ཞང་ཞུང་ལྷ་རིས་སྒྱུ་རྩལ་སློབ་གླིང་།

[ཟླ་ཚེས། 2016-12-22 23:38:35][རྩོམ་པ་པོ། སྒོ་རིགས་དགེ་བཤེས་ཤེས་རབ་གྲགས་པ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ཞང་བོད་ལྷ་རིས་པ་ཨ་སྣང་པེ་དང་ཞང་ཞུང་ལྷ་རིས་སྒྱུ་རྩལ་སློབ་གླིང་གི་མཚམས་སྦྱོར་གནད་བསྡུས།
02.jpg
01.jpg

 ཞང་བོད་ལྷ་རིས་པ་ཨ་སྣང་པེ་མཆོག་ནི། མདོ་སྨད་རྔ་གཡང་ཕྱུག་མོའི་བློན་ཚང་ཡུལ་ཚོ་རུ་ཁག་བཞི་བའི་གཤོག་ཚང་གི་ཁྱིམ་དུ་རབ་བྱུང་བཅུ་དྲུག་པ་སྤྱི་ལོ༡༩༧༧ལོར་སྐྱེས། དེ་ནས་༡༩༨༤ལོར་སྣང་དགོན་གྱི་ཚོགས་གྲལ་དུ་ཞུགས་ཏེ་ཁྲི་རབས་བཅོ་ལྔ་བ་དཔོན་སློབ་ཤེས་རབ་བསམ་གཏན་མཆོག་འབྲི་ཀློག་གི་ཡོངས་འཛིན་དུ་བཀུར་ནས་སློབ་གཉེར་གནང་། ཞོར་དུ་སུམ་རྟགས་དང་སྙན་ངག་ཡིག་བྲིས་སོགས་ལ་འབད་བརྩོན་བྱས།

03.jpg

   སྤྱི་ལོ༡༨༨༦ལོར་དཔལ་ལྡན་བླ་མ་དམ་པ་༧རྗེ་རྒྱལ་ཚབ་ཚུལ་ཁྲིམས་བསྟན་འཛིན་དབང་གི་རྒྱལ་པོ་མདུན་ནས་གཙང་མ་གཙུག་ཕུད་ཀྱི་སྡོམ་ཁྲིམས་བླངས་ཏེ་མཁས་མང་འདུས་པ་རྒྱ་མཚོའི་ཚོགས་གྲལ་དུ་ཞུགས། དེ་རྗེས་ཁུ་བོ་དགེ་ལེགས་རྒྱ་མཚོས་བཀོད་སྒྲིག་འོག སྤྱི་ལོ༡༩༨༨ལོར་ཞང་བོད་ལྷ་རིས་ཀྱི་རྒྱུད་འཛིན་དམ་པ་རྒན་བློ་གྲོས་རྒྱ་མཚོ་དང་། གོས་ལྷ་པཎྡི་ཏའི་རྒྱུད་འཛིན་དམ་པ་རྒན་ལུང་རྟོགས་རྒྱ་མཚོ་ཟུང་གི་མདུན་ནས་སྔ་གཞུག་ཏུ་ཞང་བོད་ཀྱི་རིག་གནས་ཆེ་བ་ལྔའི་ཡ་གྱལ་བཟོ་རིག་སྒྱུ་རྩལ་གྱི་ལམ་ལ་ཞུགས་ནས་སྐྱ་ཐིག་རི་མོ་དང་། དངོས་བྲིས་རི་མོ། སྣུམ་མཚོན་རི་སོགས་ལ་སྦྱང་བ་མཐར་ཕྱིན་པ་མ་ཟད། ཕྱོགས་སོ་སོའི་དགོན་སྡེ་དང་ལྷ་ཁང་སོགས་སུ་གནའ་ཉམས་ཀྱི་ཚོན་མདངས་མངོན་པར་བཀྲ་བའི་ཤིང་ཚོན་སོགས་ཐང་ག་བརྒྱ་ཕྲག་ལྷག་བཞེངས་པ་ལ་ཀུན་གྱིས་བསྟོད་བསྔགས་ཀྱི་མེ་ཏོག་ཡང་ཡང་འཐོར། ལྷག་པར་དུ་འདས་པའི་མི་ལོ་སུམ་ཅུ་ལ་ཉེ་བ་ཙམ་གྱི་རིང་ལ་ཁོང་གིས་བྲིས་པའི་གདོད་མའི་རི་མོའི་གཞི་རྩ་བྱེད་པས་ཐང་ག་མང་ཤོས་ལ།

