འཕན་ཡུལ་ལ་ཡོད་པའི་འདུ་གནས་དང་སྒྲུབ་གནས་ལ་དཔྱད་པ།
[ཟླ་ཚེས། 2022-01-22 16:49:01][རྩོམ་པ་པོ། གཙང་ཚ་བསམ་གཏན་འགྱུར་མེད།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
འཕན་ཡུལ་ལ་ཡོད་པའི་འདུ་གནས་དང་སྒྲུབ་གནས་ལ་དཔྱད་པ།
ནང་དོན་གནད་བསྡུས། འཕན་པོ་ལྷུན་གྲུབ་རྫོང་དུ་ཡོད་པའི་འདུ་གནས་འཕན་ཡུལ་བྲག་དཀར་དང་སྒྲུབ་གནས་འཕན་ཡུལ་འབྲན་མོ་ཕུག་ཅེས་ཡོད་པ་བོན་གྱི་ལོ་རྒྱུས་མང་པོར་འཁོད་ཀྱང་ལོ་རྒྱུས་འཕེལ་རིམ་ཁྲོད་དུ་ཆབ་སྲིད་དང་ཆོས་ལུགས་པས་དགོས་དབང་སྣ་ཚོགས་ཀྱིས་མིང་བསྒྱུར་ཤུལ་བཅོས་བྱས་ནས་དེང་སྐབས་གསལ་ཁ་དེ་ཙམ་མེད། འོན་ཀྱང་ད་རེས་ལུང་དང་རིགས་པས་དཔྱད་ནས་འདུ་གནས་འཕེན་ཡུལ་བྲག་དཀར་དང་སྒྲུབ་གནས་འཕན་ཡུལ་འབྲན་མོ་ཕུག་གཉིས་ངོས་འཛིན་བྱས་པ་དང་ཞོར་དུ་དེ་སྔོན་ལོ་རྒྱུས་ཡིག་ཆ་གང་དུ་ཡང་མ་འཁོད་པ་མ་ཟད་འཕན་པོ་བ་ཕལ་ཆེ་བས་དོ་སྣང་མེད་པའི་ཚོད་དུ་སྣང་བའི་ཟངས་ལུང་གནའ་བོའི་བོན་གྱི་དགོན་ཤུལ་ངོ་སྤྲོད་རོབ་ཙམ་ཞུ་བ། གྲབ་གསལ་ཁང་གི་སྐོར་ལ་ཅུང་ཟད་མོལ་བ་བཅས་ཡིན།
བརྡ་ཆད་གཙོ་བོ། འཕན་ཡུལ། འདུ་གནས། སྒྲུབ་གནས། བོན་གྱི་དགོན་ཤུལ།
༡ འཕན་ཡུལ་བྲག་དཀར་བོན་གྱི་འདུ་གནས།
བསྒྲགས་པ་རིན་ཆེན་གླིང་གྲགས་ལས་འཕེན་ཡུལ་བྲག་དམར་བོན་གྱི་འདུ་འཚོགས་གནས། ༼༡༽སྒྲ་འགྲེལ་ལས་འཕན་ཡུལ་སྲབ་དཀར། ༼༢༽དར་རྒྱས་གསལ་སྒྲོན་ལས་འཕེན་ཡུལ་བྲག་དཀར། ༼༣༽བོན་འབྱུང་སྐལ་བཟང་མགྲིན་རྒྱན་ལས་འཕན་ཡུལ་བྲག་དཀར་ནི་དབུ་རུ་བྱང་ངོས་འཕེན་པོའི་ནང་། ༼༤༽ཞེས་གསལ་བའི་འདུ་གནས་ངོས་འཛིན་བྱེད་པ་ལ། སྤྱིར་འཕན་ཡུལ་འདི་ཐོག་མར་ཟིང་པོ་རྗེ་ཡི་དབང་བསྒྱུར་བའི་ཡུལ་ངེས་པོ་དེ་གནམ་རི་སྲོང་