སྒར་ཁང་དགོན།
[ཟླ་ཚེས། 2022-05-15 11:12:20][རྩོམ་པ་པོ། རྨ་རོང་ཁྲི་གཙུག་རྒྱལ་མཚན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
དབྲ་རིགས་ཁྱུང་སེར་རྒྱལ་པོའི་གདན་ས་སྒར་ཁང་ཤྭ་བ་ཡུ་མོ་རྫོང་ངམ་སྒར་ཁང་དགོན་གྱི་བྱུང་བ་མདོར་བསྡུས།
སྤྱིར་ཁྱུང་པོའི་གདུང་རྒྱུད་དམ་མི་རབས་ནི་སྟོད་ཞང་ཞུང་ཁ་ཡུག་གི་ཡུལ་ནས་དབུས་གཙང་དང་མདོ་ཁམས་སོགས་ལ་གྲོལ་ཚུལ་སྐོར་ཁྱུང་རབས་ཡིག་ཚང་ཁག་ལས་ཁ་གསལ་པོ་འཁོད་པར་བརྟེན་འདིར་ཡིག་ཚོགས་སྐྱུང་བའི་ཆེད་དུ་བཤད་པའི་ངལ་བ་མི་བྱེད། བྱེ་བྲག་ཁྱུང་སེར་སྒར་ཁང་རྫོང་ནི་དུས་རབས་ནམ་ཞིག་ལ་བླ་མ་སུས་ཕྱག་བཏབ་བམ་ཞེ་ན། འབྲི་གུང་གཅུང་པ་རིན་པོ་ཆེ་འདས་ཁར་ཞལ་ཆེམས་སུ་སོག་ཡུལ་ནས་ཁྱུང་ཨ་བླ་ཤྭ་བ་རང་གྲོལ་ཚུར་གདན་འདྲེན་ཞུས་ནས་ཕེབས་སྒར་ཐོག་ཏུ། “རི་གླང་ཆེན་འགྱིང་འདྲའི་ཁུག་སོ་རུ།། ཤྭ་ཡུ་མོའི་ཤེའུ་སྐུང་བྱེད་འདྲའི་སར།། སྒར་ཁང་གསེར་སྒོ་ཁྲ་མོ་བཏབ”ཞེས་གསུང་པར་གནའ་མིའི་ངག་སྒྲོས་རྒྱུན་འབྱམས་སུ་བཤད་བཞིན་ཡོད། ད་ལྟ་ཡིག་ཚང་ཁག་མཇལ་ནའང་འབྲི་གུང་གཅུང་རིན་པོ་ཆེ་དང་ཁྱུང་པོ་གཉིས་འབྲེལ་བ་ཆེན་པོ་ཡོད་པ་སོགས་ལ་དཔྱད་ན་ཚིག་དེ་གཞི་འཛིན་ས་ཡོད་པའི་དན་རྟགས་ཤིག་རེད། གཞན་ཡང་སྟེང་ཆེན་ཁུལ་དུ་ཁྱུང་པོའི་སྒར་སའམ་གཞིས་ཐོག་མ་ཆགས་ས་སྒར་ཁང་ཞེས་པའི་ས་ཆ་འདིར་ཡིན་པའི་ཚོད་བགམས་བྱས་ན་མི་ཆོག་པ་མེད་དེ། སྐབས་དེ་དུས་ཁྱུང་པོ་རྒྱ་ཚ་སྤུན་དྲུག་སོགས་ཁྱུང་པོ་རྣམས་དབུས་ཀྱི་བྱེའུ་ལུང་མདའ་ལ་རས་གུར་དང་ནག་ཚང་ལ་བསྟེན་ནས་སྡོད་སྐབས། ཧོར་དོར་རྟ་ནག་པོའི་དམག་གིས་དབུས་ཀྱི་བྱེའུ་ལུང་མདའ་ནས་ཁྱུང་པོའི་སྒར་ས་གཏོར་ཏེ་ལ་ལ་བསད་ལ་ལ་ས་མཐའ་བྲོས་དགོས་བྱུང་དུས། དགོན་པ་དང་ཁྱིམ་གཞིས་སྦྲ་གུར་ལ་བསྟེན་ནས་ས་ཚུགས་གང་སར་སྒར་གྱི་རྣམ་པ་ཆགས་ཀྱིན་ཡོད། རྗེས་སུ་འབྲི་གུང་གཅུང་རིན་པོ་ཆེའི་བཀས་བཀོད་ལྟར་སོག་ཡུལ་ནས་ཁྱུང་ཨ་བླ་གདན་དྲངས་ནས། འདན་ར་ཐག་དང་ཚ་བ་སྒང་སོགས་སྒར་དང་དགོན་པ་ཆགས་ནས་རིམ་བཞིན་ལྷོ་ལམ་བརྒྱུད་དེ། མཇུག་མཐར་ད་ལྟའི་སྒར་ཁང་གི་བླ་བྲང་ཡོད་སར་སྒར་རམ་སྦྲ་གུར་ཕུབ་སྟེ་སྒར་གཞིས་ཐོག་མར་ཆགས་པ་ལ་བརྟེན་ནས་སྒར་ཁང་ཞེས་པའི་མིང་དེ་ཐོག་པར་སྙམ། མ་ཟད་ཨ་བླ་དང་ནང་ཆེན་གྲགས་པ་གཉིས་སྒར་ཁང་དུ་གདན་གཅིག་ཏུ་འཛོམས་ཏེ། གོང་མ་སེ་ཆེན་ཧོར་གྱིས་མདོ་ཁམས་སྤྱིའི་བླ་དཔོན་གྱི་མཚན་མིང་གནང་ནས་སྟོད་འབྲི་གུང་ཇོ་བདལ་ཕྱིན་ཆད། སྨད་ཚ་བའི་ཁེབ་སོ་ཡན་ཆད་བོན་སྲིད་ཀྱི་འགྲོ་དོན་བསྐྱངས་ཡོད་པ་ཁྱུང་རབས་ཚད་ལྡན་དང་ངག་རྒྱུན་གཉིས་ཞལ་མཐུན་པར་འདུག་སྟེ། ཁྱུང་པོ་བླ་ཆུང་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི་<<ཁྱུང་པོའི་ལོ་རྒྱུས་དཀའ་ཆབ་ཆེན་མོ>>ལས། “འགྱི་རྐེ་འདོར་གསུམ་གཡུ་གཤིས་ལ་སོགས་འབྲི་སྟོད་རྣམས་བཟུང་། ནང་ཆེན་གྲགས་པས་གཡུ་གཤིས་ལྷ་ཁང་དགོན་པ་མཛད། དེ་ཡང་ཡང་ནས་