བླ་ཁྲི་མཁན་པོ་ཉི་མ་གྲགས་པ་མཆོག་གི་མཛད་འཕྲིན་གནད་བསྡུས།

[ཟླ་ཚེས། 2013-04-22 13:12:12][རྩོམ་པ་པོ། རྨེའུ་ཡོན་ཏན་མཐོང་གྲོལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

11.jpg

བླ་ཁྲི་མཁན་པོ་དགེ་བཤེས་ཉི་མ་གྲགས་པ་རིན་པོ་ཆེ་མཆོག་གིས་ཐེ་ལེན་རྒྱལ་ཁབ་ཏུ་མཛད་འཕྲིན་བསྐྱངས་པའི་གནས་ཚུལ་གནད་བསྡུས།

༢༠༡༣ལོའི་ཕྱི་ཟླ༣ཚེས༡༥ཉིན། ཐེ་ལེན་རྒྱལ་ཁབ་ཀྱི་སྟོང་སྐར་ཚོགས་པས་གདན་ཞུས་གནང་བ་བཞིན་རི་བོ་ཧི་མ་ལ་ཡའི་རུ་རྒྱུད་ཀྱི་དབེན་གནས་གཤེན་བསྟན་ཉིན་མོར་སྣང་བའི་དགའ་ཚལ་གདན་ས་ཆེན་པོ་རྒྱལ་བ་སྨན་རིའི་གླིང་ནས་བླ་ཁྲི་མཁན་པོ་དགེ་བཤེས་ཉི་མ་གྲགས་པ་རིན་པོ་ཆེ་མཆོག་(Latri Geshe Nyima Dakpa Rinpoche)དང་དགེ་བཤེས་སྦྱིན་པ་ཚེ་བརྟན་(Geshe Jinpa Tseten)རྣམ་གཉིས་བདེ་ལེགས་ངང་ཐེ་ལེན་ཌའི་རྒྱལ་ས་བྷན་ཁོག་ལ་འབྱོར། ཐེངས་འདིར་ཆེད་དུ་སྟོང་སྐར་ཚོགས་པའི་ལྟེ་གནས་ཀུན་སྒྲོལ་གླིང་དུ་(Kundrol Ling) Khadiravana Centerཚོགས་པས་བཞེངས་བཞིན་པའི་གཡུང་དྲུང་བཀོད་ལེགས་ཀུན་སྒྲོལ་ཞི་བདེའི་མཆོད་རྟེན་ཆེན་མོའི་(The Kundrol Great Stupa for Peace and Harmony)ལས་གཞི་ལ་སློབ་སྟོན་རོགས་འདེགས་བྱེད་པ་དང་། འབྲེལ་ཡོད་སློབ་མ་རྣམས་ལ་བོན་འཆད་གནང་ཞིང་སྒོམ་ཁྲིད་སྤེལ་བ། གཞན་ཅོས་ལ་ལུང་ཀོན་མཐོ་རིམ་སློབ་གྲྭ་ཆེན་མོ་(Chulakongkorn University)དང་སའི་རིས་ར་སྨན་ཁང་ཆེན་མོ་(Siriraj Piyamaharajkarun Hospital)སོགས་སུ་འཆད་ཁྲིད་གནང་བ་དང་སྤྱི་ཚོགས་གང་ལ་ཅི་ཕན་གྱི་དགེ་བའི་བསླབ་བྱ་གནང་བ་བཅས་ཐེངས་འདིར་གཟའ་འཁོར་གཉིས་ལྷག་ལ་ཡ་གླིང་ལྷོ་ཤར་ཐེ་ལེན་རྒྱལ་ཁབ་ཏུ་བསྟན་དང་འགྲོ་བའི་དོན་མཛད་འཆར་གནང་བའི་གནས་ཚུལ་གནད་བསྡུས་ཞིག་ཞུས་ན།

