སྤུ་རྒྱལ་གངས་རིའི་གནས་ཡིག་གཏེར་གྱི་ཕྲེང་བ་གླེང་བ།
[ཟླ་ཚེས། 2025-04-09 17:14:09][རྩོམ་པ་པོ། དགེ་བཤེས་གཙུག་གཤེན་རྒྱལ་མཚན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

དང་པོ། སྤུ་རྒྱལ་གནས་ཀྱི་ངོ་སྤྲོད་མདོར་བསྡུས།
སྤུ་རྒྱལ་གངས་རི་ནི་བོད་ཀྱི་གངས་རི་ཆེན་པོ་བདུན[1]་གྱི་ཡ་གྱལ་དུ་གྲགས་ཤིང་། དེང་གི་བོད་ལྗོངས་ནག་ཆུ་གྲོང་ཁྱེར་གྱི་སྦྲ་ཆེན་རྫོང་དང་། སོག་རྫོང་། ཆབ་མདོ་གྲོང་ཁྱེར་གྱི་སྟེང་ཆེན་རྫོང་བཅས་རྫོང་གསུམ་གྱི་འབྲེལ་མཚམས་སུ་གནས་ཡོད་ལ། བོད་ཁུལ་གྱི་འཁྱག་རོམ་གཞི་རྒྱ་ཆེ་ཤོས་དང་མཐོ་ཚད་ལ་མཚོ་ངོས་ནས་རྨིད་༦༣༢༨ཡོད་པའི་གངས་རི་རྔམ་བརྗིད་ལྡན་པ་ཞིག་ཡིན་པ་མ་ཟད། གཡུང་དྲུང་བོན་གྱི་དད་ལྡན་རྣམས་དང་ལྷག་ཏུ་ཡུལ་ཁམས་འདིའི་མི་རྣམས་ཀྱི་མཆོད་བསྟོད་དང་ཕྱག་སྐོར་བྱེད་སའི་གནས་རི་གྲགས་ཆེ་བ་ཞིག་ཏུ་གྱུར་ཡོད། གནས་མཆོག་འདི་སྔོན་གྱི་དུས་སུ་སྒྲུབ་གཤེན་རིག་འཛིན་དམ་པ་མང་པོས་ཞབས་ཀྱིས་བཅགས་ཏེ་བྱིན་གྱིས་བརླབས་མྱོང་ལ། ཕྱིས་སུ་སྒྲུབ་གཤེན་མང་པོས་སྒོམ་སྒྲུབ་གནང་སའི་ས་གནས་ཤིག་ཏུ་གྱུར་ཡོད།གནས་འདིའི་ངོ་མཚར་གྱི་བཀོད་པ་ལའང《གསོལ་མཆོད་འཕྲིན་ལས་ཀུན་འགྲུབ》ལས“ཤར་ཕྱོགས་ཞི་ཚུལ་གཡག་དཀར་ཆུར་ཞུགས་འདྲ། བྱང་ཕྱོགས་རྒྱས་པ་རྨོག་ཕོར་བརྩེགས་པ་འདྲ། ནུབ་ཕྱོགས་དབང་རི་པད་མ་སྤུངས་པ་འདྲ། ལྷོ་ཕྱོགས་དྲག་འཁྲོས་དབལ་གཡག་ཁྲོས་པ་འདྲ།”[2]ཞེས་གསལ་བ་སོགས་ཀྱིས་རྟོགས་ཐུབ་ལ། གཞན་ཡང་ཕྱོགས་མཚམས་ཀྱི་རི་ལུང་དག་ཏུ་ཁ་དོག་མི་གཅིག་པའི་མཚོ་དང་མཚེའུ། ཚར་དུ་དངར་བའི་རི་བྲག་དང་ནགས་ཚལ་གྱི་རྫོངས་ཆེན། སྒང་གཤོང་དག་ཏུ་ཅི་དགར་བཞད་པའི་འདབ་ལྡན་མེ་ཏོག ཡངས་པའི་རྩྭ་ཐང་དང་དྭངས་བསིལ་གྱི་ཆུ་བོ་སོགས་རང་བྱུང་གི་བཀོད་པ་ཧ་ཅང་ལྟ་ན་སྡུག་པ་ཞིག་ཡིན། དེ་དག་ཏུ་འཚོ་ཞིང་གནས་པའི་གཅན་གཟན་དང་འདབ་ཆགས། རི་དྭགས་དང་གཡུང་དྭགས་སོགས་སྲོག་ལྡན་གྱི་ཚོགས་རྣམས་ཀྱང་ལྷོད་བདེ་བག་ཕེབས་ཀྱིས་རྒྱུ་བ་བཅས་སྣོད་བཅུད་ཀྱི་དགེ་མཚན་ནི་འདིར་ས་བཅད་མ་སྟོང་ཙམ་དུ་ཞུས་པ་ལགས་སོ།།