མི་སྡེ་ལྷོ་རྫ་ཡར་བུད་ནས། ཚ་བ་སྒང་ནས་ཡུལ་བཟུང་། ནང་ཆེན་གྲགས་པ་དང་བྱང་ཤེས་ཁུ་དབོན་གཉིས་ཀྱིས་ཚ་བ་སྒང་གི་གུར་ཁྱིམ་ན་དགོན་པ་བཏབས། དེ་སྤོས་པ་དང་རྒྱ་འབྲོང་ན་དགོན་བཏབས། དེ་ནས་ཡང་འབོག་གདུང་ན་དགོན་པ་བཏབས། དེ་རྣམས་ཚ་བ་སྒང་ན་ཡིན། རྒྱ་འབྲོང་ན་དགོན་པ་ལྷ་ཁང་བང་རྟང་རྟ་ར་ལ་སོགས་ནན་ལྟར་གཞི་འཇག་ནས་ཡོད་པ་ལ། མ་ཟིན་པ་ནི། དེ་ཙམ་ན་ནང་ཆེན་གྲགས་པ་དང་ཨ་བླ་སྐུ་མཆེད་གཉིས་ལ་སེ་ཆེན་རྒྱལ་པོས་གནང་བའི་ལུང་ལག་རྟགས་མང་པོ་ཡོད་ནས། སྒོ་རོང་ཁྱུང་གསུམ། འབྷོ་གཡམ་རལ་གསུམ། རོང་ཡུལ་ལུང་གསུམ། འགུ་ངར་ལྡེམ་གསུམ། བོད་སྐེད་པ་ཚན་གསུམ། ཚ་མྱག་སྟོང་སྐོར་ཡན”ཞེས་སོགས་གསུངས་པས། ཨ་བླ་དང་ནང་ཆེན་གྲགས་པ་གཉིས་སོག་ཡུལ་ནས་འདན་ར་ཐག་དང་ཚ་བ་སྒང་སོགས་ལ་སྒར་ས་དང་དགོན་པ་དུ་མ་ཕྱག་བཏབ་ཅིང་རྗེས་སུ་གནས་གཞིས་དེ་དག་ལ་ས་མ་ཟིན་ནས། རྗེས་སུ་འབྷོ་གཡམ་རལ་གསུམ་སོགས་བརྒྱུད་དེ་སྟེང་ཆེན་སེར་རྩའི་ཕྱོགས་སུ་བྱོན་ཏེ་སྒར་ཁང་དུ་སྒར་ས་སྤོས་ཤིང་གནས་དེར་རྫོང་གཞིས་ཕྱག་བཏབ་ཡོད་པ་གོང་དུ་དྲངས་མ་ཐག་པའི་ལུང་ཚིག་གི་བབ་ལ་བརྟགས་ན་རྟོགས་ནུས་པ་དང་། མ་ཟད་སྔར་དུས་སུ་འབྷོ་གཡམ་རལ་གསུམ་ནས་འགྲུལ་པ་འགྲོ་སའི་ལམ་ཆེན་སྒར་ཁང་རྫོང་གཞིས་ཡོད་སའི་ཟུར་ནས་ཡོད་པའི་བཤད་སྲོལ་འདུག <<ཁྱུང་རབས་གསེར་སྒམ་མ>>ལས། “ཨ་འབེས་དང་གྲགས་པ་འབུམ་གཉིས་ཕན་ཚུན་འཁོན་འགྲས་བྱུང་བས་ཨ་འབེས་ཡུལ་སྟོང་ནས་ག་རེ་ལྡོང་རེ་བརྒྱུད་ནས་བྲོས་དགོས་བྱུང་སྐབས། གྲགས་པ་འབུམ་གྱིས་ཨ་འབེས་ཀྱི་མངའ་འབང་ཡོངས་རྫོགས་འོད་ཟེར་སེང་གེ་ལ་གནང་ནས་འོད་ཟེར་སེང་གེ་སྒར་ཁང་ཤྭ་བ་ཡུ་མོ་རྫོང་ལ་བཞུགས”ཞེས་འཁོད་པ་དང་།
ཡང་མི་ཤིག་གི་གཏེར་མ་<<ཕུག་ལེབ་དབུ་མ་སྟག་རྩེའི་གནས་ཡིག>>ལས། “འབུམ་རྗེ་གྲགས་པའི་གདན་ས་བོན་གྱི་བདག”ཞེས་དང་། <<ཁྱུང་རབས་མ་ཡིག་གཡུ་མགོ་མ>>ལས། འབུམ་རྗེ་གྲགས་པས་ཉིན་གཅིག་ལ་རྫོང་གཞི་བཅོ་བརྒྱད་བཞག་ཚུལ་གླེང་སྐབས། “ངེད་ཁྱིམ་ཤྭ་བ་ཡུ་མོ་རྫོང”ཞེས་སོགས་གསུང་པ་ལྟར་ན་འོད་ཟེར་སེང་གེའི་སྔོན་ལ་སྒར་ཁང་དུ་ཁྱུང་གི་མི་རྒྱུད་དང་རྫོང་གཞིས་ཆགས་ཡོད་པ་དང་། འབུམ་རྗེ་གྲགས་པའི་ཁྱིམ་ཚང་ཡང་སྒར་ཁང་ཤྭ་བ་ཡུ་མོ་རྫོང་ཡིན་པ་སོགས་སྔ་རྗེས་ཀྱི་ཡིག་ཆ་གཉིས་ལས་དཔོག་ཐུབ་པ་དང་སྒར་ཁང་རྫོང་འདི་ཉིད་ཆགས་ནས་ལོ་རྒྱུས་ཡུན་རིང་སོང་བ་བསྙད་ཆོག །
ད་དུང་ཁྱུང་པོ་བླ་ཆུང་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི་<<ཁྱུང་པོའི་ལོ་རྒྱུས་དཀའ་ཆབ་ཆེན་མོ>>ལས། ནང་པ་བྱང་ཤེས་དང་ཨ་བླ་ཕ་བུ་གཉིས་ཀྱི་རིང་ཁྱུང་པོས་ཤྭ་བ་རྔོན་པའི་སྲོལ་བཙུགས་པ་གསལ་བ་དང་། སྒར་ཁང་རྫོང་མིང་ལ་“ཤྭ་བ་ཡུ་མོ་རྫོང”ཞེས་དང་། ཁྱུང་ཨ་བླའི་མཚན་ལ“ཁྱུང་ཨ་བླ་ཤྭ་བ་རང་གྲོལ”ཞེས་བཏགས་པས་འབྲེལ་བ་ཆེན་པོ་ཡོད། དེ་བཞིན་རིག་གསར་སྔོན་ལ་སྒར་ཁང་དུ་ཁྱུང་ཨ་བླ་དང་ཤྭ་བའི་སྐོར་ལ་འབྲེལ་བ་ཡོད་པའི་གཏམ་རྒྱུད་དང་། གར་འཆམ། གནའ་རྫས་སོགས་མང་དུ་སྣང་། དེ་དག་ལས་དཔེ་མཚོན་ཙམ་དྲངས་ན། སྒར་ཁང་རྫོང་གི་སྒྲུབ་ཁང་ནང་ལ་ཤྭ་ཡུ་མོའི་ཁོག་གྲི་ཞེས་པའི་རལ་གྲི་རྩ་ཆེན་ཞིག་ཡོད། དེ་ནི་ཁྱུང་ཨ་བླས་སྒར་རྫོང་གི་སྲིབ་གཤང་ཆེན་ཁུག་ནས་ཤྭ་བ་རྔོན་སྐབས་ཤྭ་བའི་ཁོག་ནས་གཏེར་བླངས་པའི་སྐོར་རྒན་རྒོན་འགས་བཤད་བཞིན་འདུག་ལ། དེ་ལྟ་བུའི་གནད་དོན་སྒོ་ཀུན་ནས་ཀྱང་དཔྱད་པ་གཏོང་ན་ཁྱུང་སེར་སྒར་ཁང་རྫོང་ངམ་དགོན་པ་འདི་ཉིད་ཁྱུང་ཨ་བླ་ཤྭ་བ་རང་གྲོལ་གྱིས་རབ་བྱུང་བདུན་པའི་གཡས་གཡོན་མཚམས་སུ་ཕྱག་བཏབ་ཅེས་བཤད་ན་རྒྱུ་མཚན་ཉེ་བའི་ཕྱོགས་མང་དུ་སྣང་ངོ་།།
དེས་ན་གདུང་རབས་དང་པོ་ཁྱུང་ཨ་བླ་ཤྭ་བ་རང་གྲོལ་ལ་སྲས་དྲུག་ཡོད་པའི་འདན་བཟའ་ཆུང་བ་ལ་སྲས་དབང་རྒྱལ་གྲུབ་འཁྲུངས། གདུང་རབས་གཉིས་པ་དབང་རྒྱལ་གྲུབ་ཀྱིས་ལྕམ་གསེར་རྩ་བཟའ་ལྷ་མོ་མཚོ་བླངས་ནས་སྲས་ཤེས་རབ་རྒྱལ་མཚན་འཁྲུངས་པས། ཁྱུང་པོ་སེར་རྩ་ཚང་ངམ་ཁྱུང་སེར་ཞེས་པའི་རུས་རྒྱུད་བརྩི་ཚུལ་ཐོག་མར་དེ་ལས་བྱུང་བ་དང་། དེ་ཡི་དུས་ལ་ཁྱུང་པོའི་བླ་དཔོན་རྣམས་གྲོས་བྱས་ཏེ་དཀར་ནག་སེར་གསུམ་ས་བགོས་དང་སྡེ་བགོས་བྱས། སྲས་ཆེ་བ་རྒྱས་པ་གྲུབ་ལ་དཀར་རུ་གཏད། འབྲིང་བ་ཤེས་རབ་རྒྱལ་མཚན་ལ་གསེར་རྩ་གཏད། ཆུང་བ་ནག་བཟའ་མ་སྒྲོན་སྐྱིད་སྲས་ཨ་ལུག་ལ་ནག་རུ་གཏད། སྐབས་དེར་ཁྱུང་པོ་གསེར་རྩའི་ས་ཁྱོན་ནི། རྔུལ་ཆུ་འདུས་སོའི་ཚུར་ཆད། ས་ཤོད་དིལ་དམར་ཡན་ཆད། གམ་གང་ལ་མཚོ་གཉིས་ཚུར་བཅད། བྱང་ཁའི་འདམ་གྱི་རྒྱལ་ཆེན་བཅོ་བརྒྱད་ཚུར་བཅད། ལྕི་ཡི་བྲག་ལ་ཚུར་བཅད་ཡིན་ཤིང་གསེར་རྩའི་མངའ་སྡེ་གསེར་གཞོང་ཡུལ་ཤོག་བཅོ་བརྒྱད་སོགས་སྡེ་དུད་ལྔ་ཟུར་གཉིས་བཞག་ཡོད། ཤེས་རབ་རྒྱལ་མཚན་མི་རྒྱུད་ཀྱིས་གོང་གི་གསེར་རྩའི་ཡུལ་ཤོག་དང་མངའ་སྡེ་དབང་བསྒྱུར་བྱས་པས་དེ་དག་ལ་ཁྱུང་པོ་ལྷོ་བ་ཚང་ངམ་ཁྱུང་པོ་གསེར་རྩ་ཚང་གི་རྒྱུད་དུ་གྲགས་པ་ཡིན།
གདུང་རབས་གསུམ་པ་ཤེས་རབ་རྒྱལ་མཚན་གྱི་ལྕམ་གཅོང་མོ་ལ་སྲས་བསོད་ནམས་སེང་གེ་དང་། དེ་འོག་རྒྱལ་མཚན་རྩེ། མ་གཅིག་ལ་བསོད་ནམས་དབང་ཕྱུག་གསུམ་ཡོད། གདུང་རབས་བཞི་པ་བསོད་ནམས་སེང་གེ་ལ་སྲས་དྲུག་ཡོད་པའི་གོ་ན་བཟའ་ལ་སྲས་ཆེ་བ་རྒྱལ་མཚན་འབུམ་དང་ཆུང་བ་ཨ་འབེས་གཉིས། ལྕམ་རོང་མོ་བཟའ་ལ་སྲས་ཆེ་བ་གྲགས་པ་འབུམ། ཆུང་བ་ནང་པ་ཀུན་དགའ་རྒྱལ་མཚན་གཉིས། རོང་མོ་གཅིག་ལ་སྲས་འོད་ཟེར་སེང་གེ་དང་ཨ་རྩེ་བཟའ་ལ་རྣམ་འཇོམས་སྐྱབས་བཅས་འཁྲུངས། གདུང་རབས་ལྔ་པ་གྲགས་པ་འབུམ་གྱི་སྲས་གཞིར་བཟའ་ཨ་སྐྱིད་ལ་གྲགས་པ་འོད་ཟེར་རམ་ཨ་གྲགས། དེ་འོག་གྲགས་པ་དབང་ཕྱུག ཆུང་བ་ཁྱུང་རྒོད་ཡེ་ཤེས་རྒྱལ་མཚན་གསུམ་འཁྲུངས། ཁྱུང་རྒོད་ཡེ་ཤེས་རྒྱལ་མཚན་རྨེའུ་སྟོན་པའི་སྐྱེས་ཕྲེང་ཡིན་པས་སྐུ་ཚེ་གོང་བོར་ཐོས་བསམ་སྒོམ་གསུམ་གྱི་ཉམས་ལེན་གནང་ནས་འགྲོ་དྲུག་སེམས་ཅན་བརྩེ་བ་ཆེན་པོས་སྐྱོང་ཞིང་བསྟན་དོན་མཐར་ཕྱིན། གདུང་རབས་དྲུག་པ་ཨ་གྲགས་ཀྱི་སྲས་རོང་མོ་མཚོ་ལ་གེ་འབུམ། ནང་སོ་གཡུང་དྲུང་ཡེ་ཤེས། གདུང་རབས་བདུན་པ་གེ་འབུམ་གྱི་སྲས་སྟག་ལུང་དབང་མོ་ལ། འབུམ་རྗེ་གྲགས་པ་དང་། ནང་སོ་གཡུང་དྲུང་རྒྱལ་མཚན་གཉིས། འབུམ་རྗེ་གྲགས་པ་ནི། དཔོན་ལ་འབུམ་རྗེ། ས་ལ་འབུམ་མཚོ་ཞེས་སྒར་ཁང་ཚང་གི་འབྲོག་ས་འབུམ་མཚོ་ནང་ལ་སྐུ་འཁྲུངས་པས་འབུམ་རྗེ་གྲགས་པ་ཞེས་སུ་ཐོགས་པར་བཤད། སྒར་ཁང་ཚང་གི་བླ་དཔོན་གཤེགས་སྐབས་གདུང་ས་དེར་འདེབས་སྲོལ་ཡོད། ད་ལྟ་མཐོང་ཡུལ་དུ་བང་སོ་དེལ་འབུར་ཉི་ཤུ་ལྷག་འདུག འབུམ་རྗེ་གྲགས་པ་ཁོང་གིས་ཕྱོགས་བཞིར་དམག་གིས་ལས་བྱས་པས། “ན་དམར་མཚོ་ཁ་ཕྱིན་ཆད། འབྲི་འདམ་བྱང་ཡུལ་ཚུན་ཆད། དངུལ་ཆུ་གསེར་ལྡན་ཡན་ཆད། ས་མི་འགྱུར་རྫོང་གཞི་བཅོ་བརྒྱད་བཞག”ཅེས་གསུང་པས་རྫོང་བཅོ་བརྒྱད་ནི། “སྤུ་ཡི་དཀར་མོ་འབུམ་རྫོང་། ༡ གསེར་མདོ་སྔོན་མོ་གཡུ་རྫོང་། ༢ སྟག་སྡེ་སྟག་རྫོང་ཁྲ་མོ། ༣ རྨ་རོང་ནག་རྫོང་མདའ་མཁར། ༤ མོང་རྩེ་གད་མཁར་སྐྱ་བོ། ༥ ར་སྐྱེས་སྲིན་པོའི་མཁར་རྫོང། ༦ གཟིག་ལུང་ཚེར་མཁར་ཟངས་རིང་། ༧ གྲིབ་གདོང་མཁར་ནག་ཡོལ་བ། ༨ སྒོ་རའི་དམར་འཁྱིལ་མ་རྫོང། ༩ ཝེར་རྫོང་སྦི་ལི་ཞབས་མཁར། ༡༠ ཆུ་འབུམ་རྟ་བྲང་ཆེ་རྫོང་། ༡༡ དགུ་ཡ་འབྲས་ཀྱི་ཐུན་རྫོང་། ༡༢ སྟོད་ན་དཔོན་པོ་སེང་གེ་རྫོང་དང་། ༡༣ སྨད་ན་གཡོག་མོ་ཁྲུ་ད་རྫོང་། ༡༤ བར་ན་བློན་པོ་སྐྱ་ག་རྫོང་། ༡༥ ངེད་ཁྱིམ་ཤྭ་བ་ཡུ་མོ་རྫོང་། ༡༦ ཐོད་ལ་སྟག་མོ་ངར་བ་རྫོང་། ༡༧ རི་དམར་མེ་རི་འབར་བ་རྫོང་དང” ༡༨ཞེས་དང་།
ཡང་ཁྱུང་རབས་འགའ་ལས། ༡”བྱ་ཟེ་དམར་མོ་ཇ་ཡིས་བརྡུང་། ༢དགྲ་འདུལ་མཐིང་མཁར་སྔོན་མོ་བརྡུང་། ༣དགྲ་ཐལ་བར་བརླག་པའི་ཐལ་རྫོང་བརྡུང་། ༤རྫོང་སྨུག་པོ་གུ་ལང་ཁྲག་གིས་བརྡུང་། ༥ལྕི་ཡི་ར་ཙ་རྫོང་མགོ་བརྡུང་། ༦རྐེ་སྙི་མཁར་དཀར་འོ་མས་བརྡུང་། ༧འབུམ་རྗེའི་ཤེལ་མཁར་སྨུག་ཆུང་བརྡུང་། ༨སོག་ལྷ་རི་ལྷ་རྩེ་ལྷ་མཁར་གསུམ་བརྡུང་། ༡༡སྟོད་ན་རྒྱལ་པོ་སེང་གེ་རྫོང་། ༡༢བར་ན་བློན་པོ་སྐྱ་ག་རྫོང་། ༡༣སྨད་ན་གཡོག་མོ་ཁྲུ་ད་རྫོང་། ༡༤གྲེས་མདའི་བྱ་ནག་བྱིལ་རྫོང་བརྡུང་། ༡༥མང་རྩེའི་གད་མཁར་སྐྱ་བོ་བརྡུང་། ༡༦སྟག་འདེའི་སྟག་གདོང་ཁྲ་གཡག་བརྡུང་། ༡༧ར་སྐྱེས་སྲིན་པོའི་ཁ་དམར་བརྡུང་། ༡༨གསེར་ཀ་བདག་གི་ཆུང་རྫོང་བརྡུང”ཞེས་རྫོང་གཞི་བཅོ་བརྒྱད་དེ་དང་པོའི་བརྩི་ཚུལ་ལྟར་ན་ཁྱུང་སེར་གྱི་ས་ཆར་ཡོད་པ་དང་ཕྱི་མ་ནི་ནག་ཆུ་དང་། སྟེང་ཆེན། ནང་ཆེན་སོགས་ལ་ཡོད་པས་ད་དུང་དཔྱད་དགོས་པའི་གནད་དོན་མང་། “ཁྱུང་པོ་འབུམ་རྗེ་གྲགས་པ་དེས། འདམ་གངས་བ་རྒྱལ་གྱི་དབུ་རྩེ་ན། གསས་མཁར་འདྲ་འདྲ་བཅུ་གསུམ་བསྟོད། འབྲི་འདམ་ས་ཡི་མིང་ཡང་བླང་། འདམ་ལྕོག་ལ་མཚལ་རྩེ་མཚལ་གྱི་བསྟོད། སྟོད་འགྱོང་སྨུག་པོ་ཇ་ཡིས་བསྟོད། ཤིས་ལྕག་འོ་མ་རྒོད་ཀྱིས་བསྟོད། འདམ་རྒྱལ་ཆེན་བཅོ་བརྒྱད་མི་ཐེ་ལིས། འདམ་མི་མིང་ཐོག་པའི་རི་གསུམ་དེ། འདམ་སམ་མ་རིའི་ཚེ་བརྟན་དང་། ཚེ་བརྟན་ནུ་བོ་ཚེ་འཕེལ་དང་། ཚེ་འཕེལ་ནུ་བོ་རྫི་དཀར་གསུམ། རི་དེའི་ཚོའི་ས་བདག་ཁྱུང་པོ་བྱས”ཞེས་མཁོད་པ་ལྟར་ན་དྲག་པོའི་དམག་གིས་དཔུང་ཤུགས་ལ་བརྟེན་ནས་ཧོར་ཚོ་སོ་དགུ་ཙམ་མ་ཟད། འདམ་གྱི་རྒྱལ་ཆེན་བཅོ་བརྒྱད་སོགས་སྔར་ལོ་རྒྱུས་ཐོག་བྱུང་མྱོང་མེད་པའི་ཁྱུང་པོའི་མངའ་སྡེ་ས་ཁྱོན་རྒྱ་བསྐྱེད་བཏང་སྟེ། ཁམས་ཀྱི་ས་ཆ་ཕལ་ཆེར་དབང་བསྒྱུར་བྱས་ཤིང་ཉིན་ལ་སྐྱ་འབྲོང་བཅོ་བརྒྱད་རྒྱབ། སྲིབ་ལ་ཇ་ཁྲལ་དང་ལ་ཁྲལ་ལེན། ཉིན་སྲིབ་བར་གྱི་ལམ་སོ་ན། གཟའ་ཚང་འཁོན་མཛོ། གཡག་གུ་འཕག་བརྒྱ། རྔ་མ་རྩུབ་འཚེར། ཞིང་མི་ལམ་ཞུགས་སོགས་ཀྱི་ཁྲིམས་དང་། ཞིང་ལ་ས་གཏེ། འབྲོག་པར་རྩྭ་གཏེ་སོགས་ཁྱུང་སེར་རྒྱལ་པོ་ལ་ཁྲིམས་གཏེ་ཡོད་རིགས་ཁོང་གི་དུས་སུ་བྱུང་བ་ཡིན། <<ཧོར་ཁང་བསོད་ནམས་དཔའ་འབར་གྱི་ལོ་རྒྱུས>>ལས། “ཡོན་རྒྱལ་རབས་འཐོར་རྗེས་ཧོར་ཇིང་གེར་གྱི་རྒྱུད་པ་ཨོ་རོད་ཚོ་བཞི་ནང་གི་ཨོ་རོད་ཐའི་ཇི་ཟེར་བ་དེ་ཡིན་ཞིང་། ཁོང་གི་འོག་ཏུ་ཐོར་པ་སྐྱ་བདུན་ཞེས་པའི་ཚོ་གཅིག་འཁྲིད་རྒྱུ་ཡོད། ཐོར་པ་སྐྱ་བདུན་ནི་དཔའ་རྩལ་ལྡན་པ་ཤ་སྟག་ཡིན་པས་ཁྱུང་པོ་འབུམ་རྗེ་གྲགས་པས་ཨོ་རོད་ཐའི་ཇི་ལ་སོགས་ན་ར་ཁུག་ཟེར་བ་ས་མལ་ཁོང་ལ་སྤྲད་ནས་དཔོན་དུ་བསྐོས་པ་རེད། ན་ར་ཁུག་ཟེར་བ་དེར་ད་ལྟ་སོག་གྲུ་ཁུག་ཟེར” ཞེས་པས་ཁམས་ཀྱི་སྟོད་སྨད་ས་ཆ་ཕལ་ཆེར་ཁྱུང་པོ་འབུམ་རྗེ་གྲགས་པས་དབང་བསྒྱུར་བའི་དུས་དང་ཡོན་རྒྱལ་རབས་འཐོར་བ་གཉིས་སྟབས་གཅིག་ཏུ་ཁེལ་སྐབས། ཧོར་ཇིང་གེར་གྱི་རྒྱལ་རྒྱུད་ཨོད་རོད་ཐའི་བཅས་པ་དཔོན་འབུམ་རྗེ་གྲགས་པ་ལ་བཅར་སྐབས། ཁོང་རྣམས་དཔའ་རྩལ་དང་དམག་ཤུགས་ཆེན་པོ་ཡོད་པར་ཧ་གོ་ནས། འབུམ་རྗེ་གྲགས་པས་སོག་གྲུ་ཁུག་གི་ས་ཆར་བཀོད་བསྒྲིགས་མཛད་ཅིང་ཡུལ་དེའི་དཔོན་དུ་བསྐོས་པས་བོད་ཁུལ་དུ་ཧོར་གྱི་མི་རྒྱུད་འཕེལ་ཏེ་ཧོར་རྒྱལ་སྲས་དང་ཧོར་ཁང་སོགས་ཀྱི་མེས་པོ་རྣམས་གོ་གནས་འཕར་ཏེ་རྗེས་སུ་སྟོབས་ཤུགས་ཆེན་པོ་ཆགས།
གདུང་རབས་བརྒྱད་པ་འབུམ་རྗེ་གྲགས་པའི་སྲས་རོག་རྩ་བཟའ་རྩེ་མོ་ལ་གྲགས་པ་རྣམ་རྒྱལ། ཁོང་ནི་ཚེ་དབང་གི་སྤྲུལ་པ་ཡིན་པས་སྲིད་པ་རྒྱལ་མོས་ཞལ་གཟིགས་དང་ལུང་བསྟན་མང་དུ་གནང་། གདུང་རབས་དགུ་པ་གྲགས་པ་རྣམ་རྒྱལ་གྱི་སྲས་རོང་མོ་ལ་སྲས་བཞི་ཡོད་པའི་ཆེ་བ་ནང་སོ་དྲུང་ཆེན། དེ་འོག་སྟག་ལ་གྲགས་མཆོག ལྷ་བཙན་རྣམ་རྒྱལ། ཆུང་བ་བསོད་ནམས་དབང་ལྡན་བཞི་ཡིན། གདུང་རབས་བཅུ་པ་སྟག་ལ་གྲགས་མཆོག་གི་སྲས་ཧོར་མོ་ཆུང་བ་ལ་གྲགས་དབང་། གྲགས་དབང་གི་སྲས་ཧོར་མོ་སྐྱིད་འཛོམས་ལ། ཁྲོ་རྒྱལ་གྲགས་པ་བྱ་ཟེ་བཞུགས། དེ་འོག་རྒྱལ་བ་གཡུང་དྲུང་། ཆུང་བ་ཚེ་མཆོག་གྲགས་པ་སྒར་ཁང་བཞུགས། གདུང་རབས་བཅུ་གཅིག་པ་ཚེ་མཆོག་གྲགས་པའི་སྲས་སོག་བཟའ་ལ་སྲས་བཞི་ཡོད་པ་ནི། ཆེ་བ་ལྷུན་འགྲུབ་གྲགས་པ། དེ་འོག་ཀུན་དགའ་གྲགས་པ། དེ་འོག་བསོད་རྒྱལ་གྲགས་པ། ཆུང་བ་ཕུན་ཚོགས་གྲགས་པ་གསུམ། ཕུན་ཚོགས་གྲགས་པ་ནི་གསེར་ཚ་དཔོན་རྒོད་ཞེས་ཀྱང་གྲགས་ཏེ། ཁོང་ཉིད་བོད་ས་གནས་ཀྱི་སྐུ་དྲགས་འགའི་ཁྲིམས་ལ་འགལ་ནས་ལྷ་སར་བཀུག་སྟེ། ཁྱོད་ཀྱིས་པོ་ཏ་ལའི་མདུན་གྱི་རྡོ་རིང་ཁྲ་མོ་གྱེན་དུ་སློང་མ་ཐུབ་ན་ཁྱོད་རང་ས་གནས་དེར་འདུག་མི་ཆོག་ཅེས་བཀའ་ཕབ་སྐབས། གསེར་ཚ་དཔོན་རྒོད་ཀྱིས་གྲུབ་རྟགས་བཞག་ནས་རྡོ་རིང་གྱེན་དུ་སློང་བའི་མཛད་རྗེས་བཞག །