22.jpg

      ཕྱི་ཟླ༣ཚེས༡༦ཉིན། ཐེ་ལེན་རྒྱལ་ཁབ་ཀྱི་ཅོས་ལ་ལུང་ཀོན་མཐོ་རིམ་སློབ་གྲྭ་ཆེན་མོ་རུ་(Chulakongkorn University)ཉིན་གཅིག་གི་རིང་ཚོགས་ཞུགས་བརྒྱ་ལྷག་ལ་སྔ་དྲོ་༼སེམས་རྩལ་གྱི་ཕན་ནུས༽(The Power of the Mind) ཞེས་པའི་ཐོག་ནས་དེང་གི་སྤྱི་ཚོགས་དང་མི་ཚེའི་འཚོ་བའི་དཀའ་ངལ་དང་དགོས་འདུན་ལ་ཕན་ཆེད། སེམས་ཞི་བདེ་དང་ལྷོད་ཡངས་ལ་གནས་པའི་ཐབས་ཤེས་ཉམས་མྱོང་གསེག་གྲོལ་གྱི་སྒོ་ནས་སློབ་སྟོན་གསུང་བཤད་གནང་བ་དང་། ཕྱི་དྲོར་གཡུང་དྲུང་བོན་གྱི་ལོ་རྒྱུས་དང་འབྲེལ་ནས་མདོ་སྔགས་རྫོགས་གསུམ་གྱི་ལམ་གྱི་གཞུང་ལུགས་ལས་གཞི་ལམ་འབྲས་བུའི་སྒོམ་ཁྲིད་ཉམས་ལེན་སྐོར་ལ་ངོ་སྤྲོད་གཏིང་ཟབ་གནང་།

33.jpg

      ཕྱི་ཟླ༣ཚེས༡༧ཉིན། ཐེ་ལེན་རྒྱལ་ས་བྷན་ཁོག་གི་སྟོང་སྐར་ཚོགས་པའི་ཚོགས་ཁང་དུ་ (The Thousand Stars Foundation House) རྫོགས་ཆེན་ཨ་ཁྲིད་སྔོན་འགྲོའི་དམིགས་རིམ་དང་འབུམ་དགུ་བསགས་སྦྱང་གི་རྣམ་པ་ཉམས་སུ་ལེན་པའི་ཚུལ་སོགས་གསུངས་ཤིང་སློབ་མ་རྣམས་ཀྱིས་རེ་འདོད་བཞིན་བོད་ཀྱི་ཆོས་རིག་གང་ཐད་ནས་དོགས་སེལ་དྲི་བ་དྲིས་ལན་གནང་།

44.jpg

      ཕྱི་ཟླ༣ཚེས་༡༩-༢༢བར་ཉིན་བཞི་དང་མཚན་གསུམ་གྱི་རིང་། སྟོང་སྐར་ཚོགས་པའི་ལྟེ་གནས་ཀུན་སྒྲོལ་གླིང་དུ་ (Kundrol Ling) ཤེས་རབ་ཕར་ཕྱིན་༼རྒྱལ་ཡུམ་བྱམས་མ༽ཆེན་མོའི་རྒྱུན་སྤྱོད་ལག་ལེན་སྒྲུབ་ཐབས་སྐོར་ནས་འཆད་ཁྲིད་དང་། སློབ་མ་རྣམས་ཀྱིས་དུས་བཞིའི་ཉམས་ལེན་ལ་གཞོལ་ཞིང་རིན་པོ་ཆེ་ནས་སློབ་མ་ཚོར་དྲི་བ་དྲིས་ལན་བཏོན་ནས་རྒྱུད་ལ་གོ་བདེ་ཞིང་ཉམས་ལེན་རྒྱུན་སྤྱོད་གཉེར་ཐུབ་པའི་བསླབ་བྱ་མང་དུ་བཏོན་པ་དང་། འབྲེལ་ཡོད་བྱམས་མ་ཆེན་མོའི་ཕྱི་ནང་གསང་གསུམ་གྱི་ལོ་རྒྱུས་སོགས་རྒྱུད་སྡེ་སོ་སོའི་དམིགས་བསལ་གྱི་ཉམས་སུ་ལེན་པའི་གོ་རིམ་སོགས་གསལ་བོར་སྟོན་ཕྱིར་འཆད་ཁྲིད་གནང་།

55.jpg

      ཕྱི་ཟླ༣ཚེས་༢༣ཉིན། བླ་ཁྲི་མཁན་པོ་དགེ་བཤེས་ཉི་མ་གྲགས་པ་རིན་པོ་ཆེས་སྟོང་སྐར་ཚོགས་པའི་ལྟེ་གནས་ཀུན་སྒྲོལ་གླིང་དུ་(Kundrol Ling (Khadiravana Center) གཡུང་དྲུང་བཀོད་ལེགས་ཀུན་སྒྲོལ་ཞི་བདེའི་མཆོད་རྟེན་ཆེན་མོའི་བང་མཛོད་གཞལ་ཡང་ཁང་གི་གཙོ་བོའི་ནང་རྟེན་བདེར་གཤེགས་གཙོ་བཞིའི་ནང་ཚན་ལོངས་སྐུ་གཤེན་ལྷ་འོད་དཀར་གྱི་སྐུ་འདྲ་གསར་བཞེངས་ལེགས་འགྲུབ་བྱུང་བས། ཀུན་སྒྲོལ་གླིང་གི་སཱ་ལ་ནོར་བུའི་འོད་སྔོན་འགྲོའི་འདུ་ཁང་དུ་བཞུགས་གསོལ་རབ་གནས་གནང་ཤིང་། དེ་རྗེས་ལོ་ལྟར་དད་ལྔན་བསྟན་སྦྱིན་དམངས་ཚོགས་དགེ་སློབ་རྣམས་མཉམ་འཛོམས་ངང༼རྣམ་ལྔ་སྟོང་མཆོད་༽ཆེན་མོའི་ཚོགས་བསགས་མཆོད་འབུལ་གྱི་དུས་ཆེན་སྤེལ་བཞིན་ཡོད་པ་ནང་བཞིན། རིན་པོ་ཆེ་མཆོད་པ་རྣམ་ལྔའི་ཕན་ཡོན་དང་འབྲེལ་ནས་དགེ་བ་ཅི་བསགས་གཞན་ཕན་བྱང་ཆུབ་སེམས་ཀྱིས་རྩིས་ཟིན་དགོས་པའི་ཁྱད་པར་གྱི་དགེ་བའི་ཕན་ཡོན་གསུངས་རྗེས་ཞི་བདེའི་མཆོད་རྟེན་ཆེན་མོ་བཞེངས་བའི་ནང་ཁྱིམ་གཙོ་བོའི་ཀྭ་བ་དབུས་མ་ལ་ཚང་མས་མཉམ་དུ་ཚོགས་བསགས་དགེ་བའི་བསོད་ནམས་རླབས་ཆེན་ལ་དམིགས་ནས་ཨར་འདམ་བླུགས་པ་དང་། སྣང་སྲིད་སྣོད་བཅུད་ཞི་བདེར་དམིགས་པའི་འཛམ་གླིང་སྦྱི་བསང་ཆེན་མོ་གཏོང་ཞིང་བོད་ཀྱི་ལུགས་སྲོལ་བཞིན་བཀྲ་ཤིས་ལྷ་རྒྱལ་གྱི་ཕྱེ་མར་ཀི་ཀི་བསྭོ་བསྭོའི་ངང་དགུང་སྔོན་དབྱིངས་ལ་མཆོད།