གཉིས་པ། ལོ་རྒྱུས་ཡིག་ཚང་ཁག་ཏུ་གནས་འདིའི་སྐོར་ཇི་ལྟར་གསལ་བའི་སྐོར།
ཕྲན་གྱི་ལག་ཏུ་སོན་པའི་ཡིག་ཆ་ལྟར་ན། གནས་འདིའི་སྐོར་ཐོག་མར་མངོན་པའི་ཡིག་ཆ་ནི་རླངས་བྱང་ཆུབ་འདྲེ་བཀོལ(༩༦༨-༡༠༧༦)གྱིས་མཛད་པའི《རླངས་ཀྱི་པོ་ཏི་བསེ་རུ་ཆེ་དགེ་ཡིག་ཚང་། མི་རྒྱུད་གྲོལ་ཐབས》ཞེས་པ་དེ་ཡིན་ལ། དེ་ཉིད་ལས“རླངས་དཔལ་སྟག་ལྷ་གཟིགས་བསེའུ་རྒྱུད་གསུམ་གྱིས་ལྷ་རུ་མོ་ནམ་མཆེད་བརྒྱད་མཆོད་ནས། རླངས་ཁམས་པ་རུ་གསུམ་བྱས་ནས། ཁམས་པའི་སྤྱི་དཔོན་བྱས་པས་ཁམས་པའི་དཔོན་རྒྱུད་ཡིན་པ་དང་། ཐ་མར་བུ་ཚ་ཡིག་ཚང་མང་བ་དང་། སྔར་སྲོལ་བཟང་པོ་ཡོད་པ་དེ་ཡང་ལྷ་རིགས་རླངས་ཡིན།”[3]ཞེས་རླངས་རུས་རྒྱུད་ཀྱི་མདོ་ཁམས་སྟོད་ཕྱོགས་བཟུང་དུས་གནས་འདི་གཙོ་བོར་མཆོད་བསྟོད་བྱས་ཤིང་། ལྷ་རིགས་རླངས་ཀྱི་ཕོ་ལྷ་རུ་བཀུར་ཡོད་པ་གསལ་ཡོད། འདིར་རླངས་ཁམས་པ་རུ་གསུམ་བྱས་ཞེས་པའི་རུ་གསུམ་ནི“རླངས་གསེར་པས་གསེར་རིས་བདག གཡུ་པས་གཡུ་རིས་བདག རུ་དཔོན་གྱིས་བྲག་ཤེལ་ལེ་རྒྱ་གར་གྱི་ལྷ་ཞོལ་བདག ལྷ་གཟིགས་དེ་གསུམ་གྱིས། ལྷོ་སྟོད་ལུང་ཆེན་བཅོ་བརྒྱད་བདག་བྱས་ནས་ཁམས་པའི་སྤྱི་དཔོན་བྱས་པས། འབངས་བཀོལ་མཁས་པ་དང་ཡུལ་འཛིན་སྔ་བ་ཡང་ལྷ་རིགས་རླངས་ཡིན།”[4]ཞེས་རླངས་རུས་རྒྱུད་ཀྱིས་གནས་འདིའི་ཕྱོགས་མཚམས་ཀྱི་ཡུལ་སྡེ་བདག་ཏུ་བྱས་པའི་སྐོར་འཁོད་ཡོད། ཐོག་མར་ག་དུས་དབང་དུ་བྱས་མིན་མི་ཤེས་མོད། དུས་རབས་དགུ་པའི་གཡས་གཡོན་ནས་རླངས་རུས་རྒྱུད་ཀྱིས་ཡུལ་ཁམས་འདི་དག་ལ་མངའ་དབང་བསྒྱུར་ཅིང་། སྤུ་རྒྱལ་གངས་རི་ཡང་ཁོ་ཅག་གི་ཡུལ་ལྷ་དང་མཆོད་བསྟོད་བྱ་ཡུལ་གཙོ་བོར་གྱུར་པ་ཤེས་ཐུབ། སྐབས་དེར་ད་དུང་ཡུལ་ལྷ་ལས་གནས་རིའི་ངོ་བོར་འཕོས་མེད། ཤེས་རྟོགས་བྱུང་བ་ལྟར་ན་གནས་འདིའི་ཐོག་མའི་མཚན་ལ་མོ་ནོམ་མཆེད་བརྒྱད་ཅེས་འབོད་པ་ཡིན་ལ། དེ་ཡང་གཙོ་བོ་ཡུལ་ལྷའམ་གནས་བདག་གི་ངོས་ནས་གསོལ་བ་ཡིན་ནམ་སྙམ། གནས་འདིར་མོ་ནོམ་མཆེད་བརྒྱད་ཅེས་འབོད་པ་ཡིག་ཆ་གཞན་ལས་ཀྱང་ཤེས་ཐུབ་སྟེ། བོན་གྱི་བླ་མ་སྤྲུལ་སྐུ་བློ་ལྡན་སྙིང་པོ(༡༣༦༠-༡༤༠༦)མཆོག་གི་སྙན་རྒྱུད《མ་འོངས་ལུང་བསྟན་གསལ་བའི་མེ་ལོང》ལས“རྡ་ཕུ་དར་མཚོ་སྤས་པའི་ཡུལ་ཅིག་ཡོད། གསེར་རི་གཡུ་རི་གཉིས་ལ་སྦས་ཡུལ་ཡོད། སྤུ་རྒྱལ་མོ་ནོམ་དག་ལ་སྦས་ཡུལ་ཡོད།”[5]ཅེས་དང་། ཤེལ་ཞིག་གཡུང་དྲུང་རྒྱལ་པོ(༡༦༥༥-?)མཆོག་གི་སྙན་རྒྱུད《སྤུ་རྒྱལ་གནས་ཡིག་གཏེར་གྱི་ཕྲེང་བ》ལས“སྤུ་རྒྱལ་མོ་ནོམ་གཉེན་པོ་ལ། དྲི་མེད་གཟི་བརྗིད་བོན་སྒོ་བཞུགས།”[6]ཞེས་ཡུལ་ཁམས་འདིའི་མོ་ནོམ་ཞེས་པའི་རི་དེ་སྤུ་རྒྱལ་རང་ཡིན་པ་གསལ་པོར་ཤེས་ཐུབ། འདིའི་སྔ་རོལ་དུ་ད་དུང་བོན་གྱི་བླ་མ་དྲུང་མུ་ཧ་ར་ཞེས་པའི་སྙན་རྒྱུད་དུ་གྲགས་པ《སྟོང་རྒྱུང་བརྔན་རིང་ཆེན་མོ》ལས“ནག་སོག་ཆུ་རྒྱུན་དགེ་བསྙེན་དང་། རོང་ལ་དེ་ནི་རྒྱལ་མཚན་དང་། མོ་ནམ་གཉན་པོ་མཆེད་བརྒྱད་དང་། འོད་ཕྲོམ་གཉན་པོ་ལ་སོགས་ཏེ། རོང་བཙུན་ཁ་བ་དཀར་པོ་དང་། རོང་ཡུལ་ཉིན་སྲིབ་ས་བདག་ཀླུ་གཉན་བརྔན།”[7]ཞེས་མོ་ནམ་མཆེད་བརྒྱད་ཅེས་སྨོས་ཡོད། སྤུ་རྒྱལ་ཞེས་པའི་མཚན་ནི་དུས་རབས་བཅུ་བཞི་པའི་ནང་གི་ཡིག་ཆ་རུ་བྱུང་འདུག་ལ། དེ་ཡང་གཙོ་བོ་ཕྱི་ཡི་གངས་རི་ལ་ལྟོས་ཏེ་བཏགས་པ་ཡིན་སྙམ། སྤུ་ཞེས་པ་ཞང་སྐད་དེ་གངས་རི་ལ་གོ་བའི་སྐོར་ཡང་གླེང་མཁན་བྱུང་འདུག་ལ། དེ་ནི་བསམ་གཞིག་དགོས་ངེས་ཀྱིས་གནད་ཅིག་ཆགས་ཡོད། དེར་བརྟེན་ངས་བསམ་ན་སྤུ་རྒྱལ་ཞེས་པ་ནི་གངས་རིའི་རྒྱལ་པོ་ཞེས་པའི་གོ་དོན་ཡོད་སྙམ། ཕྱིས་སུ་མོ་ནོམ་མཆེད་བརྒྱད་ཅེས་པའི་འབོད་སྲོལ་དེ་ཉུང་དུ་སོང་བ་དང་སྤུ་རྒྱལ་གངས་རི་ཞེས་ཡོངས་ཁྱབ་ཏུ་འབོད་སྲོལ་ཆགས་འདུག དེ་ནི་ཕྱོགས་གཅིག་ནས་རི་བོ་འདི་ཡུལ་ལྷ་ནས་གནས་རིར་འཕོ་འགྱུར་སོང་བར་འབྲེལ་བ་ཡོད་ངེས། བློ་ལྡན་སྙིང་པོ་མཆོག་ནི་གནས་སྒོ་གསར་དུ་འབྱེད་མཁན་གྱི་བླ་མ་ཞིག་ཡིན་ལ། ཁོང་གིས་སྤུ་རྒྱལ་ནི་སྦས་ཡུལ་ཡིན་པ་ངོས་འཛིན་བྱས་ཡོད། སྦས་ཡུལ་ཞེས་པ་ནི་གཅིག་ནས་གནས་དེ་ཡུལ་ཁམས་གཞན་ལས་གསང་བའམ་སྦས་པའི་ཚུལ་དུ་ཡོད་པ་དང་། གཉིས་ནས་གནས་དེ་ནི་བདེ་བར་གཤེགས་པས་བྱིན་གྱིས་བརླབས་པ་དང་བོན་ཆོས་ཀྱི་གཏེར་ཁ་