04.jpg

   ད་ལྟ་ཡུལ་གྲུ་སོ་སོ་ནས་སྙན་གྲགས་དེ་བས་ཀྱང་མཐོ་ལ། ཁྱད་པར་དུ་དེང་སྐབས་ཁོང་གིས་བན་བོན་གཉིས་མེད་ཀྱི་ལྷ་རིས་ཕྱག་ལས་ལ། སྦྱང་འདོད་ཀྱི་འདུན་མ་ཆེ་བའི་གཞོན་སྐྱེས་ཀྱི་རི་མོ་བ་དུ་མ་ཞིག་གི་རྗེས་སུ་ཡི་རངས་བྱེད་བཞིན་པ་དང་། ལྷག་ཏུ་ཁོང་གིས་སྐུ་ངལ་ལ་མ་འཛེམས་པར་བོད་གྱི་རི་མོའི་སྒྱུ་རྩལ་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོའི་ཆེད་དུ།

05.jpg

   བོད་རང་ས་རང་ཡུལ་ནས་ས་སྐྱེས་རྡོ་སྐྱེས་སུ་བྱུང་བའི་གདོད་མའི་རི་མོའི་རྒྱུད་འཛིན་དུ་དམིགས་ཏེ ༼ཞང་ཞུང་ལྷ་རིས་སྒྱུ་རྩལ་སློབ་གླིང༽ཞེས་པའི་སློབ་གླིང་ཞིག་སྤྱི་ལོ༢༠༡༢ལོར་གསར་དུ་བཙུགས་པར་མ་ཟད། སློབ་ཡོན་སྐར་གང་མི་དགོས་པའི་སློབ་ཚན་ཁྲིད། དེང་ཆར་ཡང་སློབ་བུ་སུམ་ཅུར་ཉེ་བ་ཙམ་ཞིག་བསྐྱངས་དང་སྐྱོང་བཞིན་པ་དང་།

06.jpg

   ལྷག་ཏུ་ཁོང་གིས་ལྷ་རིས་ལ་བཅིངས་པའི་དུང་བ་དང་ལག་རྩལ་ལས་བྱུང་བའི་རི་མོ། བཟོ་རིག་གི་བྱུང་རབས་བརྗོད་པའི་ལོ་རྒྱུས་སོགས་ལ། ཕྱོགས་སོ་སོའི་ལྷ་རིས་པ་དང་ཆེད་མཁས་པ་དག་གི་རྗེས་སུ་ཡི་རངས་བྱེད་མཁན་ཉུང་ཉུང་མིན་ལ།

07.jpg

   ད་ལྟའི་ཆར་ཁོང་ལྟ་བུ་ལ་མཚོན་ན་ཕྱོགས་སོ་སོའི་བཟོ་རིག་ལག་རྩལ་གྱི་བཤམས་སྟོན་ཁང་དང་། བཟོ་རིག་དང་འབྲེལ་བའི་བགྲོ་གླེང་། ཚོགས་འདུ་ཆེ་ཆུང་སོགས་ལའང་གདན་འདྲེན་ཞུ་མཁན་མང་པོ་ཡོད།

08.jpg

   ནམ་རྒྱུན་ཁོང་གི་གསུང་རྒྱུ། སྤྱིར་རང་ཉིད་ལ་མཚོན་ན་དམ་པའི་ཆོས་གྲལ་དང་འཇིག་རྟེན་མི་གྲལ་གང་ལ་ཡང་མི་ཚུད་པའི་དབང་བོ་སྐྱོན་ཅན་གྱི་མི་བུ་ཞིག་ཡིན་ཁར། སྐབས་རེ་ལ་ཞང་ཞུང་ལྷ་རིས་སྒྱུ་རྩལ་སློབ་གླིང་གི་འགན་ཁུར་ལྕི་མོའི་ཚོར་སྣང་དེའི་ཡིད་ཕམ་ཞིང་སེམས་སྐྱོ་བའི་གནས་སུ་སྐྱེལ་ཁར། ལྷག་ཏུ་གྲྭ་རྐྱང་རང་ལ་མཚོན་ན། ལྟོ་གོས་ཀྱི་ཆེད་དུ་ཁ་མངར་སྐྱུར་གསུམ་གྱི་འཚོ་བའི་བྲོ་བ་མྱོང་དགོས་པའང་མང་ནའང་།