66.jpg

      དེ་རྗེས་རིན་པོ་ཆེ་ནས་སྒོ་གསུམ་རྩེ་གཅིག་མོས་པས་རླབས་ཆེན་ཚོགས་གཉིས་བསགས་པའི་དགེ་བའི་ཕན་ཡོན་གསུངས་པ་དང་འབྲེལ་ནས། སྤྱིར་སྟོང་སྐར་ཚོགས་པའི་ཕྱོགས་བྲལ་རིས་མེད་བསྟན་པའི་དགོངས་བཞེད་དང་དམིགས་བསལ་འགྲོ་ཕན་གྱི་རྣམ་གྲངས་མང་དུ་སྤེལ་བ་སྤྱི་དང་ཁྱད་པར་ཡ་གླིང་ལྷོ་ཤར་ཐེ་ཆོས་ལྡན་རྒྱལ་ཁབ་ལ་རྒྱལ་བའི་ཐུགས་བསྟན་མཚོན་པའི་རྟེན་མཆོག་གཡུང་དྲུང་བཀོད་ལེགས་ཀུན་སྒྲོལ་ཞི་བདེའི་མཆོད་རྟེན་ཆེན་མོ་(The Kundrol Great Stupa for Peace and Harmony)མཐོ་ཚད་མུའུ་བདུན་ཅུ་དོན་གཉིས་ཀྱི་བདག་ཉིད་ཅན་དེ་རྒྱལ་དབང་ཀུན་གྲོལ་གྲགས་པ་རྩལ་གྱི་དགོངས་ཉམས་ཐིག་རིས་བཞིན། རིག་འཛིན་ཀུན་གྲོལ་ཧཱུྃ་ཆེན་སྐུ་སྲས་དམ་པ་གསང་སྔགས་རིག་པ་འཛིན་པའི་ཁྱུ་མཆོག་ལྷ་སྲས་མི་ཕམ་ཚོགས་གཉིས་རྒྱ་མཚོའི་ཞལ་བཞེད་ལྟར་སྟོང་སྐར་ཚོགས་གཙོ་མཁས་དབང་བསྐལ་བཟང་ཟླ་བ་མཆོག་ (Dr. Krisadawan Hongladarom)དང་རྨེའུ་ཡོན་ཏན་མཐོང་གྲོལ་(Mr. Meu Yontan Tongdrol)རྣམ་གཉིས་གཙོས་འབྲེལ་ཡོད་གང་ལ་སུ་བཞུགས་པའི་དགེ་སློབ་མཆོད་ཡོན་རྣམས་ནས་སྒོ་གསུམ་གྱི་འབད་པ་དངོས་སུ་གསར་བཞེངས་གནང་བའི་དགེ་བའི་མཛད་འཆར་ལ་རྗེས་སུ་ཡིད་རིང་དང་། རྟེན་བཞེངས་འདི་འདྲ་མི་གཅིག་གཉིས་ཞིག་གི་ལས་འགན་ཙམ་མིན་པར་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་ཁྱད་པར་སེམས་ཅན་འདི་ཕྱི་ཞི་བདེ་བའི་དགོས་འདུན་ལ་དམིགས་བའི་བླ་སློབ་ལས་དང་བསོད་ནམས་ལྡན་པའི་མཆོད་ཡོན་ཚང་མས་བསོད་ནམས་ཀྱི་ཞིང་ཉག་གཅིག་ཡིན་པས་རང་ནུས་གང་ཡོད་ཀྱིས་སློབ་སྟོན་རོགས་འདེགས་དང་གཞན་ལ་དགེ་བསྐུལ་བྱེད་ངེས་ཞེས་གསུང་ཤིང་ཉིན་དེར་ཁོང་གིས་འབྲེལ་འཇོག་ཐེ་སྒོར་འབུམ་གཅིག་གནང་ཞིང་། གཞན་མཆོད་རྟེན་ཐིག་རྩའི་རི་མོ་བ་ཆེད་མཁས་སྐུ་ཞབས་ཅོན་ལགས་དང་ལས་གཞིའི་འཆར་འགོད་པ་སྐུ་ཞབས་མེ་ཐས་ལགས། འཛུགས་སྐྲུན་སྡེ་ཁག་གི་གཙོ་འགན་ཆེན་མོ་ཆེད་མཁས་སྐུ་ཞབས་བས་བསྭོ་ལགས་བཅས་ལ་མཆོད་རྟེན་ཆེན་མོ་བཞེངས་པར་ཕྱི་ནང་གསང་བའི་བར་ཆད་ཟློག་ཤིང་མཐུན་རྐྱེན་ལེགས་ཚོགས་འཕེལ་བའི་བྱིན་རླབས་དང་ཡི་དམ་ལྷ་དང་སྲུང་མ་ས་བདག་ཡུལ་ལྷ་རྣམས་ཀྱིས་སྡོངས་གྲོགས་དགོས་པའི་འཕྲིན་བཅོལ་གནད་སྨིན་དང་བྱ་བ་ལེགས་འགྲུབ་ཀྱི་སྨོན་ལམ་སོགས་གནང་བས་དགེ་སློབ་ཚང་མ་དགའ་མགུ་ཡིད་རིང་ངང་བཀྲ་ཤིས་བདེ་ལེགས་བྱུང་།

77.jpg

       ཕྱི་ཟླ༣ཚེས་༢༤ཉིན། སྟོང་སྐར་ཚོགས་པའི་ལྟེ་གནས་སྒྲོལ་གླིང་ནས་སྔ་དྲོ་ཚེ་ཐར་སྲོག་བླུའི་ཕན་ཡོན་གསུངས་པ་དང་། སེ་ར་ཡཱ་མཚོ་གླིང་དུ་འཛམ་གླིང་ཞི་བདེ་དང་སེམས་ཅན་རྣམས་ཚེ་རིང་བོར་འཚོ་བའི་ཆེད་དུ་དགེ་བར་དམིགས་ནས་དགེ་སློབ་བསྟན་སྦྱིན་མཉམ་དུ་ཉ་འབུམ་གཉིས་ལྷག་ཚེ་ཐར་སྲོག་བསླུ་གནང་ཞིང་བཀྲ་ཤིས་བསྔོ་སྨོན་གནང་བའི་མཛད་གནང་།  ཕྱི་དྲོ་སྐུ་ཞབས་དྷ་རིས་མེ་ཟོའོ་ལགས་ཀྱིས་གཙོ་གཉེར་གནང་བཞིན་པའི་རྒྱལ་སྤྱིི་ཞི་བདེའི་སྐྱེད་ཚལ་གླིང་ག(International Peace Park )རུ་གདན་ཞུས་དང་རིན་པོ་ཆེ་ནས་རྟེན་འབྲེལ་མཚོན་བྱེད་ཁོའི་རེ་འདོད་ལྟར་ལྗོན་ཤིང་གསར་འཛུགས་གནང་བ་དང་སེམས་ཀྱི་ཞི་བདེ་ཞེས་པའི་ཐོག་ནས་གསུང་བཤད་གནང་།

 88.jpg

      ཕྱི་༣ཚེས་༢༥--༢༩བར་ཉིན་ལྔ་དང་མཚན་བཞི་ལ། ཀུན་སྒྲོལ་གླིང་དུ་ལོ་གསུམ་ལ་ཐུན་མོང་མ་ཡིན་པའི་ཉམས་ལེན་རྫོགས་པ་ཆེན་པོའི་སྦྱངས་གཞིའི་ནང་ཚན་གྲུབ་དབང་ཤར་རྫ་རིན་པོ་ཆེའི་གསུང་༼རྫོགས་པ་ཆེན་པོ་ཀུན་བཟང་སྙིང་ཏིག་༽(The Heart Drops of the Dharmakaya (Kunsang Nyingtig)ལས་ཉམས་ལེན་སྒོམ་ཁྲིད་ཀྱི་རིམ་པ་རྣམས་གསུང་ཤིང་འཁོར་འདས་རི་ཤན་གྱི་སྒོ་ནས་སེམས་ཁྲིད་གནང་བ་དང་ཉིན་རེ་ལ་ཐུན་བཞིའི་སྡེ་སྤེལ་ཞིང་དྲི་བ་དྲིས་ལན་གྱི་རྣམ་པས་སྦྱོང་བརྡར་སྤྲད་པ་སོགས་བཀའ་འདྲི་དང་དོགས་སེལ་གནང་ནས་སློབ་མ་རྣམས་ཀྱི་རྒྱུད་ལ་ཉམས་ལེན་གྱི་བྱེད་ཐབས་གསལ་བོར་ངེས་པས་ཐབས་ལམ་རྒྱུགས་ལེན་གནང་བ་སོགས་འབྲེལ་ཡོད་རྫོགས་པ་ཆེན་པོའི་གཞི་ལམ་འབྲས་བུའི་རྣམ་བཞག་སོགས་གཏིང་ཟབ་ལ་གོ་གསལ་བའི་ངང་ནས་ར་སྤྲོད་གནང་བས་བཀའ་དྲིན་སྩལ་བས་སློབ་མ་ཚོར་རང་རྣལ་འབྱོར་བའི་ཉམས་ལེན་ལ་གཞོལ་བའི་འདུན་པ་གོང་དུ་འཕེལ།

