གྱི་དཔོན་སློབ་ཡིན། ཁྲི་བརྟན་ནོར་རྩེའི་དགེ་བཤེས་འཕགས་མཆོག་སེམས་དཔའ་མཆོག་ནི་ད་ལྟ་ཁྱུང་བོ་སྟེང་ཆེན་དགོན་གྱི་སྒྲུབ་གྲྭའི་མཁན་པོ་ཡིན། འདི་དག་ནི་དམ་པ་ཁོང་གིས་བསྐྱེད་བསྲིངས་མཛད་པའི་རྗེས་འཛིན་བཤད་སྒྲུབ་འཁོར་ལོ་གསུམ་གྱིས་རྒྱལ་བསྟན་སྲིད་པའི་དར་ཆེན་མཁའ་རུ་བསྒྲེང་བའི་བསྟན་འཛིན་གྱི་བུ་སློབ་ཚོགས་ཞིག་ཡིན། གཞན་ཡང་ཧོར་ཁྱུང་གཙོས་བོད་ཕྱོགས་ཀྱི་ཉམས་རྟོགས་བོན་གྱིས་ཕྱུག་པའི་བླ་སྤྲུལ་སྐྱེས་ཆེན་དང་དད་དམ་བཅོས་མིན་རང་རྒྱུད་སླན་པའི་མི་སྐྱ་ཕོ་མོ་ཕལ་ལ་དམ་པའི་ཞལ་གདམས་གསུང་གི་བདུད་རྩིས་རིགས་ཅན་གདུལ་བྱར་བོན་གྱིས་གྲོལ་བར་མཛད་པ་བཅས་སོ། །
དེ་རྗེས་དམ་པ་གང་གི་དངོས་སློབ་ལུང་དཀར་དགེ་བཤེས་གཤེན་བསྟན་ལྷུན་གྲུབ་མཆོག་གིས་ལོ་མང་རིང་དཀའ་སྤྱད་འབད་བརྩོན་འོག་བཤད་སྒྲུབ་འདུས་སྡེ་སྐྱོང་།

IMG_0065.jpg

   དེ་རྗེས་དམ་པའི་དངོས་སློབ་དབུ་རི་དགེ་བཤེས་ཚུལ་ཁྲིམས་འབྱུང་གནས་རིན་པོ་ཆེ་མཆོག་དགོན་འདིའི་བསྟན་བདག་བླ་མ་གནང་། སྤྱི་ལོ་༢༠༠༩ལོའི་ཟླ༤ཚེས་༥ཉིན་སྒྲུབ་གྲྭ་སྐྱར་འཛུགས་གནང་ཞིང་སྨན་རིའི་དགེ་བཤེས་དབུ་རི་སྦྱིན་པ་བསྟན་འཛིན་མཆོག་སྒྲུབ་གྲྭའི་མཁན་པོ་གནང་། དངོས་ཞུགས་སྒྲུབ་གྲྭ་བ་སོ་གཉིས་ཡོད། སྒྲུབ་གྲྭའི་གསོལ་ཟས་བཤད་སྒྲུབ་འདུས་སྡེས་སྦྱར་བ་མ་ཚད་ཟླ་རེར་འཚོ་བའི་ཁ་གསབ་ཀྱི་རོགས་དངུལ་ཀྱང་གནང་གི་ཡོད་པ་དང་སྒྲུབ་གྲྭའི་སྒྲིག་སྲོལ་ནི་༧དཔལ་ལྡན་ཁྲི་བརྟན་ནོར་རྩེའི་བཅའ་སྒྲིག་བཞིན་གནང་གི་ཡོད།

IMG_0048.jpg
དབུ་བླ་ཚུལ་ཁྲིམས་འབྱུང་གནས།
IMG_0055.jpg
སྒྲུབ་མཁན་སྦྱིན་པ་བསྟན་འཛིན།

   སྤྱི་ལོ་༢༠༡༣ལོའི་ཟླ་༤བའི་ཚེས་༧བཀྲ་ཤིས་དགེ་བའི་ཉིན་ལུང་དཀར་བསྟན་བདག་ཁྲི་འཛིན་རིན་པོ་ཆེ་ཚུལ་ཁྲིམས་འབྱུང་གནས་མཆོག་དང་སྒྲུབ་མཁན་རིན་པོ་ཆེ་སྨན་རིའི་དགེ་བཤེས་སྦྱིན་པ་བསྟན་འཛིན་རྣམ་གཉིས་དབུ་བཞུགས་ཐོག་གཤེན་གྱི་རྣལ་འབྱོར་སྒྲུབ་ཐོན་པ་ཉེར་གསུམ་འབྲས་རྟགས་བཞེས་པའི་རྟེན་འབྲེལ་མཛད་སྒོ་བསྡུས་པའོ། །

IMG_0074.jpg
IMG_0078.jpg

   ཟུར་བརྡའི་ཚུལ་དུ་ཞུ་རྒྱུ་ནི་ལུང་དཀར་མཁན་སློབ་རྣམ་པ་དང་དགོན་པའི་དོ་དམ་ལྷན་ཁང་དབུ་གཞུགས་ཐོག་གྲོས་ཆོད་བྱུང་བའི་མ་འོང་བཤད་སྒྲུབ་སྒོམ་གསུམ་གྱི་མཛད་འཆར་ནི། འདི་ལོའི་སྤྱི་ཟླ་༧ཚེས་༡༡བོད་ཟླ་༦པའི་ཚེས་༣ཉིན་བཤད་སྒྲུབ་སྒོམ་གསུམ་སྐྱར་བསྡུའི་དབུ་འཛུགས་དང་སྒྲིག་གསོལ་ནི་རྒྱལ་བ་སྨན་རིའི་བཅའ་སྒྲིག་བཞིན་གནང་རྒྱུ། ད་ཡོད་མིང་རྟགས་བཀོད་པའི་བཤད་གྲྭ་བ་སུམ་ཅུ་ལྷག་དང་སྒྲུབ་གྲྭ་བཅུ་ལྷག་དང་སྒོམ་གྲྭ་བཅུ་བཅས་ཁྱོན་འདུས་གྲྭ་ལྔ་བཅུ་ལྷག་ཡོད། བཤད་སྒྲུབ་སྒོམ་གསུམ་གྱི་གསོལ་ཆས་ནི་འདུས་སྡེ་གཞུང་ནས་སྤྲོད་རྒྱུ་མ་ཟད་ཟླ་རེར་འཚོ་བའི་འགྲོ་གྲོན་ཡང་གནང་གི་ཡོད་པ་དང་ཕྱོགས་གཞན་ནས་ཕེབས་མཁན་ཡོད་ན་འདུས་སྡེས་གང་ནུས་རོགས་རམ་ཞུ་རྒྱུ་བཅས་ལུང་དཀར་༧གཤེན་བསྟན་རིན་ཆེན་གླིང་བཤད་སྒྲུབ་འདུས་སྡེ་ནས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།