བཙན་གྱིས་མངའ་འོག་ཏུ་བསྡུས་ནས་འཕན་པོ་རུ་མིང་བསྒྱུར་བར་བཤད་ཀྱང་བོད་རྒྱལ་མུ་ཁྲིའི་སྐབས་སུ་དབུས་གཙང་དུ་འདུ་གནས་སོ་བདུན་བཙུགས་ཡོད་པས་འདུ་གནས་འདི་ཡང་དེ་ཁུང་ཚུད་ཡོད་ལ་འདུ་གནས་མིང་ཡང་འཕན་ཡུལ་བྲག་དཀར་ཡིན། འཕན་ཡུལ་དུ་བྲག་དཀར་དང་བག་དཀར་བྲག་དཀར་ཤོད་ཅེས་པའི་ས་མིང་འགའ་ཞིག་ཡོད་ཀྱང་འདུ་གནས་དངོས་ནི་སྔར་ཐོག་རྩེ་འམ་འཕན་ཡུལ་བྲག་དཀར་དང་དེང་སྐབས་སྟོང་རྩེའམ་འཕན་ཡུལ་རྩ་རི་ཞེས་པ་འདི་ཡིན་སྟེ་གཡུང་དྲུང་བོན་གྱི་དཔེ་ཚོགས། སྐྱབས་སྟོན་ཁྲོ་འགྲེལ་ལས། བོད་ཀྱི་འགུར་ལྷ་བཅུ་གསུམ་གྱི་ཆེ་བ་སྟེ། ཐོག་ཙེའམ་འཕན་ཡུལ་བྲག་དཀར་བྱ་བའི། ཕུག་པ་སྟེ་རྨའི་འདུ་གནས་ལས་བཤད། ཁ་གཅིག་གིས་བྲག་དམར་ཟེར་བ་ལྟར་དེང་སང་དབུས་དང་འཕན་ཡུལ་ས་མཚམས་བྲག་དཀར་མོ་ཟེར་བ་རྫོང་ཆེན་དང་བཅས་པ་དེའོ། ། སྤ་གྲོ་ལས་འཕན་ཡུལ་འགྲམ་ར་ཕུག་མོ་དང་། མ་རྒྱུད་ན་འཕན་ཡུལ་རྩ་རི་ཟེར། ༼༥༽ཞེས་འཁོད་འདུག་ལ། གསང་སྔགས་མ་རྒྱུད་ལྷ་སུམ་བརྒྱ་དྲུག་ཅུའི་སྒྲུབ་གཞུང་ལས་ལྷོ་ཕྱོགས་འཕེན་ཡུལ་རྩ་རིའི་མཁའ་འགྲོ་མ། ༼༦༽ ཞེས་མ་རྒྱུད་གནས་ཆེན་ཉེར་བཞིའི་གནམ་མཚོའི་མཁའ་འགྲོའི་འཁོར་ཡིན་པ་འཁོད་ཡོད། འཕན་ཡུལ་བྲག་དཀར་འདི་བོན་གྱི་འདུ་གནས་སོ་བདུན་གྱི་ཡ་གྱལ་ཡིན་ལ་དམིགས་བསལ་གྲུབ་ཆེན་སྤེ་བོན་ཐོ་འཕྲུལ་གྱི་སྒྲུབ་གནས་གཙོ་བོ་ཡིན་སྟེ་མ་རྒྱུད་ཕྱག་མཆོད་ལས་འཕེན་ཡུལ་བྲག་དཀར་ཆུ་གླིང་ན། གྲུབ་ཐོབ་ཐོག་འཕྲུལ་སྨུག་བརྗིད་པ། ཆུ་གླང་ཆུ་ལུག་ལོངས་སྤྱོད་འགྱེད། མེ་ཏོག་ནམ་མཁར་གཏོར་བ་ལ། ཡེ་ཤེས་ལྷ་ཡི་སྐུར་གནས་གསལ། བུམ་ཆུས་བྲག་ནག་འགོ་ནས་བཤིག ས་ཐེལ་སྒྲོལ་ཞིང་ཞབས་རྗེས་འཇོག