གདུང་རབས་བཅུ་གཉིས་པ་ལྷུན་གྲུབ་གྲགས་པ་ལ་ལྕམ་ཧོར་མོ་ཞིག་ཕུལ་དེ་ལ་སྲས་གཙོ་མཆོག་གྲགས་པ། རྣམ་དག་རྒྱལ་མཚན་གཉིས་སྒར་ཁང་ལ་བཞུགས། འབྲོང་བཟའ་ལ་གྲགས་པ་རྣམ་རྒྱལ་དང་གྲགས་པ་རྣམ་སྲས་གཉིས་བྱ་ཟེར་བཞུགས།
རྗེས་སུ་བརྩམས་པའི་ཁྱུང་རབས་འགའ་ཤས་ནང་“འབྲོང་བཟའ་ལ་སྲས་གྲགས་པ་བསོད་ནམས་འཁྲུངས་པ་བཤད་ཀྱང་། དེ་ནི་འཁྲུགས་པར་སེམས་ཏེ། <<ཁྱུང་རབས་གསེར་སྒམ་མ>> དང་། <<ཁྱུང་པོ་རྒོད་ཚང་ཞེས་སྒོང་ང་ལས་ཁྱུང་པོ་སྟོད་སྨད་བར་གསུམ་གདུང་རབས་རིམ་བྱོན་གྱི་ལོ་རྒྱུས་རྣམ་ཐར་མདོར་བསྡུས་བཞུགས་སོ>>གཉིས་ལས། “འབྲོང་བཟའ་གྲགས་པ་རྣམ་རྒྱལ་དང་གྲགས་པ་རྣམ་སྲས་གཉིས་འཁྲུངས”ཞེས་དང་། “ཧོར་མོ་ལ་གཙོ་མཆོག་གྲགས་པའི་སྲས་གྲགས་པ་བསོད་ནམས་སོགས་སོ”ཞེས་གྲགས་པ་བསོད་ནམས་ནི་གཙོ་མཆོག་གྲགས་པའི་སྲས་ཡིན་པ་ལས་ལྷུན་གྲུབ་གྲགས་པའི་སྲས་ཡིན་གཏན་མ་གསུངས་པས་སོ།།
དེས་ན་གདུང་རབས་བཅུ་གསུམ་པ་གཙོ་མཆོག་གྲགས་པའི་སྲས་ཧོར་མོ་ལ་གྲགས་པ་བསོད་ནམས་རབ་བྱུང་བཅུ་གསུམ་པའི་ཆུ་འབྲུག་ལོར་འཁྲུངས། གྲགས་པ་བསོད་ནམས་དང་གྲགས་པ་རྣམ་སྲས་གཉིས་ཀྱི་དུས་ཁྱུང་སེར་དཔོན་ལ་བྱ་ཟེ་དཔོན་དང་སྒར་ཁང་དཔོན་གཉིས་ཏེ་དཔོན་ཁག་གཉིས་སུ་གྱེས་ནས་ས་བགོས་དང་སྡེ་བགོས་བྱས་པས། སྒར་རྩེ་སྲིབ་གསུམ། གནམ་རི་འབྲོང་གསུམ། ངས་རུ་གཉིས། ཁྲོམ་རུ་དུད་བརྒྱད་བཅས་སྒར་ཁང་ཚང་ལ་ཐེམས་པ་དང་། ཚབ་སྲོག་གོང་གསུམ་དང་། ཆུ་ཁྲ་རུ་གསུམ། དམུ་གཡམ་བྷོ་གསུམ་གྱི་ཚོ་ཁག་འགའ་དང། འབུ་ཚབ་བྱང་བཅས་བྱ་ཟེ་ལ་ཐེམས་ནས་དཔོན་ཁག་སོ་སོས་བསྟན་སྲིད་ཀྱི་མཛད་ཕྲིན་བསྐྱངས།
གདུང་རབས་བཅུ་བཞི་པ་གྲགས་པ་བསོད་ནམས་ཀྱི་སྲས་མོ་རྗེ་བཙུན་ཚུལ་ཁྲིམས་དཔལ་བཟང་མོ་ས་རྟ་ལོར་འཁྲུངས་ནས་རབ་བྱུང་བཙུན་མ་མཛད་ཅིང་སྐུ་ཚེ་ཧྲིལ་བོར་མཎ་ཌལ་རི་ཁྲོད་དུ་མཚམས་བསྙེན་བསྒྲུབས་མཛད་པས་མན་ཌལ་མཚམས་པ་ཞེས་ཀུན་གྱི་དད་ཕྱག་གི་ཡུལ་དུ་གྱུར། སྲས་ཆེ་བ་གྲགས་དབང་ངམ་པད་མ་གར་དབང་ཞེས་ཆུ་ཁྱི་༼ཤིང་བྱི༽ལོར་སྐུ་འཁྲུངས་ཤིང་རྩེ་དྲུག་ཏུ་སངས་གླིང་སྤྲུལ་སྐུར་ངོས་འཛིན་གནང་། རྗེས་སུ་ལྕམ་བཞེས་པས་སྲས་གཏེར་དང་སྙན་བརྒྱུད་ཀྱི་མངའ་བདག་དབལ་འབར་སྟག་སླག་དང་ནོར་བུ་དབང་རྒྱལ་གཉིས་འཁྲུངས་ནས་བྲག་པོ་རྫོང་དང་བདལ་གཤིས་བླ་བྲང་གཉིས་སྒར་ཁང་ནས་གྱེས་ཏེ་བོན་བསྟན་འཛིན་སྐྱོང་སྤེལ་གསུམ་ལ་སྨན་པའི་སྐྱེས་བུ་གསེར་རིའི་ཕྲེང་བ་ལྟར་བྱོན། སྲས་ཆུང་བ་ཁྲོ་རྒྱལ་གྲགས་པ་མེ་སྟག་ལོར་འཁྲུངས་ཤིང་ཁོང་གི་དུས་ལ་སྒར་ཁང་རྫོང་དང་ཕུག་ལེབ་དགོན་སོགས་ལ་བསྟན་སྲིད་ཀྱི་མཛད་ཕྲིན་བླ་ལྷག་ཏུ་རྒྱས།
