སྟོང་སྐོར་གཡུང་དྲུང་གསང་སྔགས་གླིང་གི་ངོ་སྤྲོད་མདོར་བསྡུས།

[ཟླ་ཚེས། 2015-03-24 16:14:39][རྩོམ་པ་པོ། སྟོང་སྐོར་ཉི་གཞོན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

111.jpg
གཤེན་གྱི་སྒྲུབ་སྡེ་སྟོང་སྐོར་གཡུང་དྲུང་གསང་སྔགས་གླིང་གི་ངོ་སྤྲོད་མདོར་བསྡུས།

      དེ་ཡང་སྟོང་སྐོར་གཡུང་དྲུང་གསང་སྔགས་གླིང་ནི་མཚོ་སྔོན་མཚོ་ལྷོ་ཁུལ་ཀོས་ནན་རྫོང་མགོ་མང་ཞང་སྟོང་སྐོར་སྡེ་བར་གནས་ཡོད་ལ། ཐོག་མར་བོད་རབ་བྱུང་བཅུ་དྲུག་པའི་མེ་བྱ་ལོར་ཨ་ལགས་མཁར་ནག་སྐུ་འཕྲེང་དྲུག་པ་ཚུལ་ཁྲིམས་རྒྱ་མཚོ་མཆོག་དང་སྔགས་བཙུན་ལྔ་ཙམ་གྱིས་བཀྲ་ཤིས་པའི་ལྟས་དང་བཅས་ཚོགས་རས་སྦྲ་གུར་ཞིག་བཟོས་ཏེ། སྟོང་སྐོར་སྡེ་བས་ཐོག་མར་སྤྱི་རིམ་གྱི་སྲུང་འགོ་བཙུགས། དུས་དེ་ནས་བཟུང་སྟོང་སྐོར་སྤྱི་བའམ་སྟོང་སྐོར་བོན་མང་ཞེས་མཚན་ཐོག་པ་ཡིན། དེའི་རྗེས་དམངས་གཙོ་བཅོས་བསྒྱུར་སྐབས་སྟོང་སྐོར་སྡེ་བའི་རྒན་གྲས་འགོ་ཁྲིད་རྣམས་དང་ཕྱོགས་ཡོངས་ཀྱི་དད་ལྡན་རྣམས་ཀྱི་རེ་འདུན་མ་གྲོས་བསམ་པ་གཅིག་མཐུན་གྱིས་སྟོང་སྐོར་གཡུང་དྲུང་གསང་སྔགས་གླིང་ཞེས་གསས་ཁང་ཞིག་བཞེངས་ནས་ནང་རྟེན་སོགས་ལེགས་གྲུབ་ཟིན་ཡོད། དེའི་ནང་རྟེན་ནི་ལྷ་ཡི་གཙོ་བོ་གཤེན་ལྷ་འོད་དཀར་གྱི་སྐུ་བརྙན་དང་རྣམ་པར་རྒྱལ་བ། ཡུམ་ཆེན་བྱམས་མ། ཤེས་རབ་སྨྲ་སེང་། དེ་མིན་རྗེ་ཡབ་སྲས་གསུམ། ཁྲོ་བོ་གཙོ་མཆོག སྲིད་རྒྱལ་དྲེའུ་དམར། དམུ་བདུད་བྲག་བཙན་སོགས་བོན་སྐྱོང་བསྟན་སྲུང་གི་སྣང་བརྙན་མི་དམན་པ་ཞིག་བཞུགས་པ་དང་ཐང་སྐུ་དང་གསུང་རབ་ཀྱི་སྐོར་ནས་རྒྱལ་བའི་བཀའ་བརྟེན་འགྱུར་གྱི་གླེགས་བམ་སོགས་མི་ཉུང་བ་ཞིག་ཡོད་པའོ།།