ཤུག་ལྡན་རྩལ་མངའ་ཁྱོད་ཕྱག་འཚལ། ༼༧༽ཞེས་དང་སྐལ་བཟང་མགྲིན་རྒྱན་ལས་གྲུབ་ཆེན་གཤེན་པོ་སྤེ་བོན་ཐོ་འཕྲུལ་ནི། འཕེན་ཡུལ་བྲག་དཀར་གནས་བསྒྲུབས་གྲུབ་པ་ཐོབ། གཡག་རྒོད་ཆུ་སྲིན་བཀོལ་ཏེ་ཞོན་པ་དང་། དམུ་བདུད་བཙན་གསུམ་བྲན་དུ་འཁོལ་བ་དང་། སྤྲུལ་པ་ཕྱོགས་བཅུར་དུས་གཅིག་འགྱེད་པར་བྱེད། མཆོག་གི་དངོས་གྲུབ་ཏིང་འཛིན་གྱིས་འཚོ་ཞིང་། དགུང་ལོ་བརྒྱ་དང་སུམ་ཅུ་རྩ་ལྔ་ནས། ཕུང་ཕོ་ལྷག་མ་མེད་པར་སངས་རྒྱས་སོ། ༼༨༽ཞེས་སོགས་ལུང་མང་པོ་ནས་གསལ།
གཞན་ཡང་འཕན་ཡུལ་སྟོང་རྩེའི་གནས་བཤད་སྐལ་བཟང་རྣ་རྒྱན་ལས་འཕན་ཡུལ་རིག་པའི་འབྱུང་གནས་སམ། འཕན་ཡུལ་དཀར་མོའི་ལྗོངས་ཞེས་གྲགས་པའི་ཡུལ་གྱི་རྒྱན་དུ་གྱུར་པའི་གནས་མཆོག་ཙྭ་རི་ཊ་གཉིས་པ། དཔལ་འཁོར་ལོ་བདེ་མཆོག་ཡབ་ཡུམ་གྱི་ཕོ་བྲང་འཕན་ཡུལ་སྟོང་རྩེ་གནས་རི་ནི་ལྷ་ས་ནས་སྤྱི་ལེ་བདུན་ཅུ་ཙམ་གྱི་འཕན་པོ་ལྷུན་གྲུབ་རྫོང་གི་སྟོད་ཕྱོགས་སུ་གནས། གནས་རི་འདི་ནི་རི་བོ་གཞན་ཀུན་ལས་དབྱིབས་ཀྱི་བཀོད་པ་དང་། སྤང་བྲག་གི་ཁ་དོག་སོགས་ངོ་མཚར་ཁྱད་དུ་འཕགས་པའི་ཚུལ་དུ་འགྱིངས་ངེར་གནས། མདུན་ཕྱོགས་སུ་བྱང་ཁ་ཤང་དང་རྒྱབ་ཕྱོགས་མཚོ་སྟོད་ཤང་གི་ཁོངས་སུ་གཏོགས། དེ་ཡང་སྤྱིར་འཕན་པོའི་རི་དང་ས་ཕལ་ཆེ་བ་མདོག་དམར་བའི་རང་བཞིན་དུ་ཡོད་ཀྱང་། གནས་རི་སྟོང་རྩེ་འདི་ནི་བྲག་དཀར་པོ་བ་གམ་གྲུ་བཞིར་བརྩེགས་པའི་ཚུལ་དུ་ཡོད་པ་ནི། དཔལ་འཁོར་ལོ་བདེ་མཆོག་གི་ཕོ་བྲང་དངོས་དང་དབྱེར་མ་མཆིས་ལ། བར་བར་དུ་སྤང་རི་དང་སྤང་གཤོང་ཡིད་དུ་འོང་བ་དང་། ལྷ་ཤིང་ཤུག་པ་དང་སྙུག་མ་སོགས་ཤིང་སྣ་སྣ་ཚོགས་ཀྱིས་རྒྱན་པ་ནི་བྱེད་པོས་ཆེད་དུ་བསྐྲུན་པའི་སྐྱེད་མོས་ཚལ་དང་གཉིས་སུ་མ་འཆིས། ༼༩༽ཞེས་ཁ་གསལ་ལ་གོ་བདེར་བར་གསུངས་པས་རྟོགས་ནུས་ལ་ཡུལ་མིའི་ངག་རྒྱུན་དུའང་སྟོང་རྩེའི་སྲུང་མ་གཡུང་དྲུང་ལྷ་མོ་བྱ་བ་ཤ་བ་ཡུ་མོ་ལ་ཆིབས་ཏེ། གནས་འདིའི་གཏེར་ཁ་དང་སྲོག་ཆགས་སྐྱེ་དངོས་སོགས་ལ་དུས་ཀུན་བྱ་ར་བྱེད་པས་ཡུལ་འདིར་ཤ་བའི་མགོ་མཐུར་ཤུལ་ཡོད་ཅེས་ཟེར། །
ཡུལ་འདིར་བོད་རྒྱལ་མུ་ཁྲིའི་དུས་སུ་བོན་གྱི་འདུ་གནས་དང་སྒྲུབ་གནས་སོགས་ཆོས་ལུགས་སྤེལ་གནས་ཡོད་པ་དང་སྟག་བུ་སྙ་གཟིགས་སྐབས་སུ་ཟིང་པོ་རྗེའི་དཔལ་འབྱོར་བློན་པོ་གཤེན་ཁྲི་བཞེར་ཞེས་གཤེན་བོན་ཡོད་པ། ཁྲི་སྲོང་སྡེ་བཙན་དུས་སུ་ངན་ལམ་སྟག་སྒྲ་ཀླུ་གོང་སོགས་བོན་ལ་དད་པའི་བློན་འབངས་མང་པོས་རྐྱེན་པས་སློབ་དཔོན་པད་མ་འབྱུང་གནས་འཕན་ཡུལ་ལ་གཟིགས་མ་བདེ་བ་བྱུང་ནས་མ་ཕེབས་པའི་ལོ་རྒྱུས་ཞིག་ཀྱང་ཡོད་འདུག་སྟེ། རྙིང་མའི་ཆོས་འབྱུང་སྟོད་ཆ་དང་༼༡༠༽ཆོས་འབྱུང་མཁས་དགའ་སྟོད་ཆ་གཉིས་ལས། དེ་ནས་མ་ལེ་ཤོར་བྱོན་ནས་འཕན་ཡུལ་ལ་གཟིགས་པས་ཡུལ་ངན་རྟ་རོ་ཁ་ཕྱེ་བ་འདྲ་བ་འདི་ལ་ང་མི་འགྲོ་གསུངས་ནས་སྟོད་ལུངས་ཡ་རལ་ན་ཡར་བྱོན། ༼༡༡༽ཞེས་དང་ད་དུང་ཇོ་བོ་རྗེ་ཨ་ཏི་ཤས་ཡང་འདིར་ཕེབས་མི་འདོད་པས་མ་ཕེབས་ཏེ་ཇོ་བོའི་རྣམ་ཐར་བཀའ་གདམ་ཕ་ཆོས་ལས་དེ་ནས་ཞང་ཆེན་མོས་འཕན་ཡུལ་སྟོད་དུ་སྤྱན་དྲངས་པས། ལུང་པ་དམར་པོ་རྟ་རོ་ཁ་ཕྱེ་བ་འདྲ་བ་འདིར་མི་འགྲོ་གསུངས་ནས་མ་བྱོན། ༼༡༢༽ཞེས་གསལ་ལ་དེ་རྗེས་བཀའ་གདམ་བསྟན་པའི་རྗེས་འཛིན་བཀའ་གདམས་པའི་དགེ་བཤེས་དུ་མ་ཞིག་གིས་ལུང་པ་འདི་ཆོས་ལ་བསྒྱུར་བར་དམ་བཅའ་བཞག་པའི་ལོ་རྒྱུས་ཡོད་པ་དང་སྟོང་རྩེ་རི་ཞེས་པའང་དགེ་སློང་སྟོང་ཕྲག་རྒྱུན་དུ་བཞུགས་མཛད་པས་སྟོང་རྩེ་རི་ཞེས་པའི་ཤོད་རྒྱུན་སོགས་ཡོད་པར་གྲགས་སོ།།
༢ འཕན་ཡུལ་ཟངས་ལུང་བོན་གྱི་དགོན་ཤུལ།