གདུང་རབས་བཅོ་ལྔ་པ་ཁྲོ་རྒྱལ་གྲགས་པའི་སྲས་གཡུ་དབང་དང་། གདུང་རབས་བཅུ་དྲུག་པ་གཡུ་དབང་གི་སྲས་བཙན་རྗེས་གྲགས་པ་འཁྲུངས། བཙན་རྗེས་གྲགས་པའི་དུས། སྔར་ཤེལ་ཞིག་གཡུང་དྲུང་རྒྱལ་པོས་ཕུག་ལེབ་དབུ་མ་སྟག་རྩེ་ནས་གཏེར་བླངས་པའི་ཡི་དམ་གྷུ་རུ་དྲག་པོ་རྒྱུན་འཚོགས་གནང་བ་མ་ཟད། གར་འཆམ་སྣ་མང་འཆམ་རྒྱུ་ཡོད་པའི་སྲོལ་བཙུགས་ཏེ་ད་ལྟ་མ་ཉམས་པར་གནས་ཡོད། གདུང་རབས་བཅུ་བདུན་པ་བཙན་རྗེས་གྲགས་པའི་སྲས་ཆེ་བ་དབང་ཆེན་གྲགས་པ་དང་། དེ་འོག་ལྷུན་འགྲུབ་གྲགས་པ། དེ་འོག་ཚེ་དབང་གྲགས་པ། སྲས་མོ་བོ་ཕྲུག་ལྷ་མོ་བཅས་འཁྲུངས། བོ་ཕྲུག་ལྷ་མོ་འམ་སྐལ་བཟང་ལྷ་མོ་ནི་གཏེར་དང་སྙན་རྒྱུད་མངའ་བས་ཕུག་ལེབ་དང་། སྦྲ་ཆེན། གཉན་རོང་སོགས་ཀྱི་གནས་རི་འགའ་ནས་གཏེར་དང་སྙན་བརྒྱུད་མང་པོ་བླང་སྐད་འདུག དབང་ཆེན་གྲགས་པས་གྲུབ་པའི་རྟགས་ཀྱིས་བ་བྲག་འགག་གི་སྲིན་མོ་བྲག་ཏུ་སྲིན་མོ་དམ་ལ་བཏགས་ནས་བྲག་ངོས་སུ་གྲི་ཡི་རྗེས་གསལ་པོ་མཐོང་རྒྱུ་ཡོད། གཞན་ཡང་སྐུ་གསུང་ཐུགས་རྟེན་གྱི་བསྟན་པ་རྗེས་བཞག་རྒྱ་ཆེར་མཛད།
གདུང་རབས་བཅོ་བརྒྱད་པ་དབང་ཆེན་གྲགས་པའི་སྲས་གར་དབང་གྲགས་པ་དང་ཚེ་དབང་གཡུང་དྲུང་གཉིས། ཚེ་དབང་གཡུང་དྲུང་ནི་སྤྱང་སྤྲུལ་ཚེ་དབང་བསྟན་རྒྱལ་གྱི་སྤྲུལ་སྐུ་རུ་ངོས་འཛིན་གནང་ནས་སྟེང་ཆེན་དགོན་དུ་འཆད་ཉན་གྱི་བསྟན་པ་དར་ཞིང་རྒྱས་པར་མཛད།
གདུང་རབས་བཅུ་དགུ་པ་གར་དབང་གྲགས་པའི་ལྕམ་བྲག་རྐོང་བླ་བྲང་གི་སྲས་མོ་བདེ་དཔལ་ལ་སྲས་ནོར་བུ་ཡོངས་གྲགས་འཁྲུངས།
རྗེས་སུ་ཚེ་དབང་བསྟན་རྒྱལ་ལམ་སྒར་ཁང་སྤྲུལ་སྐུའི་སྲས་གང་དགའ་ཟླ་བ་གྲགས་པ་རབ་བྱུང་བཅུ་དྲུག་པའི་ས་སྟག་ལོར་འཁྲུངས། གང་དགའ་ཉིད་དགུང་ལོ་ཉེར་གསུམ་ནས་ལོ་བཅུ་ཕྲག་རིང་ངལ་རྩོལ་བསྒྱུར་བཀོད་ནང་ཚུད་སྐབས་སྐྱབས་གནས་ལ་དད་པ་འགྱུར་བ་མེད་པ་སོགས་ཐུན་མིན་གྱི་ཁྱད་བོན་དུ་མ་མངའ་བས་ཁྱུང་པོའི་ལྕགས་བླ་མ་ཞེས་བོད་ཁམས་ལ་སྐད་གྲགས་ཆོད་པ་བྱུང་། བཙོན་ཁང་ལས་གློད་བཀྲོལ་ཐོབ་རྗེས་ཕུག་ལེབ་རི་ཁྲོད་དུ་སྒོམ་སྒྲུབ་ལ་བརྩོན་ནས་སྤྱི་ལོ་ ༡༩༨༦ ཞིང་ཁམས་གཞན་དུ་གཤེགས། གདུང་རབས་ཉི་ཤུ་པ་ནོར་བུ་ཡོངས་གྲགས་ཀྱི་ལྕམ་ཨ་ཤག་བཟའ་ལ་སྲས་གཡུལ་རྒྱལ་གྲགས་པ་འཁྲུངས། ཁོང་ནི་སྤྱི་ལོ་ ༡༩༤༦ ལོར་སྐུ་བལྟམ། དགུང་ལོ་བཅུ་གསུམ་ཐོག་རྩ་བླ་མེ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱི་ཞབས་ལ་བཏུག་ནས་བོན་སྤྱོད་སྔོན་འགྲོ་དངོས་གཞི་སོགས་ལ་བརྩོན་ནས་དུས་འདས། ༡༩༥༩ ལོར་དམངས་གཙོ་བཅོས་བསྒྱུར་བྱས་མཐར། གློད་བཀྲོལ་ཐོབ་ནས་དགོན་པ་དང་རི་ཁྲོད་ཉམས་གསོ་གནང་བ་དང་། སྔར་སྲོལ་ལྟར་ཕུག་ལེབ་ལ་མ་ཏྲི་འོད་དཔག་མེད། སྒར་ཁང་ལ་ཡི་དམ་དབལ་གསས་དང་གྷུ་དྲག དེ་འབྲེལ་གར་འཆམ་སོགས་འཚོགས་རྒྱུ་ཡོད་པ་གནང་། སྤྱི་ལོ ༢༠༠༥ལོར་དགོངས་པ་རྫོགས། གདུང་རབས་ཉེར་གཅིག་པ་གཡུལ་རྒྱལ་གྲགས་པའི་ལྕམ་སྨོན་རྒྱལ་བཟའ་བསོད་ནམས་སྒྲོན་མ་ལ་སྲས་ཚེ་དབང་མཆོག་གྲགས། ཐེག་མཆོག་གྲགས་པ། གཡུང་དྲུང་མགོན་པོ། བསྟན་པ་འབྲུག་གྲགས། འོད་གསལ་ཟླ་བ་བཅས་འཁྲུངས། ཚེ་དབང་མཆོག་གྲགས་དང་ཐེག་མཆོག་གྲགས་པ་རྣམ་གཉིས་ནི། སྔ་ཕྱིར་སྟེང་ཆེན་དགོན་དང་རི་ཁྲོད་དགོན་གཉིས་ལ་ཕེབས་ཏེ་སྒྲུབ་གྲྭར་ཞུགས་པ་དང་འབྲེལ་སྔོན་འགྲོ་དངོས་གཞི་དང་། རྩ་རླུང་མུན་མཚམས། ཐོད་བརྒལ། འཕོ་བ་གཞན་སྤར་སོགས་བསྙེན་བསྒྲུབ་ཉམས་ལེན་ཚུལ་བཞིན་གནང་ནས་ད་ལྟའི་ཆར་སྒར་ཁང་བླ་བྲང་དུ་བཞུགས་ནས་སྡེ་དགོན་གཉིས་ཀྱི་བསྟན་འགྲོའི་མཛད་བཟང་སྐྱོང་བཞིན་ཡོད།
གཡུང་དྲུང་མགོན་པོ་མཆོག་ནི་སྨྲ་དབང་ཡོངས་འཛིན་ཆེན་མོའི་དྲུང་ནས་རབ་ཏུ་བྱུང་ཞིང་སྔ་རྗེས་སུ་སྐྱེས་ཆེན་དུ་མའི་མདུན་ནས་ཐོས་བསམ་སློབ་གཉེར་གནང་། མཁས་པ་ཡོན་ཏན་གྱིས་མི་ངོམ་ཞེས་པ་ལྟར་ཁྱུང་པོ་རྩེ་དྲུག་དགོན་གྱི་སྒྲུབ་གྲྭར་ལོ་དྲུག་བཞུགས། དེའི་རིང་ཕྱི་ཡི་ཀུན་སྤྱོད་དང་ནང་གི་བསླབ་གསུམ་ཉམས་ལེན་སོགས་དགེ་སློབ་ཡོངས་ཀྱིས་བསྔགས་བརྗོད་ཀྱི་མེ་ཏོག་ཡང་ཡང་འཐོར།
རྩེ་དྲུག་སྒྲུབ་ཁང་ནང་དུ་ལོ་གཉིས་རིང་སྟག་སླག་ཅན་གྱི་གཏེར་མ་དྲག་སྔགས་དབལ་མོ་བསྙེན་བསྒྲུབ་མཛད་དེ་གྲུབ་རྟགས་ཐོན་པ་བྱུང་། དེ་རྗེས་རི་དགོན་སྡེ་གསུམ་གྱི་རེ་བ་བཞིན་ལོ་རྒྱུས་ཐོག་གི་སྒར་ཁང་བླ་སྡེ་ཡོངས་ཀྱི་འདུལ་བའི་མ་དགོན་ཕུག་ལེབ་དབུ་མ་སྟག་རྩེ་བསྐྱར་བཞེངས་གནང་སྒང་ཡིན། གདུང་རབས་ཉེར་གཉིས་པ་ཚེ་དབང་མཆོག་གྲགས་ཀྱི་ལྕམ་ཧོར་གཙང་བཟའ་རིན་ཆེན་དར་མཚོ་ལ་སྲས་རྒྱལ་མཚན་གྲགས་པ་དང་རིག་འཛིན་འབྲུག་གྲགས་གཉིས་བཅས་ད་ལྟའི་བར་དུ་ཁྱུང་སེར་སྒར་ཁང་བླ་བྲང་གི་གདུང་རབས་ཟམ་མ་ཆད་པ་གནས་པའི་བྱུང་བ་མདོར་ཙམ་བརྗོད་པ་འདི། དབྲ་རིགས་ཁྱུང་སེར་གྱི་གདུང་ལས་འཁྲུངས་པའི་སྐྱབས་རྗེ་གཡུང་དྲུང་མགོན་པོ་རིན་པོ་ཆེའི་བཀའ་ཡིས་བསྐུལ་མ་ལ་བརྟེན་ནས། ཁྱུང་པོ་བླ་ཆུང་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི་<<ཁྱུང་པོའི་ལོ་རྒྱུས་དཀར་ཆབ་ཆེན་མོ>>དང་། ཁྱུང་པོ་གཡུ་ཁྲིས་མཛད་པའི་<<མ་ཡིག་གཡུ་མགོ་མ>> <<ཁྱུང་པོའི་གདུང་རབས་གསེར་སྒམ་མ>> <<མ་ཡིག་གུང་སྔོན་མ>>སོགས་ཡོངས་སུ་གྲགས་པའི་ཁྱུང་རབས་ཚད་ལྡན་དག་གོ་བསྡུར་ཐེངས་མང་བྱས་ཐོག་རྒན་རབས་ཤེས་ཆེན་འགའ་བཀའ་འདྲི་ལན་མང་ཞུས་ནས། རྣམ་དཔྱོད་ཀྱི་ཤེས་རབ་མི་ཆེ་ནའང་བསམ་བློ་རྣམ་པར་དག་པའི་ཀུན་ནས་སློང་སྟེ། དེ་སྔོན་ལོ་རྒྱུས་ལས་གདུང་རབས་ཁ་མ་གསལ་བ་དང་འཁྲུགས་པ་གོ་རིམ་བསྡེབས་པ་སོགས་འཕྲི་སྣོན་ཅུང་ཙམ་བགྱིས་ཤིང་དངོས་ཡོད་ཀྱི་བྱུང་བ་མདོར་བསྡུས་སུ། ཁྱུང་སེར་རྒྱལ་པོའི་མངའ་ཁམས་སུ་དལ་རྟེན་རྙེད་ཅིང་ཤེལ་ལེ་རྒྱ་སྐར་གླིང་གི་དགེ་བཤེས་ཀྱི་གྲལ་མཐར་འཛིན་པ་རྨ་རོང་ཁྲི་གཙུག་རྒྱལ་མཚན་འབོད་པ་དེས་སྤྱི་ལོ་༢༠༢༡ལོའི་ཟླ༤པའི་ཚེས༢༨ཉིན་གུ་གེར་མཇུག་རྫོགས་པར་ཧྲུན་པའོ།།