ལ་ཁ་གཡུང་དྲུང་བསྟན་རྒྱས་གླིང་།

[ཟླ་ཚེས། 2018-08-31 16:48:50][རྩོམ་པ་པོ། རྡོ་བློ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1535705583739242.jpeg

   ལ་ཁ་གཡུང་དྲུང་བསྟན་རྒྱས་གླིང་ངམ་ལ་ཁ་འབྲུག་གྲགས་དགོན་ནི། གངས་ཅན་བོད་ཀྱི་ཤར་ཕྱོགས། མདོ་ཁམས་སྨད་ཀྱི་ཡུལ་གྲུ། ཉག་ཤོད་ཨ་ཛི་ལུང་གི་ལྟེ་བ། གནས་ཆེན་གསང་བ་ཡང་རྫོང་གི་ཉེ་ཞོལ།  སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ཉག་རོང་རྫོང་བང་སྨད་ཤང་གི་ཁོངས་སུ་གཏོགས་ཤིང་། རྫོང་ཐོག་ནས་ནུབ་ཕྱོགས་སུ་གཞུང་ལམ་སྤྱི་ལེ་བཅོ་ལྔ་ཙམ་གྱི་མཚམས་སུ་དབེན་གནས་ཉམས་དགའ་བའི་སར་ཆགས་ཡོད།  དགོན་པ་འདིའི་གྲུབ་མཐའ་ནི།  སངས་རྒྱས་སྟོན་པ་གཤེན་རབ་མི་བོ་ཆེས་སྲོལ་བཏོད་པའི་སངས་རྒྱས་གཡུང་དྲུང་བོན་གྱི་རིང་ལུགས་ཡིན་ལ། གདན་ས་འདིར་བྱིན་གྱིས་རློབ་མཁན་ནི་གསང་བདག་མཁའ་འགྱིང་ཡབ་ཡུམ་དང་། སྟོན་མཆོག་གཤེན་རབ་མི་བོ། བླ་ཆེན་དྲན་པ་ཡབ་སྲས། ཁོད་སྤུངས་བློ་གྲོས་ཐོགས་མེད་སོགས་ཡིན་ནོ།    དགོན་པ་ཐོག་མར་ཕྱག་བཏབ་གནང་མཁན་ནི།  སྤྱི་ལོ་༡༢༨༠ལོ་རབ་བྱུང་ལྔ་པ་ལྕགས་འབྲུག་ལོར་དབྲ་ནག་གི་གདུང་ལས་བལྟམས་པའི་ཁོད་སྤུངས་བློ་གྲོས་ཐོགས་མེད་ཡིན་ཞིང་། ཁོང་སྐུ་ཚེ་དཀྱིལ་ཙམ་ལ་ཨ་མདོ་ནས་ཉག་ཡུལ་འདིར་དངོས་སུ་ཕེབས་ནས་མ་རུང་འདྲེ་སྲིན་དམ་ལ་བཏགས་ཤིང་བཀའ་འོག་ཏུ་བཅུག ཀླུ་གཉན་ས་བདག་དབང་དུ་བསྡུས་ནས་སྣང་སྲིད་ཞི་བདེར་བཅོས།  སྐྱོབ་འབྱིན་གཙོ་འཁོར་བཅུ་གསུམ་བཀའ་དམ་ལ་བཞག   མི་དང་མི་མིན་ཐམས་ཅད་ལ་དགེ་བའི་ལུང་བསྟན་ནས་འགྲོ་བའི་ཁ་ལོ་གྱེན་དུ་བསྒྱུར་ཏེ་ཁྱུང་ཆེན་རྫོང་ལ་རི་ཁྲོད་བཏབ་ནས། སྔགས་སེམས་བླ་མེད་ཀྱི་བོན་ལ་འཆད་ཉན་དང་སྒོམ་སྒྲུབ་ཀྱི་ཕྱག་སྲོལ་ལེགས་པར་ཚུགས། ལ་ཁ་ཞེས་པའི་གྲོང་སྡེའི་བྱང་ངོས་སུ་སྤྱི་ལོ་༡༣༡༥ལོ་རབ་བྱུང་ལྔ་པའི་ཤིང་ཡོས་ལོར་དགོན་ས་བརྟགས་ནས་ལ་ཁ་གཡུང་དྲུང་བསྟན་རྒྱས་གླིང་ཞེས་པའི་དགོན་པ་ཐོག་མ་དེར་བཏབ་ཅིང། ཁྲོ་ཕུར་ཞང་གསུམ་ལ་མངའ་བརྙེས་པའི་རིག་འཛིན་མང་དུ་བྱུང་། ཁོད་སྤུངས་བློ་གྲོས་ཐོགས་མེད་ནས་ད་ལྟའི་བར་དགོན་པ་འདིའི་གདན་རབས་རིམ་བྱོན་ནི། ཁོད་སྤུངས་བློ་གྲོས་ཐོགས་མེད་ནས་ད་ལྟ་སྤྲུལ་བའི་སྐུ་མཆོག་མཁའ་ཁྱབ་རང་གྲོལ་བར་གདུང་རབས་ཉེར་བརྒྱད་འགྲོ་བའི་དོན་དུ་བྱོན་པ་ཡིན་ནོ། །

