ལྷོ་ཁ་གྲོང་ཁྱེར་དུ་ཡོད་པའི་གཡུང་དྲུང་བོན་གྱི་གནའ་ཤུལ་ལྷུན་རྩེ་རི་ཐང་དགོན།

[ཟླ་ཚེས། 2019-10-22 10:45:26][རྩོམ་པ་པོ། གཙང་ཚ་བསམ་གཏན་འགྱུར་མེད།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


ལྷོ་ཁ་གྲོང་ཁྱེར་དུ་ཡོད་པའི་གཡུང་དྲུང་བོན་གྱི་གནའ་ཤུལ་ལྷུན་རྩེ་རི་ཐང་དགོན།

  དགོན་པ་འདི་ཉིད་ཐོག་མར་ནམ་ཆགས་དང་སྔར་མིང་གང་ཡིན་སོགས་ལོ་རྒྱུས་སུ་མ་གསལ་བའི་ཚོད་དུ་སྣང་ཡང་། ཤིན་ཏུ་རྙིང་བའི་གནའ་བོའི་བོན་གྱི་དགོན་པ་ཞིག་ཡིན་པ་དང་དེ་རྗེས་བཀའ་འདམས་པས་མཆོད་རྟེན་དང་འདུ་ཁང་གཞན་ཞིག་ནང་རྟེན་བཅས་བཞེངས་པའི་མཚན་ལ་རྒྱ་མཚོ་རིན་ཆེན་སྟེང་ཞེས་བཏགས་པའི་བཤད་སྲོལ་འདུག་ལ། ཆོས་འཕེལ་གྱིས་བརྩམས་པའི་ལྷོ་ཁ་ཁུལ་གྱི་གནས་ཡིག་ཤོག་ངོས་115ལས་ཀྱང་དགོན་དེ་ནི་ཤིན་ཏུ་རྙིང་བ་ཞིག་སྟེ་ཐོག་མར་གནས་དེར་སྤྱི་ལོའི་དུས་རབས་བཅུ་གཉིས་པ་ཙམ་ལ་ཆགས་པའི་བོན་དགོན་ཞིག་ཡོད་པ་ལ་དེ་རྗེས་བཀའ་འདམས་པའི་བླ་མ་རི་བོ་མཁྱེན་བརྩེ་ཞུ་བས་དགོན་ཞིག་ཕྱག་འདེབས་གནང་མཛད། དེ་ནས་རིམ་བཞིན་དགེ་ལྡན་པ་ཕྱག་བཞེས་མཛད། བླ་མ་བློ་བཟང་རི་བོ་མཁྱེན་བརྩེའི་སྐུ་གདུང་བཞུགས་པའི་མཆོད་རྟེན་ཕྱིར་སླར་ཡང་མཆོད་རྟེན་ཞིག་དང་འདུ་ཁང་ཀ་བ་སོ་དྲུག་ཅན་སོགས་བཞེངས་གནང་མཛད། དགེ་འདུན་ཞལ་གྲངས་བརྒྱ་ལ་ཉེ་བ་ཡོད། སྔོན་རྟེན་གཙོ་སྨན་འདམ་གྱི་དུས་གསུམ་སངས་རྒྱས་ཐོག་བརྩེགས་ཅན་དང་། ཕྱག་སྟོང་སྤྱན་སྟོང་ཐོག་བརྩེགས་གཅིག་ལྷག་སོགས་རྟེན་དུ་བཞུགས་ཞེས་གསལ། དགོན་འདིའི་དགེ་འདུན་པས་གསུང་དོན་ལྷ་ཁང་འདི་ལོ་ཆིག་སྟོང་ཉིས་བརྒྱ་ལྷག་ཙམ་དང་དགོན་པ་ལོ་བརྒྱད་བརྒྱ་ཙམ་གྱི་ལོ་རྒྱུས་ཡོད་པར་གསུང་བཞིན་འདུག རིག་གསར་སྐབས་གཞན་ཚང་མ་གཏོར་བཅོམ་ཐེབས་ཀྱང་བོན་གྱི་ལྷ་ཁང་དེ་འབྲུ་མཛོད་བྱས་པས་ལུས།