5555.jpg

      དེ་ནས་རིམ་བཞིན་ཇེ་རྒྱས་ཇེ་ལེགས་སུ་བཏང་ནས་གཟུངས་རྟེན་བླ་ན་མཐོ་བའི་སྟག་ལའི་མཆོད་རྟེན་དང་ཕུར་བའི་འཁོར་ཆེན་གཉིས་བཞེངས་སུ་གྲུབ་པ་དང་བྱིན་རྟེན་ནི་གཤེན་རབ་ཐུན་རྡོ་ལས་འཁྲུངས་པའི་འཕེལ་གདུང་རྒྱལ་བ་མཉམ་མེད་ཆེན་པོའི་དབུ་སྐྲ། དགོངས་མཛོད་རི་ཁྲོད་ཆེན་པོའི་རང་བསྲེལ་སོགས་སྲིད་འདིར་དཀོན་པའི་རྟེན་མཆོག་བྱིན་ཅན་རྣམས་བཞུགས་སུ་གསོལ། དེ་ནས་ཕྱི་ཡི་ལྕགས་རི་དང་བར་གྱི་འདུ་ཁང༌། ནང་གི་ལྷ་རྟེན་རྣམས་རིམ་བཞིན་ཡར་རྒྱས་སུ་སོང་བར་བསྟུན་འདུ་ཁང་དེ་ལས་ཆེ་བ་ཞིག་བཞེངས་སུ་གསོལ་བ་དང་ནང་རྟེན་ལ་ཡང་ཀུན་བཟང་ཞལ་ལྔ་ཕྱག་བཅུའི་སྐུ་དང་ཚེ་དབང་རིག་འཛིན་སྐུ་སོགས་དེ་མིན་རྟག་གཟིགས་ཞིང་བཀོད། གདུགས་དཀར་ཚོགས་ཞིང༌། ངན་སོང་སྐྱེ་སྒོ་གཅོད་པའི་ཚོགས་ཞིང༌། ཡི་དམ་སྟག་ལའི་ཞལ་ཐང༌། ཁྲོ་བོ་གཙོ་མཆོག་གི་ཞལ་ཐང་སོགས་གཙོས་པའི་ནང་རྟེན་སྐོར་ཡང་གྱ་ནོམ་པ་ཞིག་བཞེངས་སུ་གྲུབ་པའོ།།

222.jpg333.jpg

      ཚོགས་ཀྱི་སྐོར་ལ་ཡང་ཧོར་ཟླ་དང་པོའི་ཚེས་བཅུ་གསུམ་ནས་བཅུ་དགུའི་བར་དུ་ཡི་དམ་ཁྲོ་བོའི་སྒྲུབ་པ་དང༌། ཧོར་ཟླ་བཞི་བའི་ཚེས་ཉེར་གཉིས་ནས་ཚེས་ཉེར་ལྔའི་བར་གཤེན་རབ་རྣམ་པར་རྒྱལ་བའི་གཏེར་སྒྲུབ་དང་ཀླུ་མཆོད་ཆོ་གའི་སྒྲུབ་པ་སོགས་སྒྲུབ་སྲོལ་དང༌། ཧོར་ཟླ་བདུན་པའི་ཚེས་གཅིག་ནས་ཚེས་དྲུག་བར་བསྟན་སྲུང་བོན་སྐྱོང་གི་ཚོགས་རྒྱས་འབུལ། ཧོར་ཟླ་དགུ་བའི་ཚེས་གཅིག་ནས་ཚེས་དགུའི་བར་ཡི་དམ་ཁྲོ་བོ་གཙོ་མཆོག་གི་ལས་གཞུང་སྒྲུབ་པ་བཅས་ཚོགས་དང་སྒྲུབ་པའི་སྐོར་ཡང་མང་པོ་ཞིག་འཆིས་སོ།།

      «དུང་ཟླའི»ལོ་དེབ་མདུན་མའི་ནང་ཤོག་སྟེང་དུ་འཁོད་པའི་སྟོང་སྐོར་ཕུར་བས་བསྡུས་དོན་དེ་གཞི་བཅོལ་ནས་སྟོང་སྐོར་ཉི་གཞོན་ནམ་གཡུང་དྲུང་བསྟན་པ་རུ་འབོད་པས་ཁྲོམ་ཡུལ་གདན་སའི་འདབས་སུ་སྦྱར་བ་དགེའོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།