མང་པོ་བདོག་པས་ཡིན། ཡིན་ནའང་དེའི་རྗེས་སུ་གནས་འདིར་མོ་ནོམ་མཆེད་བརྒྱད་ཅེས་འབོད་སྲོལ་མེད་པ་མིན་ཏེ།《སྤུ་རྒྱལ་གསོལ་མཆོད་སྣང་ཁམས་གཡོ་བའི་གཏེར་ཚོགས》ཞེས་པ་ལས“འཛམ་གླིང་གངས་ཅན་ཁ་བ་ལྗོངས་པའི་ཞིང་། མདོ་གམ་སྒང་སྟོད་རྔུལ་རྫ་ཟལ་མོའི་ཡུལ། མོ་ནོམ་བ་སང་སྦས་པའི་ཡུལ་ཆེན་མོ། འཕགས་པའི་གནས་ཆེན་ལྷ་རི་ཁྱུང་རྫོང་ནི།”ཞེས་དང་། “བྱང་ཕྱོགས་སྤུ་རྒྱལ་མོ་ནོམ་མཆེད་བརྒྱད་ཞེས།”[8]གསལ་ཡོད་པ་རེད། གསོལ་ཡིག་འདི་ནི་ལྡོང་ཞིག་ཁྲུན་སྨར་ཨུན་ཞི(སྐལ་བཟང་འབྲུག་རྒྱལ)ཞེས་པས་བརྩམས་གནང་བ་ཞིག་རེད། གསོལ་ཡིག་དེའི་མཇུག་བྱང་ལས་ཁོང་ནི་སྤྲུལ་སྐུ་རྣམ་གསུམ་དང་། མཐའ་བཞི་རེ་ཐུལ་སོགས་ཀྱི་རྗེས་སུ་བྱོན་པ་གསལ་འདུག་པས། མ་མཐའ་གཏེར་སྟོན་སངས་རྒྱས་གླིང་པ(༡༧༠༥-༡༧༣༥)ལགས་ཀྱི་རྗེས་སུ་བྱོན་པ་ཞིག་ཡིན་པར་མངོན་ནོ།།
གསུམ་པ། ཡུལ་ལྷ་ལས་གནས་རིར་འཕོས་པའི་སྐོར།
སྤུ་རྒྱལ་གངས་རི་ནི་ཐོག་མར་ཡུལ་ལྷ་ནས་གནས་རིར་འཕོ་འགྱུར་སོང་བ་སྨྲ་མི་དགོས་ལ། དེ་ཡང་ག་དུས་གནས་རིའི་ངོ་བོར་གྱུར་པ་ཡིན་མིན་ཐད་བཤད་དཀའ་བར་གྱུར་ཡོད། རྒྱལ་སྤྱིའི་བོད་རིག་པའི་མཁས་དབང་མཁར་རྨེའུ་བསམ་གཏན་ལགས་ཀྱིས《མདའ་དང་འཕང》ལས“ཡུལ་ལྷ་དུ་མའི་ཁྲོད་ན་ཧོར་རྒྱལ་པོའི་དབང་འོག་ཏུ་ཡོད་པའི་ཚོ་པ་མི་འདྲ་བ་ཚང་མས་བརྩི་བའི་ཡུལ་ལྷ་ནི་མིང་ལ་སྤུ་རྒྱལ་གངས་རི་ཞེས་པ་སྟེ། སྤུ་རྒྱལ་གངས་རིར་གནས་པའི་ལྷ་དེ་ཡིན། རི་བོ་དེ་ནི་ཧོར་ཡུལ་དང་ཁྱུང་པོ་ཡུལ་གྱི་འབྱེད་མཚམས་སུ་གནས་ཤིང་། རི་བོ་དེའི་ཧོར་གྱི་ཕྱོགས་དེར་རྨ་རོང་ཚོ་པ་ཡོད་ཅིང་། རི་བོ་དེར་གནས་པའི་ལྷ་ལ་སྤྱི་ལྷ་ཞེས་སྨྲ་ཞིང་དེར་འདུ་འཛོམས་བྱས་ནས་ལྷ་དེ་གསོལ་བ་ཡིན་ནའང་། དུས་རབས་ཉི་ཤུ་པའི་མགོ་སྟོད་དུ་དབྲའ་སྟོན་བདེ་ཆེན་གླིང་པའམ་མཚན་གཞན་བསྟན་རྒྱལ་གངས་བཟང་(༡༨༣༣ལོར་འཁྲུངས)ཞུ་བ་དེས་རི་བོ་དེའི་གནས་སྒོ་ཕྱེས་ནས་བཟུང་མིང་དུ་གནས་ཆེན་སྤུ་རྒྱལ་གངས་བཟང་ཞེས་འབོད་པར་མ་ཟད། བླ་མ་དེས་བརྩམས་པའི་ཉི་དྲུག་འཁོར་ལོ་ཞེས་པའི་གནས་རི་དེའི་དཀར་ཆག་ཅིག་ཀྱང་ཡོད།”[9]ཅེས་ཁོང་གིས་སྤུ་རྒྱལ་གངས་རི་ནི་གཏེར་སྟོན་བདེ་ཆེན་གླིང་པས་གནས་སྒོ་ཕྱེས་ཞེས་བཀོད་ཡོད། ཡིན་ནའང་གཏེར་སྟོན་བདེ་ཆེན་གླིང་པའི་སྔ་རོལ་ནས་རི་འདི་གནས་རི་ཡིན་པ་ངོས་འཛིན་བྱེད་མཁན་བྱུང་བ་ཡིན་ལ། དེ་དག་གིས་མཛད་པའི་གནས་ཡིག་ཀྱང་ད་ལྟ་བཞུགས་ཡོད། འོ་ན། རི་བོ་འདི་ག་དུས་ཡུལ་ལྷ་ནས་གནས་རིར་འཕོས་ཞེས་ཟེར་ན།《སྤུ་རྒྱལ་གསོལ་མཆོད》ལས“མ་འོངས་དུས་མཛད་སྤྲུལ་སྐུ་རྣམ་གསུམ་དང་། མཐའ་བཞི་རེ་ཐུལ་ལ་སོགས་མཁྱེན་བརྩེ་ཡེ་ཤེས་ཀྱི་སྤྱན་མངའ་བ་རྣམས་ཀྱིས་གསུངས་པའི་གནས་ཀྱི་དཀར་ཆག་དང་། རིག་འཛིན་གྱི་མཇལ་སྐོར་མ་འོངས་ལུང་བསྟན་རྣམས་ལ་གཞིར་བྱས། ཐོགས་མེད་གསང་བའི་འཕྲིན་ལས་སྒྲུབ་པར་དམ་བཅས་གནས་པ་ལྷ་བླ་གཡུང་དྲུང་དགེ་ལེགས་སོགས་བརྒྱུད་འཛིན་གཤེན་པོ་རྣམས་ཀྱི་བསང་བརྔན་གྱིས་ཁ་སབ། ཁོ་བོ་རང་གིས་འོལ་ཚོད་ཀྱི་སྒྲ་བཏབ་ནས། སྤྲེལ་ཟླ(༡)ཚེས(༡)ལ་ལྡོང་ཞིག་ཁྲུན་སྨར་ཨུན་ཞི་བྱ་བ་ལུས་ངག་ཐམས་ཅད་སོ་སོར་འཁྱམ་བཅོལ་བའི་གང་ཟག་ཕལ་པ་ཇི་ལྟ་བ་དེས་སྨྲས།”[10]ཞེས་གསལ་ཡོད་པས། གོང་དུ་གླེང་ཟིན་པ་བཞིན་ཐོག་མར་སྤྲུལ་སྐུ་བློ་ལྡན་སྙིང་པོས་རི་བོ་འདི་གནས་རིར་ངོས་འཛིན་བྱས་པ་དང་། དེ་རྗེས་ཁོང་གི་སྤྲུལ་སྐུ་མི་ཤིག་རྡོ་རྗེ་དང་སངས་རྒྱས་གླིང་པ་གཉིས་ཀྱིས་ཀྱང་དེ་བཞིན་ངོས་འཛིན་མཛད། གཞན་ཡང་མཐའ་བཞི་རས་ཐུལ་ཞེས་པའི་བླ་མ་ཞིག་གིས་ཀྱང་གནས་རིར་ངོས་འཛིན་གནང་ཡོད་པ་རེད། ཁོང་རྣམ་པས་གནས་འདིའི་སྐོར་གསུང་པ་ཡང་ང་ཚོས་མཇལ་ཐུབ་པ་ཁ་ཤས་ཞུས་ན། མི་ཤིག་རྡོ་རྗེས་(༡༦༥༥-༡༧༠༤)མཛད་པའི《གནས་ཡིག་གཏེར་གྱི་ཕྲེང་བ》དང་མཐའ་བཞི་རས་ཐུལ་གྱིས་མཛད་པའི《སྤུ་རྒྱལ་གནས་ཀྱི་ཡིན་ཚུལ》བཅས་བཞུགས་ཡོད། འདི་དག་ཏུ་སྤུ་རྒྱལ་གངས་རི་ལ་སངས་རྒྱས་ཞབས་ཀྱིས་བཅགས་པ་དང་། རིག་འཛིན་ཕོ་མོ་བཞུགས་པ། བཀའ་རྟགས་རང་བྱོན་ཡོད་པ། ཕྱག་སྐོར་བྱས་པའི་ཕན་ཡོན་བཅས་བཀོད་ཡོད།
གསུམ་པ། གནས་ཡིག་གཏེར་གྱི་ཕྲེང་བ་གླེང་བ།
སྤུ་རྒྱལ་གངས་རིའི་གནས་ཡིག་འགའ་ཞིག་མཆིས་པ་ལས་ད་ཐེངས་ཆེད་དུ་གླེང་འདོད་པ་ནི《གནས་ཡིག་གཏེར་གྱི་ཕྲེང་བ》ཡིན། གནས་ཡིག་འདིའི་མཛད་པ་པོ་ནི་བོན་གྱི་སྤྲུལ་སྐུ་རྣམ་བཞི་ལས་ཤེལ་ཞིག་གཡུང་དྲུང་རྒྱལ་པོའམ་མི་ཤིག་རྡོ་རྗེ་ཞེས་པ་དེ་ཆགས་ཡོད། ཁོང་ནི་རབ་བྱུང་བཅུ་གཅིག་པའི་ཤིང་ལུག(༡༦༥༥)ལོར་ཁམས་ཁྱུང་ཡུལ་དེང་གི་ཁྱུང་པོ་སྟེང་ཆེན་རྫོང་གེ་རིང་གྲོང་གི་རྫོགས་མདའ་ཁ་འཕར་ཆུང་བླ་བྲང་དུ་ཤེལ་ཞིག་གི་གདུང་ལས་འཁྲུངས། ཁོང་གི་སྐོར་ཕྲན་གྱིས་རབ་བྱུང་བཅུ་བདུན་པའི་ལྕགས་བྱི(༢༠༢༠)ལོར་ཡུལ་དངོས་རྟོག་ཞིབ་དང་ངག་རྒྱུན་བཅར་འདྲི། ཡིག་ཆ་འཚོལ་བསྡུ་སོགས་ཀྱི་དཀའ་ལས་མང་པོ་ཞིག་བརྒྱབ་རྗེས་ཞིབ་འཇུག་གི་དཔྱད་འབྲས་སུ་ས་བཅད་བརྒྱད་ལས་གྲུབ་པའི་དཔྱད་རྩོམ《ཤེལ་ཞིག་གཡུང་དྲུང་རྒྱལ་པོའི་མི་ཚེ་དང་ལྟ་གྲུབ་སྐོར་ལ་དཔྱད་པ》ཞེས་པ་ཞིག་བྲིས་ནས་ཧི་མ་ལ་ཡའི་བོན་དང་མཚོ་སྔོན་པོ་དྲ་བ་གཉིས་སུ་སྔ་རྗེས་སུ་བཀོད་ཅིང་ཀློག་མཁན་ཡང་མང་པོ་ཞིག་བྱུང་འདུག དེ་རྗེས་སླར་ཡང་དཔྱད་གཞི་གསར་པ་ཁ་ཤས་ལག་སོན་བྱུང་ལ། དེ་དག་ལ་གཞིགས་ན་ཁོང་སྐུ་ཚེའི་སྨད་དུ་རབ་བྱུང་བསྒྲུབས་པ་ཡིན་ཏེ། དེ་ཡང་གཏེར་སྟོན་སངས་རྒྱས་གླིང་པའི་རྣམ་ཐར《གཏེར་འབྱུང་ལོ་རྒྱུས་གབ་པ་རུས་སྦལ་ནུར་འགྲོས》ཞེས་པ་ལས“ཁྱེད་རྣམ་སྤྲུལ་གཏེར་སྟོན་རྣམས་ཀྱི་འགྲོ་དོན་མཛད་སྲོལ་ལ་ངེས་པ་མེད་ཅིང་། སྐུ་ཚེ་འཕྲིན་ལས་རྟེན་འབྲེལ་ཐམས་ཅད་གསང་བའི་གྲོགས་ལ་རག་ལས་པས་རབ་ཏུ་བྱུང་མ་བྱུང་ཁྱད་པར་མེད། སྐུ་གོང་མ་མི་ཤིག་རྡོ་རྗེ་ཡང་བོན་རི་བླ་མ་ནམ་མཁའ་ལ་རབ་བྱུང་ཞུས་པས་སྐུ་ཚེ་ཐུང་བ་བྱུང”[11]ཞེས་ཁོང་བོན་རི་ལ་ཕེབས་རྗེས་གྲུབ་ཐོབ་ནམ་མཁའ་ལྷུན་གྲུབ་མདུན་ནས་རབ་བྱུང་ཞུས་པ་གསལ་འདུག ཁོང་སྐུ་ཚེའི་སྨད་ལ་ཀོང་པོ་བོན་རིའི་དབུས་ཕུག་ཅེས་པའི་གནས་སུ་གཙོ་བོར་བཞུགས་པ་དང་མཐར་ཡུལ་དེར་སྐུ་གཤེགས་འདུག