1535705583493230.jpeg

   དགོན་པ་བསྐྱར་བཞེངས་ཐོག་མ་ནི། སྤྱི་ལོ་༡༨༩༤ལོ་རབ་བྱུང་བཅོ་ལྔ་པའི་ཤིང་རྟ་ལོར་དབལ་གཏེར་རིན་པོ་ཆེ་གསང་སྔགས་གླིང་བའི་བཀའ་ལྟར་གྲྭ་རྒན་བདུན་གྱིས་ཐུགས་འགན་ལེན་པར་བཞེས་ཏེ། དགོན་པ་རྒྱ་བསྐྱེད་དེ་ཀ་རིང་བཞི་ཅན་གྱི་འདུ་ཁང་དང་དགོན་པའི་རྟེན་དང་བརྟེན་པ་ཡོངས་སུ་བསྐྱར་བཞེངས་མཛད་ཅིང་ད་ལྟ་བར་དགོན་རྙིང་ནང་སངས་རྒྱས་གཤེན་རབ་གྱི་སྐུ་བརྙན་སོགས་བཞུགས། ༡༩༠༥ལོར་ཀུན་མཁྱེན་ཤར་རྫ་རིན་པོ་ཆེ་སྐུ་དངོས་སུ་ཕེབས་ནས་རྟེན་གསུམ་ལ་རབ་གནས་དང་ཕྱི་ནང་གསང་གསུམ་གྱི་བཀའ་ལུང་བསྩལ། དབལ་གཏེར་རིན་པོ་ཆེའི་གཏེར་གསར་ཕུར་བའི་སྒྲུབ་ཆེན་དང་ཕུར་པའི་གར་འཆམ་སོགས་གཏེར་ཆེན་ཉིད་ཀྱིས་བཙུགས།

