ངས་པ་མར་ཁུ་དགོན།

[ཟླ་ཚེས། 2021-09-25 09:14:00][རྩོམ་པ་པོ། ཁམས་མེ་ཞགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


ངས་པ་མར་ཁུ་དགོན་གྱི་ཁྲི་འཛིན་བླ་མ་ཚུལ་ཁྲིམས་བསྟན་རྒྱལ་རིན་པོ་ཆེ།

  ཞང་ཞུང་བོན་གྱི་འདུས་སྡེ་ངས་པ་མར་ཁུ་དགོན་དཔལ་གཤེན་བསྟན་གཡུང་དྲུང་དར་རྒྱས་གླིང་ནི་དེང་དུས་ལྟར་ཁྱུང་པོ་སྟེང་ཆེན་རྫོང་ནས་ནུབ་བྱང་ཕྱོགས་སུ་སྤྱི་ལེ་༡༠༥ ཙམ་གྱི་ས་གནས་སུ་ཆགས་ཡོད། དུས་བབ་ཀྱི་གནས་སྟངས་དང་བསྟུན་ནས་དགོན་པ་འདི་ཉིད་ཕྱག་འདེབས་དགོས་བྱུང་བའི་རྒྱུ་རྐྱེན་སྐོར་ཅུང་ཞིག་གླེང་ན། མི་ལོ་སྟོང་ཕྲག་གི་ཡར་སྔོན་དུ་ངས་གཞུང་གི་སྨད་ག་ངས་ཁ་རུ་ག་ངས་དགོན་བསམ་འགྲུབ་ནོར་བུའི་གླིང་ཞེས་པའི་རྒྱུན་འཚོ་ཉེར་ལྔ་དང་། རབ་འབྱམས་བཅུ་གསུམ་གྲྭ་བཙུན་གཅིག་སྟོང་གཅིག་བརྒྱ་ལྷག་ཙམ་རྒྱུན་ཆགས་སུ་བཞུགས་པའི་ཁྲོ་བོའི་གཞལ་ཡས་ཁང་ལྟ་བུ་ཞིག་ཡོད་པ་དེ། སྤྱི་ལོ་༡༦༤༢ ལོར་སོག་པོ་ཨོ་རོད་ཚོ་བཞིའི་དཔོན་པོ་གུ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱིས་ཁམས་དང་དབུས་གཙང་རྣམས་ལ་སོག་དམགས་དྲངས་ཤིང་བོད་ཁམས་ཡོངས་སུ་བཟུང་། གཙང་པ་སྡེ་སྲིད་ཆམ་ལ་ཕབས་ཏེ་ཀརྨ་བསྟན་སྐྱོང་དབང་པོ་འགོ་རྟིང་སློག་ནས་སྲིད་དབང་རྒྱལ་དབང་སྐུ་འཕྲེང་ལྔ་པ་ལ་ཕུལ་སྐབས་ཡར་ལམ་ཀརྨ་བསྟན་སྐྱོང་དབང་པོའི་དཔུང་རོགས་སོག་པོ་ཆར་ཧར་ཚོ་པའི་དཔོན་པོ་ལེན་དན་རྒྱལ་པོའི་དམག་དཔུང་ཁྲི་ལྷག་བསད་དེ་མདོ་ཁམས་བེ་རི་དོན་ཡོད་རྒྱལ་པོ་བཏུལ་ཞིང་ཁམས་ཕྱོགས་བླངས་ཏེ་ག་ངས་དགོན་དང་བླ་ཤག་དགོན་སོགས་རྟ་ཞོར་སྒ་དྲུད་ཀྱི་ཚུལ་དུ་ཞུགས་ལ་བཞེན་ནས་ཐལ་བའི་རྡུལ་ཕྲན་མཉམ་དུ་བསྲེས། དེ་ནས་རྒྱུན་འཚོ་ཉེར་ལྔའི་ཤུལ་ལུས་རྣམས་དང་འབང་མི་སེར་ཚོས་ཡིད་སྐྱོ་གདུང་གིས་མ་བཟོད་ནས་ལོ་དུས་ཀྱི་གསོལ་ཁ་བརྡ་མཚོན་ཙམ་རེ་སྤུ་ཁུག་མཛོ་ཚང་ལ་འཚོགས་ནས་ལོ་གྲངས་མང་དུ་ཕྱིན། དེ་ནས་བདེ་ལྡན་སྒྱེའུ་ལུང་གི་རི་ཁྲོད་ལ་བརྟེན་ནས་དུས་མཆོད་འཛོལ་མེད་ཕུལ་ནས་ལོ་གྲངས་མང་ཙམ་སོང་། དེ་མཚམས་ག་ཆུ་ཕར་ཀ་སྤུ་པ་དང་མཁར་སྤུངས་སོགས་ཀྱིས་སྔོ་ཡི་རི་ཁྲོད་ཀྱི་གཡོན་ཟུར་དུ་ཚེས་བཅུ་ལྷ་ཁང་ཞེས་པ་ཞིག་བཞེངས་ནས་དུས་མཆོད་ཕུལ། ག་ཆུ་ཚུན་ཆོད་ངས་པ་སྟོང་ཙེ་དྲུག་ཅུའི་སྡེ་འབངས་སྤྱི་ཡིས་གཟིགས་ལུང་སྒང་དུད་གཉིས་ལ་བསྟེན་ནས་སྒང་སར་ཚེས་བཅུ་ལྷ་ཁང་ནང་དུ་ལོ་གྲངས་འགའ་ཙམ་གྱི་རིང་ལ་དུས་མཆོད་ཕུལ།

  དེ་ནས་སྤྱི་ལོ་༡༦༩༡ལོར་ངས་པ་མར་ཁུ་ཁར་དགོན་པ་ཕྱག་བཏབ་{དཔེ་ཆ་འགའ་ཤས་ནང་དུ་ལྡོང་རིགས་ལྷུན་གྲུབ་རྒྱལ་མཚན་ནམ་ལྡེ་པ་དབུ་མཛད་ཀྱིས་ཕྱག་བཏབ་པར་གསུང་ཀྱང་དུས་ཚོད་དང་ཕྱག་འདེབས་མཁན་གྱི་བར་སྔ་ཕྱི་འགྱང་ཆེ་སྟེ་ལྡེ་པ་དབུ་མཛད་ཀྱི་སྲས་པོ་མཁར་སྣའི་དགེ་སློང་གཡུང་དྲུང་ཚུལ་ཁྲིམས་སྤྱི་ལོ་༡༨༦༨ལ་འཁྲུངས་པས་འཐད་པར་དཀའ།} ནས་འདུ་ཁང་ཀ་བ་བཅུ་གཉིས་མལ་ལ་ཐོག་བརྩེག་གསུམ་དང་ལྡན་པ། ནང་དུ་སྐུ་གདུང་མཆོད་རྟེན་ལྷ་འབྲི་རྟེན་བཞེངས། མཆོད་ཆས་སོགས་གང་འཚམ་འགྲུབ་སྟེ་མཆོད་རྩ། གཏོང་ཐེབས། འདུ་ཚོགས་བཅས་ཀྱི་དཔལ་འབྱོར་ཅུང་ཙམ་དར་རྒྱས་སུ་འགྲོ་བཞིན་པའི་སྐབས་སུ། སྤྱི་ལོ་༡༩༡༣ བོད་རབ་བྱུང་བཅོ་ལྔ་པའི་ཆུ་གླང་ལོར་རྒྱ་བོད་གཡུལ་འཁྲུགས་ལངས་ཤིང་། ངས་པ་སྟོང་ཙེ་དྲུག་ཅུའི་སྡེ་དཔོན་རྣམས་རྒྱ་ལ་ཁ་ཕྱོགས་ནས་བོད་དམགས་ལ་དམར་འཛིང་བྱས་པ་དང་། རྒྱ་དང་ངས་པའི་དམག་གིས་འུག་པ་ཚྭ་འབྲོང་དགོན་པ་མེ་ལ་བསྲེགས་མཐར། བོད་དམག་ལ་དམག་སྣོན་རྒྱབ་སྟེ་རྒྱ་དམག་དང་ངས་པའི་དམག་དཔུང་ཕྱིར་བསྐྲད་བྱས། འཛིན་བཟུང་ཐེབས་པའི་ནག་རུ་དཔོན་འཁོར་བཅུ་ལྷག་ཙམ་རྐང་བཅད་ལག་རྡུམ་བྱས་སྟབས་རྒྱ་ཡུལ་དུ་མི་བྱོལ་ཀ་མེད་བྱུང་། དེ་ནས་བོད་སྡེ་པ་གཞུང་གིས་ནག་རུ་ངས་པ་འཕྲོས་ལྷག་མི་སེར་གྱི་རྒྱུ་ནོར་ཡོད་རྒུ་གཞུང་ལེན་གཙང་དག་བྱས་ཏེ་སྡོད་ཁང་ཚང་མ་མེར་བསྲེགས་བཏང་ནས་མར་ཁུ་དགོན་པ་རྩ་བརླག་བྱས། དེ་ནས་ལོ་ཁ་ཤས་ཙམ་ཕྱིན་རྗེས་དབྲ་སྤྲུལ་བསྟན་འཛིན་དབང་རྒྱལ་མཆོག་ནས་དགོན་ས་གོང་མ་གཟིགས་མཛད་དེ་ལོ་ཤས་རྗེས་ནས་ཡང་བསྐྱར་ངས་པའི་ཐེམ་དུད་སུམ་བཅུ་ཐམ་པའི་སེམས་ཀྱིས་མ་བཟོད་ནས་བསམ་པ་གཅིག་མཐུན་གྱི་སྒོ་ནས་ཉམས་གསོ་བྱེད་རྒྱུའི་གྲོས་མཐུན་བྱུང་སྟེ་སྨན་རིའི་མཁན་ཆེན་ཕུན་ཚོགས་བློ་གྲོས་མཆོག་གིས་དགོན་ས་བསྐྱར་གཟིགས་མཛད་དུས་སྔོན་མ་དབྲ་སྤྲུལ་བསྟན་འཛིན་དབང་རྒྱལ་མཆོག་གིས་གཟིགས་མཛད་པའི་ས་མལ་ཏག་ཏག་ཁེལ་བས་རྟེན་འབྲེལ་དུ་མའི་གནད་ལ་དམིགས་ནས་སྤྱི་ལོ་༡༩༢༥ལོར་ཉམས་གསོ་བྱས། དེ་ནས་བཟུང་དབུ་སྟིས་དབུ་མཛད་སོགས་རིག་གནས་ལ་སྤྱན་དཀྱུས་ཡངས་པའི་སྐྱེས་བུ་འགའ་ཡིས་བསྐྱང་ནས་རིག་གསར་མ་ཚེས་ཀྱི་བར་དུ་ཕྱི་ནང་གི་རྟེན་དང་བརྟེན་པ་ཕུན་སུམ་ཚོགས་པ་ཡོད་ཀྱང་སྤྱི་ལོ་༡༩༥༩ལོའི་དུས་འགྱུར་སྐབས་སུ་ནུབ། སྤྱི་ལོ་༡༩༨༥ལོར་ཤེལ་ཞིག་བསྟན་འཛིན་གྲགས་པ་མཆོག་གིས་ཐུགས་གྲོས་བཏོན་ནས་ཉམས་གསོ་བྱེད་རྒྱུའི་འགོ་ཚུགས་ཏེ་སྐུ་གཤེགས་དམ་པ་འབུ་མགར་ཚེ་རིང་བསམ་འགྲུབ་ཀྱིས་གཙོ་འགན་བཞེས་ཏེ་གོ་རྣ་བསོད་དབང་མཆོག་ནས་དངུལ་གཡར་གྱི་ཐུགས་འགན་ཆེ་བཞེས་གནང་བ་སོགས་མི་ཆེན་བློ་ལྡན་རྣམ་པ་གཙོས་པའི་ལྷ་སྡེ་ཡོངས་ཀྱིས་དཔུང་པ་མཉམ་བཤིབ་བྱས་ཏེ་འཁོར་ཁང་ནས་འགོ་བཟུང་འཚོགས་ཁང་དང་གཉེར་ཁང་ཇ་ཁང་བཅས་བཞེངས། མགར་བ་འཆི་མེད་མཆོག་གིས་དབུ་མཛད་དང་འགན་ཁུར་གཅིག་ལྕོགས་མཛད་དེ་ཡུལ་མི་རྒན་གྲས་རྣམ་པས་ཕྱར་གྲུ་མཉམ་འདེག་གི་ཚུལ་དུ་འགན་འཁྲི་རང་ཁུར་བྱས་ཏེ་ལོ་ལྟར་དུས་མཆོད་འཛོལ་མེད་གནང་། དེའི་བར་སྐབས་ཤིག་ལ་བོན་གཤེན་རྣམ་པས་བཀའ་འགྱུར་གྱི་ལུང་ཞུས། དེ་ནས་འབུ་མགར་དཔའ་ཐོད་དང་ཟེ་པ་སྐལ་ཉི་སོགས་ནས་འགན་ཁུར་ཏེ་རིམ་བཞིན་རྒྱུན་སྐྱོང་གནང་། ༢༠༠༣་ལོར་ཡུལ་མི་རྒན་པ་ཚོའི་དགོངས་བཞེད་ལྟར་བླ་མ་གཙུག་ཕུད་ཚུལ་ཁྲིམས་མཆོག་དགོན་འདིར་གདན་དྲངས་ནས་སྐྱ་སེར་མང་པོ་ཞིག་ལ་ལོ་གཉིས་ཀྱི་རིང་ལ་སྔོན་འགྲོ་དང་དངོས་གཞི་རྩ་རླུང་མུན་མཚམས་སོགས་ཀྱི་བཀའ་དྲིན་བསྩལ་ནས་སྐྱ་སེར་མང་པོ་ཞིག་ལ་དགེ་བའི་སྡོང་འདེབས་མཛད་པ་དང་། མ་ཟད་བླ་མ་ཁོང་ནི་དགོན་འདིའི་ས་ཁྱོན་དང་ཁོར་ཡུག་མི་སྡེ་གང་ལ་ཡང་བཀའ་དྲིན་ཆེ།

  སྤྱི་ལོ་༢༠༠༥ལོར་སྐུ་གཤེགས་དམ་པ་འབུ་མགར་ཚེ་རིང་བསམ་འགྲུབ་ཀྱི་བཀའ་དྲིན་དང་སེམས་ཅན་གྱི་ལས་སྨོན་འཛོམས་པ་ལ་བརྟེན་ནས་རག་ཤི་བླ་མ་ཚུལ་ཁྲིམས་བསྟན་རྒྱལ་རིན་པོ་ཆེ་དགོན་འདིར་ཕེབས་རྒྱུ་གཏན་ཁེལ་ནས་ངས་པའི་ལྷ་སྡེ་མི་སྡེ་ཡོངས་ཀྱིས་བསང་དུད་ཀྱི་སྤྲིན་སྤུངས་བར་སྣང་གང་བར་ཕུལ་བའི་དབུས་ནས་དུང་རྒྱག་གླིང་སོགས་རོལ་མོ་སྣ་ཚོགས་པས་གདན་དྲངས་ཏེ་ངས་པ་མར་ཁུ་དགོན་པའི་གསེར་ཁྲིར་མངའ་གསོལ་ཞུས། དེ་ནས་བླ་མ་ཁོང་གིས་ཐུགས་འགན་བཞེས་ཏེ་མཚམས་ཁང་འོག་མ་དང་། མཐོང་གྲོལ་ལྷ་ཁང་། འདུ་ཁང་གསར་པ། འདུ་ཁང་རྙིང་པའི་ནང་རྟེན། རྡོ་འབུམ་ཐང་དུ་གཡུང་དྲུང་བཀོད་ལེགས་མཆོད་རྟེན་སོགས་ཕྱི་ནང་གི་རྟེན་དང་བརྟེན་པ་ཕུན་སུམ་ཚོགས་པ་བཞེངས། དེ་དང་བསྟུན་ནས་སྤུ་རྒྱལ་ཁུལ་གྱི་སྤྱི་རིམ་སྨན་སྒྲུབ་ཆེན་མོ་ཐེངས་དང་པོ་དེ་བླ་མ་མཆོག་གིས་ཐུགས་འགན་བཞེས་ནས་སྤྱི་ལོ་༢༠༠༩ལོའི་ཟླ་བ་༡༠པའི་ནང་དུ་ཁ་དགེ་བཀྲ་ཤིས་ངང་དུ་ངས་པ་མར་ཁུ་དགོན་དུ་འཚོགས་རྒྱུ་བྱུང་། སྐབས་དེར་བླ་མ་མཁན་པོ་དགེ་བཤེས་སོགས་ཡུལ་ཕྱོགས་གང་ས་ནས་ཕེབས་པ་རྣམས་དང་ཡུལ་སྡེ་སྤྱི་ཡི་རེ་འདུན་ལྟར་བླ་མ་ཚུལ་ཁྲིམས་བསྟན་རྒྱལ་རིན་པོ་ཆེ་མི་འཇིགས་གདོང་ལྔའི་ཁྲི་ལ་མངའ་གསོལ་མཛད་ཅིང་བརྟན་བཞུགས་འདེགས་འབུལ་ཞུས། ད་དུང་ཡུལ་ལུང་འདིའི་མི་སྐྱའི་ཁྲོད་ནས་རིག་གསར་རྗེས་སུ་སྔ་ཕྱི་བར་གསུམ་གང་ནས་ཀྱང་དགོན་པ་འདི་ལ་བཀའ་དྲིན་ཆེ་ཤོས་དེ་འབུ་མགར་ཚེ་རིང་བསམ་འགྲུབ་ཡིན་པ་ཡུལ་སྡེས་བསྔགས་བརྗོད་བྱེད་བཞིན་པ་དང་། མགར་བ་འཆི་མེད་མཆོག་ནས་དགོན་འདིར་བཅའ་འདོན་གྱེར་དབྱངས་སོགས་ཀྱིས་མཚོན་པའི་ཕྱག་རྗེས་མི་དམན་པ་བཞག་ཡོད་ལ། སྒང་སར་གཡུང་དྲུང་ཉི་མ་མཆོག་ནས་དགོན་འདིར་ཡི་དམ་ཕྱི་ནང་གསང་གསུམ་གྱི་སྒྲུབ་རྟེན་རྫས་དང་མཆོད་རྫས། ཟུུང་འཇུག་གི་རྫས་དང་བྱིན་བརླབས་དམ་རྫས་སོགས་བཀའ་དྲིན་བླ་ན་མེད་པ་བསྐྱངས་མཛད་པ་དང་། བོན་རྒྱུད་བསམ་འགྲུབ་དབང་རྒྱལ་ནས་ཀྱང་འགན་འཁྲི་ཆེ་བཞེས་གནང་སྟེ་དགོན་འདི་ཆོས་ལུགས་བྱེད་སྒོ་སྤེལ་གནས་བྱེད་ཆོག་པའི་དཔང་ཡིག་བླངས་པ་སོགས་མདོར་ན་མི་རེ་རེས་དགོན་འདིའི་ཆེད་དུ་ཕྱག་ལས་བསྐྱོན་ཚུལ་བཀོད་དགོས་ན་མང་བས་ཡིག་ཚོགས་ལ་འཇིགས་ནས་མ་བྲིས། ༢༠༡༢ལོའི་ཟླ་བ་བརྒྱད་པའི་ནང་དུ་བླ་མ་རིན་པོ་ཆེ་ཚུལ་ཁྲིམས་བསྟན་རྒྱལ་མཆོག་ནས་གྲྭ་བཙུན་༣༠ལྷག་ཙམ་ལས་གྲུབ་པའི་སྒྲུབ་གྲྭ་གསར་འཛུགས་གནང་སྟེ་ཨ་སྙན་རྫོགས་གསུམ་སོགས་གཞུང་ལུགས་མཐའ་ཡས་པའི་ཁྲིད་ལུང་དང་གདམས་པའི་བཀའ་དྲིན་བསྩལ།

     སྤྱི་ལོ་༢༠༡༥ལོའི་ཟླ་བ་༩པའི་ནང་དུ་སྨན་རིའི་དཔོན་སློབ་སྐལ་བཟང་ཉི་མ་རིན་པོ་ཆེ་དགོན་འདིར་གདན་དྲངས་ཏེ་ཞང་ཞུང་མེ་རིའི་བཀའ་དབང་བསྩལ་ནས་ཐེངས་དང་པོའི་སྒྲུབ་གྲྭ་མཐར་ཕྱིན་པའི་རྟེན་འབྲེལ་མཛད་སྒོ་ཟབ་རྒྱས་ངང་དུ་མཇུག་བསྡུས།

  དེ་ནས་གྲྭ་བཙུན་མང་ཤོས་ཤིག་ཡི་དམ་གྱི་སྒྲུབ་པ་མཛད་དེ་སྒོམ་གྲྭའི་ཚུལ་དུ་རྒྱུན་བཞུགས་མཛད། བླ་མ་མཆོག་གི་སྐུ་ལ་སྙུང་གཞི་ཚབ་ཆེན་བྱུང་ན་མ་གཏོགས་ཕན་ཚུན་ཕེབས་སྐྱོད་མི་མཛད་ནས་ཡི་དམ་གྱི་སྒྲུབ་པ་དང་ཉམས་ལེན་རྒྱུན་སྐྱོངས་མཛད་ནས་བཞུགས་བཞིན་ཡོད་ལ། ༢༠༢༠ ལོར་ཐེངས་གཉིས་པའི་སྒྲུབ་གྲྭ་གསར་འཛུགས་གནང་ནས་སྔར་བཞིན་དབང་ཁ་བྱིན་རླབས་ཀྱི་ཆར་རྒྱུན་ཕབས་བཞིན་པ་དང་། ལོ་ལྟར་དུས་མཆོད་ནི། ཟླ་བ་བཅུ་གཉིས་པའི་ཚེས་བཅུ་གསུམ་ནས་ཚེས་བཅུ་བདུན་བར་དུ་སྟོན་པའི་དུས་ཆེན་ཀློང་རྒྱས་མཆོད་སྦྱིན་འབུལ་བ་དང་། ཟླ་བ་དང་པོའི་ཚེས་གསུམ་ནས་ཚེས་བདུན་བར་དུ་མཉམ་མེད་དུས་ཆེན་སྟེ་ཆོ་ག་བཅུ་གཉིས་དང་མཉམ་མེད་བླ་སྒྲུབ། ཟླ་བ་དྲུག་པའི་ཚེས་གསུམ་ནས་ཚེས་བཅོ་ལྔའི་བར་དུ་དབྱར་རིམ་སྟེ། བྱམས་མ། རྣམ་རྒྱལ་སྟོན་མཆོད། དྲག་སྔགས་དབལ་མོའི་ཚོགས། བོན་སྐྱོང་མ་བདུད་བཙན་རྒྱལ་གྱི་ཁྲི་ཚོགས། ཁྲོ་བོའི་མཁའ་ཀློང་གསང་མདོས་དང་ཡུལ་ས་སྤྱི་མདོས་གཉིས་རེ་མོས། ས་བདག