《གནས་ཡིག་གཏེར་གྱི་ཕྲེང་བ》ཁོང་གིས་མཛད་པ་ཡིན་པ་གང་ནས་ཤེས་ཐུབ་ཟེར་ན། གཅིག དེ་ཉིད་ལས“གནས་ཡིག་གཏེར་གྱི་ཕྲེང་བ་འདི། མཚན་ལྡན་བླ་མས(ཞུ་གཡས་བསོད་ནམས་དབང་ལྡན་གྲགས་པ)གསུང་བསྐུར་ངོར། དུས་མཐའི་རྣམ་འབྱོར་གང་ཟག་པ། ཞིག་པོའི་གདུང་གྲོལ་གཡུང་དྲུང་རྒྱལ་པོའི་མཚན། སྤྲུལ་པའི་སྐུ་མཆོག་བླ་མ་དེ་གཉིས་ཀྱིས། དཀར་ཆག་ཡི་གེའི་རིས་སུ་བྲིས་པ་འདི། ཡི་དམ་ཞི་ཁྲོ་དབྱིངས་ཀྱི་ལྷ་ལ་མཐོལ། བཀའ་སྐྱོང་སྲུང་མ་རྣམས་ལ་བཟོད་པར་གསོལ།”[12]ཞེས་གནས་ཡིག་འདི་སྙན་དུ་རྒྱུད་མཁན་གྱི་མཚན་ལ་གཡུང་དྲུང་རྒྱལ་པོ་ཞུ་བ་དང་། ཁོང་གི་བླ་མ་ནི་ཞུ་གཡས་བསོད་ནམས་དབང་ལྡན་གྲགས་པ་ཡིན་པ་གསལ་ཡོད། ཤེལ་ཞིག་གཡུང་དྲུང་རྒྱལ་པོའི་བླ་མ་ཞུ་གཡས་བསོད་ནམས་དབང་ལྡན་གྲགས་པ་ཡིན་པ་ནི། ཁོང་གི་སྙན་རྒྱུད་བོན་སྡེ《རྟ་མགྲིན་སྒྲུབ་གཞུང》ལས“མཚན་ལྡན་བླ་མ་དམ་པ་སྟེ། ཞུ་གཡས་བསོད་ནམས་དབང་ལྡན་གྲགས་པས་ཡང་ཡང་བསྐུལ་མ་བྱས་ནས་སུ།བཀའ་རྣམ་པར་དག་པའི་ཡི་གེ་འདི། རི་ཁྱད་འཕགས་སྤུ་རྒྱལ་གངས་བཟང་ཞོལ། མཚོ་གླིང་རྒྱ་མཚོ་འཁྱིལ་བའི་མདུན་ཞོལ་སུ། དཀར་ཆག་ཡི་གེ་རིས་སུ་བྲིས་པ་འདི། ཡི་དམ་རིག་འཛིན་རྣམས་ལ་མཐོལ་ལོ་བཤགས། བཀའ་སྐྱོངས་སྲུང་མ་རྣམས་ལ་བཟོད་པར་གསོལ། དགེ་བས་འགྲོ་ཀུན་རིག་འཛིན་ས་ཐོབ་ཤོག”[13]ཅེས་གསལ་བས་ཤེས་ཐུབ། ཡིག་ཆ་འདི་དག་ལ་བརྟགས་ན་ཤེལ་ཞིག་གཡུང་དྲུང་རྒྱལ་པོ་ཁོང་སྤུ་རྒྱལ་མདུན་ཞོལ་དེང་གི་ཁྱུང་པོ་སྤ་ཟླ་ཤང་ཁོངས་ཀྱི་ཞུ་ཚང་གདན་ས་ཡོད་སར་བཞུགས་མྱོང་བ་དང་། ཁོང་གི་བླ་མ་འདི་ཡང་སྤ་ཟླ་ཞུ་ཚང་ནས་ཡིན་པ་ཤེས་ཐུབ། གཉིས། གནས་ཡིག་ལས“ཀྱེ་མ་སྐལ་ལྡན་རྣལ་འབྱོར་བ། ཨོ་རྒྱན་ཐུགས་སྲས་འགྲོ་བའི་མགོན། མི་ཤིག་རྡོ་རྗེ་སྙན་གསོན་དང་།”ཞེས་ཁོང་གི་གསང་མཚན་དང་བོན་གསར་རྙིང་ཀུན་དང་འབྲེལ་བའི་ལྷ་ཚོགས་དང་རིག་འཛིན་རྣམས་ཀྱི་སྐོར་མང་དུ་བྱུང་བ་དག་གིས་གནས་ཡིག་འདི་ཁོང་གི་སྙན་རྒྱུད་ཡིན་པར་ཐེ་ཚོམ་གང་ཡང་མི་དགོས་པར་འདུག་གོ། གཞན་ཡང་གནས་ཡིག་འདི་ག་དུས་བྱུང་བ་ནི། གནས་ཡིག་རང་ལས“དུས་མཐའི་རྒྱལ་པོ་ཁོ་བོ་བདག