1535705583551710.jpeg

   དགོན་པ་འདིའི་གནས་སྤོས་དང་པོ་ནི། སྤྱི་ལོ་༡༩༢༨ལོ་རབ་བྱུང་བཅུ་དྲུག་པའི་ས་འབྲུག་ལོར་ཁོད་སྤུངས་སུ་ལ་ཚང་གདུང་རབས་ཉེར་བཞི་བ་གཡུང་དྲུང་བསྟན་འཛིན་གྱིས་ལ་ཁ་དགོན་རྙིང་དེ་དབལ་རི་དྲག་པོ་གནམ་ལྕགས་ཡང་རྫོང་གི་ཐུགས་ཀ་དབྲ་ཁྱུང་དུ་གནས་སྤོས་མཛད་དེ། ཀ་རིང་དྲུག་ཅན་གྱི་འདུ་ཁང་གསར་དུ་བཞེངས་ཤིང་རྗེ་སྨན་རི་བའི་ལུགས་ལྟར་དབྱར་ཚོགས་དང་དགུན་ཚོགས་ཀྱི་སྲོལ་བཏོད། དེ་རྗེས་སྤྱི་ལོ་༡༩༣༤ལོ་རབ་བྱུང་བཅུ་དྲུག་པའི་ཤིང་ཁྱི་ལོར་མ་ཧ་པཎྜི་ཏ་སུ་ལ་དབྲ་སྟོན་བསྐལ་བཟང་བསྟན་པའི་རྒྱལ་མཚན་ཞེས་མཚན་གྱི་གྲགས་པ་སྲིད་གསུམ་ཁྱོན་ལ་གྲགས་པ་དེ་ཉིད་ཀྱིས་དབལ་གཏེར་རིན་པོ་ཆེ་ལུང་བསྟན་ལྟར་བདེ་ཆེན་འོད་གསལ་ཐང་ངམ་སྒྲུབ་སྡེ་ཆེན་པོ་བྱང་ཆུབ་གླིང་དུ་བཤད་སྒྲུབ་སྒོམ་གསུམ་དང་སོ་ཐར་རིགས་བརྒྱད་ཀྱི་སྡེ་རྒྱ་ཆེར་བཙུགས་ཏེ། ཨ་མདོ་རྫ་བ་རྒྱལ་རོང་ལི་ཐང་སོགས་བན་བོན་རིས་མེད་ཀྱི་སློབ་བུ་མང་པོ་ལྷན་དུ་འདུས་པའི་སྡེ་ཆེན་མོ་སྟོད་སྒར་དུ་བཤད་གྲྭ། བར་དུ་སྒྲུབ་གྲྭ། སྨད་དུ་ཇོ་སྒར་བཅས་ཀྱི་སྒྲུབ་སྡེ་ཆེན་མོ་བྱང་ཆུབ་གླིང་ཞེས་པའི་སྒྲུབ་སྡེ་རྒྱ་ཆེ་བཙུགས། ཁོང་གི་སྐུ་མཆེད་ཁོད་སྤུངས་གདུང་རབས་ཉེར་ལྔ་བ་སྔགས་འཆང་སྐལ་བཟང་ཉི་མ་རིན་པོ་ཆེས་ཀ་བ་བརྒྱ་ཅན་གྱི་ཚོགས་ཁང་ཆེན་མོ་སྒྲུབ་ཁང་གཡུང་དྲུང་ལྷ་རྩེ་ཞེས་དབལ་གཏེར་གྱི་ལུང་བསྟན་ལྟར་བཞེངས་སྐྲུན་མཛད་དེ། རྟེན་དང་བརྟེན་པ་ཡོངས་སུ་ལེགས་འགྲུབ་བྱུང་ཡོད་དོ། །

1535705583111314.jpeg

   ང་དགུ་ལོའི་དམངས་གཙོ་བཅོས་བསྒྱུར་གྱི་གོད་ཆགས་ཁྲོད་དགོན་པའི་རྟེན་དང་བརྟེན་པ་རྣམས་གཏོར་བརླགས་དང་ཞིག་རལ་དུ་སོང་། ༡༩༨༣ལོར་གོང་རིམ་གྱི་ཆོས་དད་རང་མོས་ཀྱི་ཆོག་མཆན་ཡང་དག་པའི་འོག  ཁོད་སྤུངས་གདུང་རབས་ཉེར་དྲུག་པ་སུ་ལ་མཆོག་སྤྲུལ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེས་དད་ལྡན་སེར་སྐྱ་ཡོངས་ལ་དབང་ལུང་གི་ཁྲིད་དང་ལ་ཁ་དགོན་པའི་མ་དགོན་གྱི་འདུ་ཁང་དང་མཆོད་རྟེན་སོགས་ཉམས་པ་སླར་གསོ་བྱས་ཤིང་དགོན་པའི་ལས་དོན་དང་། ཉག་རོང་རྫོང་སྲིད་གཞུང་གི་འགན་ཅིག་ལྕོགས་སུ་བཞེས་ཏེ། བསྟན་སྲིད་གཉིས་ལ་མཛད་འཕྲིན་རྒྱ་ཆེ་བསྐྱངས། ༢༠༠༣ལོ་ནས་བཟུང་ཁོད་སྤུངས་སུ་ལ་ཚང་མཆོག་སྤྲུལ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེའི་ཐུགས་སྨོན་དང་། སུ་ལ་སྐལ་བཟང་གྲགས་པ་རིན་པོ་ཆེ་དང་། ཁྲོ་ཚངས་སྤྲུལ་སྐུ་ཨ་གཙུག་རིན་པོ་ཆེ་གཉིས་ཀྱིས་ཐུགས་བསྐྱེད་འོག  དབྲ་ཁྱུང་སྒྲུབ་སྡེ་བྱང་ཆུབ་གླིང་དུ་སྒྲུབ་གྲྭ་བ་བཞུགས་ཤག་ཁང་མིག་བརྒྱ་ལྷག་དང་འདུ་ཁང་དང་ཇོ་སྒར་སོགས་ཕྱི་ནང་གི་རྟེན་དང་བརྟེན་པ་རྣམས་ཞིག་གསོ་གསར་བཞེངས་མཛད་ནས་ལེགས་འགྲུབ་བྱུང་དང་འབྱུང་བཞིན་པ་ལགས་སོ། །

1535705583172987.jpeg

   དགོན་པ་བསྐྱར་བཞེངས་གཉིས་པ་ནི། སྤྱི་ལོ༢༠༠༦ལོ་རབ་བྱུང་བཅུ་བདུན་པའི་མེ་ཁྱི་ལོར་སུ་ལ་སྐལ་བཟང་གྲགས་པ་རིན་པོ་ཆེ་དང་། ཁོད་སྤུངས་གདུང་རབས་ཉེར་བདུན་པ་དབྲ་སྲས་ཁྲོ་སྤྲུལ་གཙུག་ཕུད་རིན་པོ་ཆེ་གཉིས་ཀྱིས་ཐུགས་བསྐྱེད་འོག་ལ་ཁ་དགོན་པའི་འདུ་ཁང་ཀ་རིང་དྲུག་བཅས་དང་གྲྭ་ཤག་ལྔ་བཅུ་ལྷག་ལེགས་འགྲུབ་བྱུང་ཞིང་སྤྱི་ལོ་༢༠༡༨ལོ་ཟླ་༦ཚེས་༡༢ཉིན་དགོན་པའི་རྟེན་དང་བརྟེན་པ་བསྐྱར་བཞེངས་ལེགས་འགྲུབ་བྱུང་བའི་རབ་གནས་མཛད་སྒོ་དང་། ཁོད་སྤུངས་གདུང་རབས་ཉེར་བརྒྱད་པ་སུ་ལ་མཆོག་སྤྲུལ་མཁའ་ཁྱབ་རང་གྲོལ་རིན་པོ་ཆེ་གསེར་ཁྲིར་མངའ་གསོལ་མཛད་སྒོ་གཉིས། ཉག་རོང་བོན་དགོན་ཡོངས་རྫོགས་ནས་དབྲ་ཁྱུང་དུ་གདན་གཅིག་ཏུ་འཛོམ་ནས་གཞི་བརྟན་བཀྲ་ཤིས་ཞལ་བསྲོའི་མཛད་སྒོ་བདེ་ལེགས་ངང་འགྲུབ།

1535705583997691.jpeg

   ད་ལྟ་དགོན་བདག་བླ་མ་ནི། སུ་ལ་སྐལ་བཟང་གྲགས་པ་རིན་པོ་ཆེ་དང་མཆོག་སྤྲུལ་མཁའ་ཁྱབ་རང་གྲོལ་གཉིས་ཡིན། དགེ་འདུན་བ་སུམ་ཅུ་ལྷག་ཙམ་བཞུགས། སྒྲུབ་མཆོད་ལ་དགུ་གཏོར་ཉིན་བདུན་དང་། དུས་མཆོད་ལ་དབྱར་གནས་ཞག་ལྔ་བཅུ་བཅས་ཡོད། རི་ཁྲོད་ནང་མཁན་པོ་དང་ཇོ་སེར་དགེ་བསྙེན་བཅས་དགེ་སྦྱོར་བ་བརྒྱ་ཕྲག་ལྷག་གཏན་བཞུགས་མཛད།

WechatIMG23.jpeg

   ལ་ཁ་གཡུང་དྲུང་བསྟན་རྒྱས་གླིང་གི་དགོན་སྡེ་དང་པོར་སྤྱི་ལོ་༡༣༡༥ལོར་བཏབ་བ་ནས་༢༠༡༨བར་དུ་བཀའ་སྡེ་སྣོད་གསུམ་གྱི་འཆད་ཉན་དང་།    ལམ་བསླབ་པ་གསུམ་གྱི་ཉམས་ལེན་ཟུང་འབྲེལ་གྱིས་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་མཛད་ནས་མི་ལོ་བདུན་བརྒྱ་དང་གསུམ་ཙམ་སོང་བ་ཡིན་ནོ། །

1535705582665013.jpeg

གངས་ཅན་ཤར་ཕྱོགས་ཉག་ཤོད་ས་ཡི་སྙིང་། །

དྲེགས་པ་འདུལ་ཞིང་འགྲོ་བའི་ལམ་འདྲེན་པ། །

ཁམས་གསུམ་བསྟན་པའི་བདག་པོ་སུ་ལ་བ། །

དབྲ་སྟོན་ཆེན་པོའི་བསྟན་པ་རྒྱས་གྱུར་ཅིག །

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།