  དེའི་ཀ་བ་བཞི་ཡི་ཐོད་དུ་སྟག་སེང་ཁྱུང་འབྲུག་གི་བརྐོས་རིས་སོགས་མང་པོ་མ་ཉམས་པར་ཡོད་ལ་ཀ་བ་གཅིག་ནི་ཀ་གདན་མེད་པར་རང་གྲུབ་ས་འོག་ནས་ཚར་བ་ཞིག་ཡོད། དེ་ལ་ལོ་ཤས་སྔོན་སྲིད་གཞུང་གི་ས་བྲུས་ནས་བརྟག་དཔྱད་བྱས་པས་རང་བྱུང་ཡིན་པར་དངོས་སུ་ར་འཕྲོད། གྱང་ངོས་གྱི་ལྡེབས་རིས་རྣམས་རྙིང་དྲགས་པ་དང་གཏོར་སྐྱོན་ཐེབས་པས་གསལ་པོ་མི་མཐོང་བས་ངོས་འཛིན་དཀའ་ལ་གསར་བཞེངས་ལྷ་རྟེན་མང་པོས་གཡོར་བ་སོགས་ཀྱི་རྐྱེན་པས་ལྟ་མི་བདེ། ཉམས་གསོའི་སྐབས་སུ་གྱང་རིས་དེ་དག་ནང་སའི་ཆེད་མཁས་པས་བཀོག་ནས་གཙང་མར་བཀྲུས་རྗེས་ལྕགས་སྐུད་ཀྱི་ནང་བཀྲབ་བཟོས་ནས་སླར་གྱང་ངོས་སུ་སྔར་ལྟར་སྦྱར་འདུག

  འདི་གའི་ཀ་བ་རང་གྲུབ་ཅན་དང་ཀ་མགོའི་སྟག་སེང་ཁྱུང་འབྲུག ད་དུང་ལྡེབས་བྲིས་དག་ནི་ས་དགེ་བཀའ་རྙིང་སུ་དང་མི་འདྲ་བས་ཉམས་ཞིབ་པ་འགས་བོན་ལུགས་ཡིན་པར་ངོས་འཛིན་བྱས་པ་དང་དངོས་ཚན་གང་དུ་དཔྱད་ཀྱང་ལོ་རྒྱུས་ཡུན་རིང་ཡིན་སྟབས་དེ་ལ་བརྟེན་ནས་རྒྱལ་ཁབ་ནས་སྒོར་ཁྲི་སུམ་བརྒྱ་དྲུག་ཅུ་གཏོང་ནས་ཉམས་གསོ་གནང་ཡོད་སྐད་འདུག ད་ལྟ་གཙོ་བོའི་ལྷ་ཁང་དེ་དང་དེའི་གཡས་སུ་རིག་གསར་རྗེས་སུ་བཞེངས་པའི་མགོན་ཁང་དང་གཡས་གཡོན་གྲྭ་ཤག་སོགས་བཞེངས་འདུག་ལ་ཉམས་གསོ་མ་ཐུབ་པའི་གྱང་རལ་ཡང་མང་པོ་འདུག ལྷ་ཁང་འདི་ནི་ལོ་རྒྱུས་གསལ་ཁ་ཅན་དང་གཞི་རྒྱ་ཆེན་པོ་ཞིག་མིན་ཀྱང་གྲུབ་མཐའི་འགལ་འདུ་དང་ཆབ་སྲིད་འཐབ་བརྩོད་ཀྱི་ཁྲོད་དུ་བར་ཆད་རྐྱེན་ངན་གྱི་གཡུལ་ལས་རྣམ་པར་རྒྱལ་ཞིང་འགྱིང་ངེར་ངོ་མཚར་ཅན་དུ་གནས་པའི་ལོ་རྒྱུས་ཀྱི་དཔང་པོ་ཞིག་ཏུ་ངོས་འཛིན་པར་ཆོག་གོ། ད་ལྟའི་གནས་ཡུལ་ལྷུན་རྩེ་རྫོང་རི་ཐང་གྲོང་རྡལ་དུ་ཡོད།

  ཉམས་ཞིབ་མཁོ་བའི་ཕྱིར་དུ་གཉལ་སྡེ་དྲུག་གི་ཡུལ་དུ་གཙང་ཚ་བསམ་གཏན་འགྱུར་མེད་ནས།
སྤྱི་ལོ་2019ལོའི་ཟླ10ཚེས་14ཉིན་བྲིས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།