འཕན་པོ་དར་ཡུལ་ལུང་པའི་ཕུ་ནུབ་ཏུ་ཟངས་ལུང་བོན་གྱི་དགོན་ཤུལ་ནི་དར་ཡུལ་ལྷས་ར་༼ཡུལ་སྐད་ལ་ལྷབ་རས་༽གྲོང་ཚོའི་ལྷ་སྟེང་རང་འབྱུང་གྲོང་གི་ཟངས་ལུང་རྫ་རིའི་ངོས་སུ་རྡོ་ཡི་ཁང་བུ་རྡོ་གཡམ་གྱི་ཐོག་ཕུབ་པའི་ངོ་མཚར་ཅན་ཆེ་ཆུང་མི་འདྲ་བ། དཔེར་ན། མི་གཅིག་སྡོད་ས་དང་དེ་བཞིན་གསུམ་ལྔ་དགུ་སོགས་སྡོད་ས་ཡོད་པ་བརྩེག་པ་བཀོད་པ་དེ་ཙམ་མེད་པ་ཕྱི་ལོགས་རྡོ་ཕུང་ཞིག་དང་འདྲ་བའི་ཆེས་གནའ་བོའི་སྒོམ་ཁང་མ་ཞིག་པ་མང་པོ་དང་ད་དུང་རྡོ་བརྩེགས་ཚད་ལྡན་ཅན་གྱི་འདུ་ཁང་དང་ཕྱོགས་བཞིར་རྒྱལ་ཐོ་བཞི་སོགས་མདོར་ན་ཆེ་ཆུང་མ་འདྲ་བའི་ཁང་པ་བདུན་ཅུ་ལྷག་གི་ཞིག་རལ་ཤུལ་བཅས་ཡོད། མཚོ་འཕགས་༤༧༠༠ནས་༥༠༠༠བར་གྱི་རི་ངོས་སུ་ཡོད།
༣ འཕན་ཡུལ་འབྲན་ར་ཕུག་མོ་ཆེ།
སྤ་སྟོན་གྱིས་དར་རྒྱས་གསལ་སྒྲོན་ལས་ལྷོ་གཏེར་ལྟར་ན། བཤད་པའི་སྐབས་སུ་འཕེན་ཡུལ་འབྲན་ར་ཕུག་མོ། དང་ཤར་རྫའི་ལེགས་བཤད་མཛོད་དུ་བསྒྲགས་བྱས་ལས་ལུང་དྲངས་བའི་སྐབས་སུ་འཕན་ཡུལ་འགྲོ་མར་ཕུག་མོ་བཤད་ལ། དཔལ་ཚུལ་གྱིས་སྐལ་བཟང་མགྲིན་རྒྱན་ལས་འཕན་ཡུལ་འབྲན་ཕུག་མོ་སོགས་ལུང་དུ་མར་གསལ་བ་དེ་ཉིད་ནི། དར་ཡུལ་དགོན་པའི་རྒྱབ་ལོགས་རི་ངོས་དེར་དེངས་སྐབས་ཁྲོ་མོ་བྲག་ཅེས་པ་དེའི་གནས་ཀྱི་བཀོད་པ་ནི་འཕན་ཡུལ་དགོན་སྡེའི་གནས་བཤད་ལས་རྩེ་མོ་བྲག་དང་རྫ་རི་རྒྱང་རིང་ནས་བལྟས་ནས་བྱ་རྒྱལ་ཁྱུང་ཆེན་ལྡིང་བ་འདྲ་བ། གཡས་གཡོན་གསེར་ཉ་ཁ་སྤྲོད། བྲག་འོག་ཕུག་པ་སྐྱིལ་ཀྲུང་། སྐེད་པ་སྤང་དང་སྨན་རྩྭ། འདབས་སུ་རྩི་ཤིང་སྣ་ཚོགས། བྱ་རིགས་སྐད་སྙན་ལྷག་པར་སྒྲོག གཅན་ཟན་རི་དྭགས་བག་ཕེབས་སུ་འཚོ། ཤར་ངོས་སུ་ཆུ་མིག་དྭངས་གཙང་རོ་དང་དྲིའི་སྐྱོན་གྱིས་མ་གོས་པས་ལྷུང་སྒྲ་སྒྲོག་ཅིང་། སྐོམ་པའི་གདུང་བ་རང་བཞིན་ཉིད་ཀྱིས་སེལ་བ། འབྱུང་བཞི་ལུས་ཀྱི་འདུ་བ་སྙོམས་པའི་དབེན་གནས་ཉམས་དགའ་བ་ཞིག་སྣང་ངོ་། ༼༡༣༽ཞེས་པ་དེ་ཉིད་བོན་གྱི་སྒྲུབ་གནས་སོ་དྲུག་གི་ནང་ཚན་འཕན་ཡུལ་འགྲོ་མར་ཕུག་མོ་ཆེ་འམ་འཕན་ཡུལ་འབྲན་མོ་ཕུག་ཡིན་པར་དཔོག་ནུས་སོ། ། ཕུག་པ་འདི་སྔོན་ནས་ད་བར་རིམ་བཞིན་བོན་པོ་དང་རྙིང་མ་བཀའ་རྒྱུད་དགེ་ལུགས་བཅས་ཆོས་བརྒྱུད་མང་པོས་བདག་བཟུང་བྱས། དེང་སྐབས་ཕུག་པའི་ནང་གི་མཆོད་བརྟེན་རྩ་ཆེན་གཉིས་དང་དགོན་པ་དེར་སྟག་ལུང་བཀའ་བརྒྱུད་པའི་གྲྭ་བཙུན་བདུན་གྱི་བསྟན་པ་འཛིན་སྐྱོང་གནང་བཞིན་འདུག། གྲྭ་བཙུན་ངག་དབང་ཚུལ་ཁྲིམས་ལགས་ཀྱིས་གསུང་དོན་ཕུག་པ་འདིར་ཨོ་རྒྱན་རིན་པོ་ཆེ་ཡབ་ཡུམ་སྒྲུབ་པ་རྒྱག་མྱོང་བ་མ་ཟད། བར་ཆད་ལམ་སེལ་ལས། རྒྱལ་བའི་བསྟན་པ་བཙུགས་པའི་ཚེ། གཡའ་རི་ནགས་ལ་སྒྲུབ་པ་མཛད། བསྙེན་ཕུར་ནམ་མཁའི་དབྱིངས་སུ་འཕངས། རྡོ་རྗེ་ཕྱག་རྒྱས་བླངས་ཤིང་བསྒྲིལ། བསྒྲིལ་ཕུར་ཙན་དན་ནགས་སུ་འཕང་། མེ་འབར་འཁྲུག་ཅིང་མཚོ་ཡང་སྐམ། གསེབ་ཀྱི་མུ་ཏིག་ས་གང་བསྲེགས། ཡག་ཤ་ནག་པོ་རྡུལ་དུ་བརླགས། ༼༡༧༽ཞེས་པའི་ཚིག་དང་མཐུན་པའི་འགྲེལ་བརྗོད་འདྲ་ཆགས་པོ་ཞིག་གནང་མཛད་སོང་། ཡིནའང་འདི་ལྟར་ཡིན་མིན་དང་གུ་རུ་རིན་པོ་ཆེ་འཕན་ཡུལ་ལ་ཕེབས་མིན་ཐག་མི་ཆོད་པས་དཔྱད་གཞིའི་གནས་སོ། །
ད་ལྟའི་གནས་ཡུལ། ལྷུན་གྲུབ་རྫོང་བྱང་ཁ་ཤང་། རྫོང་ནས་བྱང་ཁ་ཤང་ལ་སྤྱི་ལེ་༡༥སྟོང་རྩེ་གནས་རི། བྱང་ཁ་ཤང་ནས་ཁྲོ་མོ་དགོན་དང་ཟངས་ལུང་ཁག་སོ་སོར་སྤྱི་ལེ་༡༨ཡོད་ལ། ཟངས་ལུང་དགོན་ཤུལ་དུ་གོམ་པ་བརྒྱབ་ནས་ཏོག་ཙམ་འགྲོ་དགོས།
༤ གྲབ་གསས་ཁང་།