99.jpg

      ཕྱི་ཟླ༣ཚེས༣༠ཉིན། ཐེ་ལེན་རྒྱལ་ས་བྷན་ཁོག་གི་སའི་རའི་ར་སྨན་ཁང་ཆེན་མོ་རུ་(Siriraj Piyamaharajkarun Hospital) ༼བྱམས་དང་སྙིང་རྗེ་ཆེན་པོའི་ཕན་ནུས༽(Healing through Compassion)ཞེས་པའི་སྐོར་ནས་ནད་པ་རྣམས་ཀྱིས་སེམས་ཁམས་ལ་ཕན་པའི་གསུང་འཕྲིན་དང་། ནད་པ་དང་སྨན་པ་ནད་གཡོག་དང་ནང་མི་ཉེ་འབྲེལ་སོགས་ནས་སེམས་ཀྱི་བརྩེ་བ་དང་ནད་པའི་སྡུག་བསྔལ་ལ་བསམ་པའི་སྙིང་རྗེ་བཅོས་མ་མ་ཡིན་པ་དེས་ཕན་ནུས་ཀྱིས་ནད་པར་སེམས་ཤུགས་བསྐྲུན་ཞིང་ནད་མྱུར་དུ་ཡར་དྭངས་ཡོང་བར་ཕན་པ་དང་། བོད་ལ་མཚོན་ན་ནད་སྨན་གྱིས་བཅོས་ཐབས་དང་གདོན་ལ་ཆོས་ཀྱི་བཅོས་ཐབས་སོགས་བྱས་ཚེ་ནད་པའི་སེམས་ལྷོད་ལ་འབེབས་པའི་དགོས་པ་དང་ཕན་ཐོག་ནས་ནང་སེམས་ལ་ཕན་པའི་བསླབ་བྱ་མང་དུ་གསུང་ཤིང་དྲི་བ་དྲིས་ལན་གནང་།

110.jpg110.jpg

       ཉིན་རྒྱབ་ཏུ་སྟོང་སྐར་ཚོགས་པའི་ཚོགས་མི་རི་མོའི་སྒྱུ་རྩལ་བ་སྐུ་ཞབས་ཨེད་བོད་མིང་ཨེ་མ་ཧོ་ཡིས་རྒྱལ་པོ་ར་མ་ཎའི་རྟོགས་བརྗོད་ལས་ལྷ་ཆེན་སྐོར་གྱི་སྒྲུང་འགའ་གནའ་དེང་ཟུང་འབྲེལ་དང་རང་གིས་ཀྱང་རྟོགས་བཟོ་ཁ་བསྣོན་བྱས་པའི་དམིགས་བསལ་རི་མོ་དགུ་སེ་རིན་དྷིས་ཡ་པར་བསྐྲུན་ཁང་(Serindia Publications)གིས་ཆེད་དུ་བཤམས་སྟོན་གནང་བར་གཟིགས་མོར་ཕེབས་པ་བཅས་སོ།།

111.jpg

      དེ་བཞིན་བླ་ཁྲི་མཁན་པོ་དགེ་བཤེས་ཉི་མ་གྲགས་པ་རིན་པོ་ཆེ་ཐེ་ལེན་རྒྱལ་ནང་དུ་ཉིན་བཅོ་ལྔའི་རིང་ཁོང་གི་འཆད་ཁྲིད་རྣམས་དབྱིན་སྐད་དུ་གསུང་ཤིང་མཁས་དབང་ལྕམ་བསྐལ་བཟང་ཟླ་མཆོག་ནས་ཐེ་ལེན་སྐད་བསྒྱུར་བ་བཅས་བསྟན་འགྲོར་ཕན་པའི་དགེ་ཞིང་ལེགས་པའི་བྱ་བཞག་རྣམས་ལེགས་པར་འགྲུབ་ནས་ཟླ་༤ཚེས་༡ལ་རྒྱལ་བ་སྨན་རིའི་གླིང་དུ་ལོག་ཕེབས་པ་བཅས་ཀྱི་གནས་ཚུལ་མདོར་བསྡུས་དགེའོ།།

----------རྨེའུ་ཡོན་ཏན་མཐོང་གྲོལ་གྱིས་ཐེ་ལེན་སྟོང་སྐར་ཚོགས་པའི་ལྟེ་གནས་ཀུན་སྒྲོལ་གླིང་ནས་བྲིས། -----

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།