གནས་ལྷོ་ཟླ་སྤུན་གསུམ་གྱི་མདུན་ཞོལ་དུ། ངུར་མོ་ཕག་གི་ལོ་ཡི་དུས། སྟག་ཟླ་ཚེས་བཅོ་ལྔའི་སྲོད་འཁོར་ཙམ་ལ།”ཞེས་དང་། “གནས་ཡིག་གཏེར་གྱི་འཕྲེང་བ་ཞེས་བྱ་བ་འདི། མཐོང་ཆོག་ཡིན་ཞེས་བརྡ་ཕུ་དངུལ་གྱི་མཚོ་མོ་མཐོང་ཆོག་མདུན། བརྡ་གཤིས་བཀྲ་ཤིས་གཡང་ར་རུ། སྤུལ་པའི་སྐུ་མཆོག་གཡུང་དྲུང་རྒྱལ་པོ་ཡི། ཆུ་སྤྲེལ་ཟླ་བའི་ཡར་ཚེས་ལ། ཞུ་གཡས་བདག་གིས་ཡི་གེར་བཀོད།”[14]ཅེས་གསལ་བར་བརྟགས་ན། རབ་བྱུང་བཅུ་གཅིག་པའི་ཆུ་ཕག(༡༦༨༣)ལོར་ཁོང་ཡབ་གཞིས་གེ་རིང་རྫོགས་མདའ་ཁ་རུ་བཞུགས་ནས་ཡོད་དུས་གནས་ཡིག་འདི་ཉིད་སྟོང་རྒྱུང་མཐུ་ཆེན་གྱིས་སྙན་རྒྱུད་བྱས་ཤིང་། རབ་བྱུང་བཅུ་གཉིས་པའི་ཆུ་སྤྲེལ(༡༦༩༢)ལོར་ཁོང་སྤ་ཟླ་ཞུ་ཚང་གི་གདན་སར་བཞུགས་དུས་སྙན་རྒྱུད་ཡིག་ཐོག་ཏུ་ཕབ་གནང་བ་ཞིག་ཡིན་པ་ཤེས་ཐུབ་བོ།། དཔྱད་གཞིའི་ཡིག་ཆ།
[1] གངས་རི་ཆེ་བདུན་ནི། གངས་རྒྱལ་སྤུ་རྒྱལ་རྨ་རྒྱལ་རི་བོ་གསུམ། ཤམ་པོ་རྡོ་ཐི་རུ་དོམ་ཟིལ་ཁྲོམ་གསུམ། ཁ་བ་གླང་རི་བཅས་ཡིན།
[2][6][12] [14]དབྲ་རིགས་སེ་ཉི་མ།《སྤུ་རྒྱལ་གནས་ཀྱི་དཀར་ཆག་ཕྱོགས་བསྒྲིགས་གངས་ལྗོངས་མེས་པོའི་འོད་ཟེར།》 ཤ ༤༧ ཤ༣༤ ཤ༣༦ ཤ༣༦
[3] [4]བྱང་ཆུབ་འདྲེ་བཀོལ།《རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ》བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༣ལོར། ཤ༣༧ ཤ༣༣
[5]འོད་ཟེར་སྦྱིན་པ། 《གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས》པོད། ༦༥པ།《ལུང་བསྟན་ཁ་བྱང་སྐོར》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཤ༣༧༡
[7]མཚན་ལྡན་དྲུང་མུ་ཧ་ར།《སྟོང་རྒྱུང་བརྔན་རིང་ཆེན་མོ》དབུ་མེད་དཔར་མ། ཤ
[8][10]ལྡོང་ཞིག་ཁྲུན་སྨར་ཨུན་ཞི།《སྤུ་རྒྱལ་གསོལ་མཆོད་སྣང་ཁམས་གཡོ་བའི་གཏེར་ཚོགས》དབུ་མེད་དཔར་མ། ཤ༢༨༩ ཤ ༢༩༨
[9] མཁར་རྨེའུ་བསམ་གཏན་རྒྱལ་མཚན།《མདའ་དང་འཕང》སྨད་ཆ། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། ཤ ༨༥
[11]སངས་རྒྱས་གླིང་པ། 《གཏེར་འབྱུང་ལོ་རྒྱུས་གབ་པ་རུས་སྦལ་ནུར་འགྲོས》དབུ་མེད་ལག་བྲིས་ཡིག་རྙིང་། ཤ༣༠
[13] སོག་སྡེ་བསྟན་པའི་ཉི་མ།《བོན་གྱི་བརྟེན་འགྱུར་ཆེན་མོ》པོད། ༡༨༨པ། 《གསང་དབང་རིན་ཆེན་འབར་བ》བོད་ལྗོངས་ཤིན་ཧྭ་པར་འདེབས་བཟོ་གྲྭ། ཤ༤༦༥