དཔལ་གླིང་ཤང་དུ་ཡོད་པའི་གྲབ་གསལ་ཁང་ཆོས་སྡེ་ཡང་བོན་གྱི་གསས་ཁང་ཡིན་ངེས་ཏེ་འཕན་ཡུལ་དགོན་སྡེའི་གནས་བཤད་ལས་གནས་འདི་ཐོག་མར་བོན་གྱི་འདུ་གནས་ཡིན་པས་གསས་ཁང་ཞེས་གྲགས་སྙམ་ལ། ཞེས་དང་ཐོག་མར་འདིར་ཡང་བོན་གྱི་ལྷ་ཁང་སྟེ་གསས་ཁང་ཡིན་པར་སྣང་སྟེ། ད་ལྟའི་བླ་རྒན་རྣམས་ཀྱི་ངག་རྒྱུན་ལ། ཞིག་རོལ་གྱུར་པའི་རྩི་སེར་པོ་བྱུགས་པའི་མཆོད་རྟེན་འདི་དག་ནང་བོན་ལུགས་པའི་སྐུ་ཆས་སོགས་སྦས་ཏེ། མནན་པར་བྱས་སོ་ཞེས་༼༡༨༽སྔར་གསལ་ཁང་དགོན་གྱི་གྲྭ་པ་༢༠༡༣ལོར་དགུང་ལོ་༨༡སོན་པའི་ཐུབ་བསྟན་བརྩོན་འགྲུས་གསུངས་ཞེས་དྲི་བ་གནང་བའི་མཆན་བྲིས་པ་ཞིག་ཀྱང་འདུག་ལ་གུས་པ་འདི་གར་འགྲོ་སྐབས་དགོན་པའི་འདུ་ཁང་གི་ནང་དུ་སྦྱར་ཡིག་ཆེན་པོ་ཞིག་མཇལ་བྱུང་བ་དེའི་ངོས་སུ། བཙན་པོ་གཉིས་པ་མུ་ཁྲི་བཙན་པོ་ཡིས། སྤྱི་ལོའི་སྔོན་གྱི་དུས་རབས་དང་པོའི་དུས། བཀྲ་ཤིས་དུང་དཀར་གཡས་འཁྱིལ་གནས་མཆོག་འདིར། ཆོས་སྡེ་ཆེན་པོ་དཔལ་ལྡན་སྲས་ཁང་བཏབ། ཞེས་བྲིས་འདུག་པས་ཐོག་མར་དགོན་འདི་བོད་རྒྱལ་མུ་ཁྲིའི་བཏབ་པའི་གསས་ཁང་ཡིན་པའི་ཁས་ལེན་བྱས་འདུག་ཀྱང་སྐོར་གཉེར་ལགས་ནས་ལེན་གསལ་ཁ་ཅན་ཞིག་གནང་གི་མི་འདུག་ཀྱང་ནང་དོན་གཏིང་ཟབ་ཡོད་པ་ཚིག་གིས་མཚོན་པས་རེ་ཞིག་དེ་ཙམ་མོ། །
འདི་ནི་ལྷ་ས་ནས་ལྷུན་གྲུབ་རྫོང་དུ་འགྲོ་བའི་ལམ་རྒྱུད། ལྷུན་གྲུབ་རྫོང་དཔལ་གླིང་ཤང་གྲབ་གསལ་ཁང་གྲོང་སྡེར་གནས་ཡོད།
མཇུག་བསྡུའི་གཏམ།
འཕན་ཡུལ་ནི་སྔར་དུས་ནས་ཆབ་སྲིད་དང་ཆོས་ལུགས་དར་གུད་མང་བའི་ས་ཆ་དམིགས་བསལ་བ་ཞིག་ཡིན་འདུག་པས། ས་མིང་འགྱུར་བ་མང་པོ་ཐེབས་པས་ཞིབ་འཇུག་བྱེད་པར་དཀའ་བ་དུ་མ་བྱུང་། འོན་ཀྱང་ཡིག་རྙིང་ཁག་དང་ཡུལ་མིའི་ངག་རྒྱུན་ལ་གཞི་བཅོལ་སྟེ་ལན་གྲངས་དུ་མར་ཡང་ཡང་ཡུལ་དངོས་བརྟག་དཔྱད་བྱས་ནས་དབྱེ་ཞིབ་རོབ་ཙམ་བྱས་པ་ཡིན་པས། དོ་སྣང་ཅན་གྱི་མཁས་དབང་རྣམ་པས་སློབ་སྟོན་དང་དགོང་འཆར་མི་ཉུང་གནང་བའི་རེ་འདུན་ཞུ་བ་ཡིན་ནོ།