09.jpg

   འོན་ཀྱང་རང་ཉིད་ནི་རབ་བྱུང་བ་ཞིག་ཡིན་པའི་ཆ་ནས། འཇིག་རྟེན་འཁོར་བ་སྐྱོང་བའི་ལས་ཁོ་ན་ལ་མི་འབད་པར། རང་གི་ཐུབ་ཚོད་ཀྱིས་ཆོག་ཤེས་ཅུང་ཙམ་རེ་བསྟེན་བཞིན། ཤེས་ཚོད་དང་ནུས་ཚོད་ཀྱིས་ང་ཚོའི་རྗེས་རབས་པ་དག་ལ་ལྷག་བསམ་རྣམ་དག་གིས་རིག་གནས་དར་སྤེལ་དང་ཞབས་ཞུ་གང་ལྕོགས་རེ་སྒྲུབ་རྒྱུ་ནི་རང་ཉིད་ཀྱི་འཚོ་བའི་དམིགས་ཡུལ་དང་མི་ཚེའི་ཕུགས་བསམ་ཞིག་ཡིན་ཞེས་གསུང་།

10.jpg

   སྤྱིར་ལྷ་བྲིས་པ་ཞིག་ལ་མཚོན་ན་དཔལ་འབྱོར་ཁོ་ནའི་ཆེད་དུ་མ་ཡིན་པ་ཞང་བོད་བཟོ་རིག་གི་རྒྱུད་འཛིན་པ་ཞིག་ཡིན་པའི་འདུ་ཤེས་ཤིག་སྐྱེ་དགོས་པ་ནི་ཁོང་གི་གསུང་བ་བཞིན་ཡིན། ད་དུང་ཁོང་གིས་རྒྱུན་དུ་ལྷ་བྲིས་པ་ཞིག་ལ་མཚོན་ན་འོལ་ཚོད་དང་རྟོག་བཟོ་ཙམ་མ་ཡིན་པའི་སྒོ་ནས་བཟོ་རིག་པའི་གཞུང་ལུགས་ཡང་དག་ལ་ཁོང་བཅོལ་རྒྱུ་ནི་ལྷ་བཟོ་བ་ཞིག་གི་ཕྲག་ལ་བབས་པའི་འོས་འགན་ཡིན་ལ།

11.jpg

   མདོ་སྔགས་ཀྱི་གཞུང་ལུགས་གང་ཡིན་ཡང་ཞི་མ་ཁྲོ་གསུམ་གྱི་ལྷ་ཚོགས་ཡོད་ཚད་རང་གཞུང་གི་མངོན་རྟོགས་ལྟར་སྐུ་མདོག་དང་། ཕྱག་མཚན། འགྱིང་སྟབས་ལ་སོགས་ལ། སོ་སོའི་རིག་པའི་བཟོ་བཅོས་མི་གཏོང་བར། ཚད་ལྡན་གྱི་སྐུ་གཟུགས་རེ་བཞེངས་ཅི་ཐུབ་བྱ་རྒྱུ་ནི་དེ་ལས་ཀྱང་འགན་གཙོ་བོ་རེད།

12.jpg

   མདོ་ལས་ཀྱང་། ཆག་ཚད་མི་ལྡན་ལྷ་རྣམས་ལ། །རྩི་ཤིང་ནགས་ཚལ་རི་མོ་འདྲ། །སངས་རྒྱང་མངོན་པར་སྤྱན་དྲང་ཡང་། །དེ་ལ་རབ་གནས་ཐེབས་མི་འགྱུར། །དེའི་ཕྱིར་ཆག་ཚད་ལྡན་པར་བྱ། །ཞེས་གསུངས་པ་ལྟར། ལྷ་སྐུ་གཞུང་ལུགས་ལྟར་དང་། ཡུལ་ལྗོངས་ཀྱི་བཀོད་པ་རང་རང་གི་རྣམ་དཔྱོད་ཀྱི་རྩལ་དང་བསྟུན་ནས་མཛེས་རིས་ཀྱི་རྣམ་པ་སྔར་ལས་ཀྱང་དར་རྒྱས་གོང་འཕེལ་ཅི་ནུས་རེ་གཏོང་བཞིན་སྒྱུ་རྩལ་གྱི་ཁྱད་ཆོས་འབུར་ཐོན་རེ་བྱ་རྒྱུ་ནི་ང་རང་གི་ཆེས་མཐའ་མཇུག་གི་རེ་བ་ཉག་གཅིག་ཀྱང་ཡིན་ལ། མ་འོང་པའི་ཕུག་འདུན་ཁག་གཅིག་ཀྱང་ཡིན་ཞེས་ཁོང་གི་དུས་རྒྱུན་སྐད་གསང་མཐོན་པོའོ་སྒོ་ནས་རྗེས་རབ་པ་དག་ལ་རེ་བཅོལ་ཞུ་བཞིན་པ་བཅས་སོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།