གཡས་རུ་མཁར་སྣའི་ལོ་རྒྱུས་མདོར་བསྡུས་ཚིགས་སུ་བཅད་པ།

[ཟླ་ཚེས། 2023-11-10 10:34:22][རྩོམ་པ་པོ། ལོ་རྒྱུས་རྩོམ་སྒྲིག་ཚན་ཁག][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


༄༅། །བསྟན་པ་ཡང་དར་སྐབས་ཀྱི་གཡས་རུ་མཁར་སྣའི་ལོ་རྒྱུས་མདོར་བསྡུས་ཚིགས་སུ་བཅད་པ།

  ༄༅། །ཡངས་པའི་ས་ཆེན་ཞིང་གི་ལུས་ཅན་ཀུན། །མངོན་མཐོ་ངེས་ལེགས་གོ་འཕང་འགོད་པའི་ཆེད། །བོན་སྒོ་བརྒྱད་ཁྲིའི་བཀའ་འཁོར་བསྐོར་མཛད་པ། །སྟོན་མཆོག་རྣམ་འདྲེན་གཤེན་རབ་མི་བོ་རྒྱལ། །རིག་འཛིན་གྲུབ་ཆེན་བྱིན་གྱིས་རླབས་པའི་གནས། །བྲུད་ཀྱི་མཁར་གདོང་འདུ་གནས་ཉམས་དགའ་རུ། །གཡས་རུའི་མཁས་གྲུབ་སྟོན་པ་བཅོ་བརྒྱད་རིང། །རྫོགས་ཆེན་སྒོམ་སྒྲུབ་འདུས་སྡེ་རྒྱ་ཆེར་འཕེལ། །རྒྱལ་བ་གཉིས་པ་མཉམ་མེད་བླ་མ་སོགས། །གདན་སའི་མཁན་སློབ་རིམ་བྱོན་བཞུགས་མཛད་དེ། །མདོ་སྔགས་གསལ་བྱེད་གཞུང་ལུགས་མང་དུ་བརྩམས། །ཁྱད་པར་འགྲོ་མགོན་ཤེས་རབ་གཡུང་དྲུང་གིས། །དགོན་གནས་རྒྱ་བསྐྱེད་སྒོམ་སྒྲུབ་འདུས་སྡེ་བསྐྱངས། །གདན་སར་ཁྲི་འཛིན་རྒྱལ་ཚབ་བདུན་བྱོན་ཞིང་། །གཞན་ཡང་མཁར་སྣའི་དགེ་སློང་རྣམ་གསུམ་གྱིས། །བསྟན་པའི་ལས་ཀུན་བཀའ་དྲིན་རྒྱ་ཆེར་མཛད། །སྒོམ་སྒྲུབ་ཉམས་ལེན་འདུས་སྡེ་དར་ཞིང་རྒྱས། །འོན་ཀྱང་རིག་གསར་དུས་འགྱུར་ལས་འགུལ་སྐབས། །དགོན་འདིའི་རྟེན་རྣམས་ཉམས་རྒུད་ཚབས་ཆེན་ཐེབས། །བསླུ་མེད་ལས་དང་སྐྱབས་གནས་བདེན་པའི་མཐུས། །མཁར་སྣའི་དགེ་སློང་རྣམ་རྒྱལ་ཕུན་ཚོགས་མཆོག །སྐུ་ཚ་ཞང་ཞུང་བསྟན་འཛིན་རྒྱལ་མཚན་གྱི། །ཁྱིམ་མི་རྣམས་ཀྱིས་གཅེས་ཉར་བཀའ་དྲིན་གྱིས། །དགོན་འདིའི་རིག་དངོས་རྟེན་གསུམ་ཁྱད་འཕགས་རྣམས། །ཁོ་བོ་ཤེས་རབ་སྨོན་ལམ་བདག་ལ་རྩིས་སྤྲད་གནང་། །ཆིག་དགུ་གྱ་གཉིས་ལོ་རུ་རྒྱལ་ཡོངས་སུ། །ཆོས་དད་རང་མོས་བསྐལ་བཟང་མངོན་ཤར་བས། །གདན་ས་ཁག་ཀྱང་རིམ་གྱིས་བསྐྱར་བཞེངས་གནང་། །ཁྱད་པར་གཡས་རུ་མཁར་སྣ་དགོན་འདི་ཉིད། །ཞང་ཞུང་དྲང་སྲོང་ཤེས་རབ་སྨོན་ལམ་གྱིས། །སྤྱི་ལོ་ཆིག་དགུ་གྱ་དྲུག་ལོ་འགོ་རུ། །གྲྭ་ས་གོང་མ་བཀྲ་ཤིས་སྨན་རིར་ཕྱིན། །གོང་མའི་སྲོལ་བཞིན་གཙང་གཙུག་སྡོམ་པ་བླངས། །སྨན་རིའི་སྒྲུབ་ཁང་ལྷ་མཆོད་ལོ་འགའ་བྱས། །དེ་ནས་གདན་ས་གཡུང་དྲུང་གླིང་དུ་ཕྱིན། །རྒྱལ་ཚབ་དཔོན་སློབ་ཀུན་བཟང་བློ་གྲོས་ལས། །བསྙེན་རྫོགས་ཞུས་ཏེ་མཁས་མང་འདུས་སྡེའི་ཞིང་། །མདོ་སྔགས་སེམས་སྡེའི་རིག་གཞུང་ཐོས་བསམ་བྱས། །ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེ། །ཆོས་ཀྱི་རྒྱལ་མཚན་མཆོག་ཉིད་བསྟན་འགྲོའི་དོན། །གངས་ལྗོངས་ཡུལ་གྲུ་ཁག་ཏུ་གཟིགས་ཞིབ་མཛད། །ཁྱད་པར་གདན་ས་གཡུང་དྲུང་གླིང་དགོན་དུ། །ཞབས་ཀྱིས་བཅག་སྐབས་ཐུགས་རྗེའི་བརྩེ་གཟིགས་ཀྱིས། །གདན་ས་བར་མ་གཡས་རུ་མཁར་སྣ་ནི། །གཡུང་དྲུང་བོན་གྱི་རྩ་བའི་གནས་ཡིན་པས། །བསྟན་རྒྱུན་སྐྱོང་སྟེ་ངེས་པར་ཉམས་གསོ་རུ། །དགོས་པའི་བཀའ་སློབ་གནད་སྨིན་གནང་བ་ལྟར། །གདན་ས་གོང་འོག་བསྟན་བདག་དབུ་བླ་དང་། །འཛིན་སྐྱོང་ལྷན་གཙོ་རྣམས་ཀྱིས་དགོངས་བཞེས་ཏེ། །ཞང་ཞུང་ཤེས་རབ་སྨོན་ལམ་ཁོ་བོ་ལ། །གཡས་རུ་མཁར་སྣའི་བསྟན་རྒྱུན་སྐྱོང་དགོས་ཞེས། །བཀའ་ཕེབས་ནན་བསྐུལ་བདག་གིས་དང་བླངས་ཏེ། །བླ་ཆེན་དྲན་པའི་སྒྲུབ་གནས་འོད་གསལ་ཕུག །མི་ལོ་སུམ་ཅུ་ལྷག་ཙམ་སྒོམ་སྒྲུབ་བྱས། །གངས་དཀར་ཏི་སེ་ལ་སོགས་དབུས་གཙང་གི །གནས་ཆེན་རི་མཚོ་ཕལ་ཆེར་རྐང་ཐང་དུ། །མཇལ་སྐོར་བྱས་ཏེ་ཕྱག་བསྐོར་སྒྲིབ་སྦྱོང་བྱས། །སངས་རྒྱས་བསྟན་དང་འགྲོ་ཀུན་བདེ་སྐྱིད་ཆེད། །དགོངས་གཞི་དགོས་པ་རྒྱ་ཆེ་ལ་བསམ་སྟེ། །སྤྱི་ལོ་ཉིས་སྟོང་བདུན་གྱི་ལོ་འགོ་རུ། །བསྐྱར་བཞེངས་ཆོག་མཆན་གོང་རིམ་སྲིད་གཞུང་ལ། །སྙན་ཞུ་ཕུལ་བས་ཉིས་སྟོང་བཅུ་གཅིག་ལོར། །བོད་ལྗོངས་མི་རིགས་ཆོས་དོན་ལྷན་ཁང་གིས། །ཐུགས་ཁུར་ཟབ་བཞེས་བཀའ་དྲིན་ལེགས་བྱས་ལས། །ཁྲིམས་མཐུན་ཆོས་ལུགས་བྱེད་སྒོ་སྤེལ་གནས་ཀྱི། །ཆོག་མཆན་བཀའ་ཡིག་དངོས་སུ་ཕྱག་ཏུ་འབྱོར། །

  སྤྱི་ལོ་ཉིས་སྟོང་བཅུ་བཞིའི་ཟླ་བརྒྱད་པའི། །ཚེས་པ་བཅོ་ལྔའི་ཉིན་མོར་གོང་རིམ་ལ། །དགོན་པ་བསྐྱར་བཞེངས་བྱེད་རྒྱུའི་སྙན་སེང་ཞུས། །བོད་ཟླ་དགུ་པའི་ཡར་ཚེས་བརྒྱད་ཉིན་མོར། །ཐུགས་ཁུར་ཆོག་མཆན་བཀའ་ཡིག་དངོས་སུ་འབྱོར། །དགུན་གྱི་རིང་ལ་ཤིང་ཆ་དབོར་འདྲེན་བྱས། །བསྟན་པའི་དོན་དུ་ངལ་བ་ཚད་མེད་མྱངས། །འགྲིམ་འགྲུལ་སྟབས་བདེ་མེད་པས་དཀའ་ངལ་ཆེ། །སྤྱི་ལོ་ཉིས་སྟོང་བཅོ་ལྔའི་ཟླ་བཞི་པའི། །ཚེས་བརྒྱད་རྒྱལ་ཕུར་འགྲུབ་སྦྱོར་ཉིན་བཟང་ལ། །རིམ་གྱིས་འདུ་ཁང་རིན་ཆེན་གླིང་ཁ་སོགས། །དགོན་སྡེ་བསྐྱར་བཞེངས་ལས་འགོ་དབུ་འཛུགས་ཞུས། །ཕྱི་རྟེན་ཚོགས་ཆེན་འདུ་ཁང་ཐོག་བརྩེགས་དང་། །བླ་བྲང་སྒྲུབ་ཁང་གྲྭ་ཤག་ཁོར་ཡུག་སོགས། །རིམ་བཞེངས་ནང་རྟེན་རིན་ཆེན་ཟངས་གསེར་ལས། །གྲུབ་པའི་སྐུ་བརྙན་ཆེ་ཆུང་བརྒྱ་ཕྲག་བཞུགས། །ལྡེབས་རིས་ལག་བྲིས་རྡོ་ཚོན་ཁོ་ན་ཡིས། །བདེར་གཤེགས་སྟོང་སྐུ་གསས་མཁར་མཆོག་ལྔ་དང་། །བོན་སྐྱོང་སྲུང་མའི་སྐུ་བརྙན་ལེགས་བྲིས་དང་། །སྒོ་འཕྱོར་ནང་དུ་རྟག་གཟིགས་ཞིང་བཀོད་དང་། །རྒྱལ་ཆེན་སྡེ་བཞི་སྙན་ངག་སྒྲ་འཁོར་སོགས། །སྲོལ་རྒྱུན་མཛེས་རྩལ་ལེགས་བྲིས་ངོ་མཚར་རྒྱན། །འགྲིམ་འགྲུལ་གཡང་གཟར་ཀྱག་ཀྱོག་ཆེ་བས་ན། །ཉིས་སྟོང་བཅོ་བརྒྱད་འགྲིམ་འགྲུལ་སྡེ་ཁག་ལ། །གཞུང་ལམ་བཟོ་རྒྱུའི་ཆོག་མཆན་སྙན་ཞུ་ཕུལ། །བོད་ཟླ་བརྒྱད་པའི་ཚེས་པ་བཅོ་བརྒྱད་ཉིན། །སྤེན་པ་སྣར་མའི་འགྲུབ་སྦྱོར་ཚེས་བཟང་ལ། །རླངས་འཁོར་བགྲོད་ལམ་དངོས་སུ་འཛུགས་སྐྲུན་བྱས། །མཆོད་ཁང་བཀྲ་ཤིས་འོད་འབར་བསྐྱར་དུ་བཞེངས། །ནང་དུ་རིན་ཆེན་གསེར་དངུལ་ལས་གྲུབ་པའི། །བླ་རབས་གོང་མ་རྣམས་ཀྱི་སྐུ་གདུང་དང་། །སྐུ་བརྙན་ཆེ་ཆུང་ལ་སོགས་གྲང་མང་བཅས་། །རྒྱལ་བའི་གསུང་རབ་བཀའ་དང་བཀའ་བརྟེན་བཞུགས། །སྟེང་དུ་གསེར་འཕྲུ་རྒྱ་ཕིབས་རྒྱལ་མཚན་དང་། །གསེར་ཟངས་རི་དྭགས་བོན་འཁོར་པད་རྒྱན་མཛེས། །སྐྱབས་གནས་ཐུགས་རྗེའི་བཀའ་དྲིན་ཟབ་མོ་དང་། །ཚོགས་སྦྱོར་རྒྱུ་ཡི་ཡོན་བདག་མཐུན་རྐྱེན་གྱིས། །རྟེན་དང་བརྟེན་པའི་བཀོད་པ་ལེགས་འགྲུབ་བྱུང་། །གཤེན་བསྟན་རྣམ་རྒྱལ་ཀུན་གྲགས་གླིང་དགོན་གྱི། །སློབ་དཔོན་ཀུན་བཟང་བློ་གྲོས་དཔལ་བཟང་པོ། །མཆོག་གི་སློབ་མ་ཡོངས་ཀྱི་ཐ་ཤལ་བ། །དགོན་འདིའི་བསྟན་པ་ཡོངས་རྫོགས་འགན་བླངས་པ། །ཞང་ཞུང་ཤེས་རབ་སྨོན་ལམ་འབོད་པ་དེས། །གདན་ས་གཡས་རུ་མཁར་སྣའི་གླིང་དགོན་གྱི། །བསྟན་པའི་བ་དན་མཁའ་ལ་ཕྱར་ཐུབ་པ། །སྤྱི་མཐུན་ལས་དང་དགེ་བའི་བསོད་ནམས་ཀྱི། །ཚོགས་བསགས་བསམ་ནས་བསྟན་དོན་བྱ་བ་ཡི། །མ་ཡིན་ཡིན་ཚུལ་བྱེད་ནས་རྫུས་གཟོ་མིན། །རང་རྣམ་མདོར་བསྡུས་ཙམ་ཞིག་དྲང་པོའི་གཏམ། །བདེན་པའི་ལམ་ནས་ཡི་གེར་བཀོད་པ་དགེ །སྤྱི་ལོ་ཉིན་སྟོང་ཉི་ཤུ་རྩ་གསུམ་ལོའི། །བོད་ཟླ་དགུ་པའི་ཡར་ཚེས་བཟང་པོ་ཉིན། །གཡས་རུས་མཁར་སྣའི་བླ་བྲང་ནང་དུ་བྲིས། །བཀྲ་ཤིས། དགེའོ། །བྱིན་ཆེའོ། །


 

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།