་ཉེ་ལམ་སྡེ་བཞི། གསོལ་ཁ་རྒྱས་པ་སོགས་དང་། ཟླ་བ་བདུན་པའི་ཚེས་ཉེར་ལྔ་ནས་ཟླ་བ་བརྒྱད་པའི་ཚེས་གསུམ་བར་དུ་དཀའ་ཐུབ་ཆེན་མོ་སྟེ། འདུལ་བའི་ཆོ་ག་འཚོགས་རྒྱུ་དང་འདུལ་བའི་སྐོར་བགྲོ་གླེང་། ཟླ་བ་དགུ་པའི་ཚེས་བཅུ་གསུམ་ནས་ཚེས་ཉེར་གསུམ་བར་དུ་བུམ་སྒྲུབ་ཆེན་མོའི་སྐབས་སྒྲིབ་སྦྱོང་མུན་སེལ་སྒྲོན་མ་དང་མ་ཏྲི་རིན་ཆེན་སྒྲོན་མ་གཉིས་འཚོགས་རྒྱུ། ཟླ་བ་བཅུ་པའི་ཚེས་བཅུ་བཞི་ནས་ཚེས་སུམ་བཅུ་བར་དུ་དགུན་རིམ་སྟེ། ཞི་ཁྲོ་ཐོས་གྲོལ་སྦྲག་མའི་ཚོགས་བརྒྱ་དང་། དབལ་གསས་སྡེ་བརྒྱད་ཟློག་མདོས། མགར་ཕུར་སྲུང་ཟློག སྟག་ལའི་སྲུང་ཟློག མ་རྒྱུད་ཚོགས་བརྒྱ། བསྐང་འབུམ། གསོལ་ཁ་སོགས་བཅའ་འཚོགས་འདོན་གསུམ་མཛད་པ་དང་། ཟླ་བ་བྱུང་ངོ་ཅོག་གི་ཚེས་བརྒྱད་དང་། བཅོ་ལྔ། ཉི་ཤུ་གཉིས། གནམ་གང་བཅས་ལ་ཉིན་རེར་ཉ་ཚོགས་མ་ཆད་པར་འབུལ་གནང་བཞིན་པ་དང་། ད་དུང་སྐྱ་སེར་གང་མང་ཞིག་ལ་དགེ་སྒྲུབ་སྡིག་སྤངས་ཀྱི་རྣམ་བཞག་དང་སྔོན་འགྲོ་དངོས་གཞི་རྩ་རླུང་རྣམས་གང་ལ་གང་དགོས་སྟོན་པ་མ་ཟད། གྱེར་དབྱངས་རྔ་རྡུང་འཕྲིན་ལས་འགྲིག་རིམ་རྫས་བསགས་བཅའ་བཀོད་སོགས་ཕུན་སུམ་ཚོགས་པ་ཕྱོགས་དང་རིས་སུ་མེད་པར་བླ་མ་རིན་པོ་ཆེ་ཚུལ་ཁྲིམས་བསྟན་རྒྱལ་མཆོག་གིས་བཀའ་དྲིན་བསྩལ་བཞིན་ཡོད། ༢༠༢༡ལོའི་ཟླ་བ་༨་པའི་ནང་དུ་སྐབས་གཉིས་པའི་སྤུ་རྒྱལ་ཤེས་རིག་དཔྱད་གླེང་ཐེངས་གཉིས་པ་རྒྱས་འཚོགས་བྱས་པ་ཡན་གྱི་གནས་བསྡུས་འདི་དཔེ་ཆ་དང་ཡུལ་མིའི་ངག་སྒྲོས་སོགས་ལ་གཞི་བཅོལ་ཏེ་༢༠༢༡ལོའི་ཟླ་བ་༨་པའི་ཚེས་༢་ཉིན་རྣམ་དག་ཡེ་ཤེས་ནས་བྲིས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།