དཔྱད་གཞིའི་ཡིག་ཆ།
༼༡༽གཡུང་དྲུང་བོན་གྱི་སྒྲ་བསྒྲགས་པ་རིན་ཆེན་གླིང་གྲགས། དྲན་པ་ནམ་མཁས་མཛད། ཤོག་ངོས༡༠༧པར། མི་རིགས་དཔེ་སྐྲུན་ཁང་ནས་སྤྱི་ལོ༢༠༡༠ལོའི་ཟླ་༩པར་དཔར།
༼༢༽བདེན་པ་བོན་གྱི་མཛོད་སྒྲ་འགྲེལ། དྲན་པ་ནམ་མཁས་མཛད། ཤོག་ངོས་༢༡པར། ཝ་ཎ་མཐོ་སློབ་༡༩༩༣ལོར་དཔར།
༼༣༽བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མ། སྤ་སྟོན་བསྟན་རྒྱལ་བཟང་པོས་མཛད། ཤོག་ངོས་༢༨༦མི་རིགས་དཔེ་སྐྲུན་ཁང་ནས་སྤྱི་ལོ་༢༠༡༠ལོའི་ཟླ་༩པར་དཔར།
༼༤༽སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་འབྱུང་བ་བརྗོད་པའི་ལེགས་བཤད་སྐལ་བ་བཟང་པོའི་མགྲིན་རྒྱན་རབ་གསལ་ཆུ་ཤེལ་ནོར་བུའི་དོ་ཤལ། དཔལ་ལྡན་ཚུལ་ཁྲིམས་ཀྱི་མཛད། ཤོག་ངོས་༤༩༢པར། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་སྤྱི་ལོ་༡༩༨༨ལོའི་ཟླ་༡༡པར་དཔར།
༼༥༽ཁྲོ་བོ་དབང་ཆེན་ངོ་མཚར་རྒྱས་པའི་རྣམ་བཤད་གསལ་བའི་སྒྲོན་མེ། སྐྱབས་སྟོན་རིན་ཆེན་འོད་ཟེར་གྱི་མཛད། ཤོག་ངོས་༨༧པར། གཡུང་དྲུང་བོན་གྱི་དཔེ་ཚོགས། །
༼༦༽ གསང་སྔགས་མ་རྒྱུད་ལྷ་སུམ་བརྒྱ་དྲུག་ཅུའི་སྒྲུབ་གཞུང་། གུ་རུ་རྣོན་རྩེའི་གཏེར་མ། བྲིས་མ་དཔེ་གཟུགས། ཤོག་ངོས་༧༩པར།
༼༧༽ཕྱག་མཆོད་རིམ་པ་རྒྱུ་སྐར་རྒྱན་གྱི་ཕྲེང་བ། དམུ་རྒྱལ་རྣལ་འབྱོར་ཉི་མའི་མིང་གི་མཛད། བྲིས་མ་དཔེ་གཟུགས། ཤོག་ངོས་༥པར།
༼༨༽སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་འབྱུང་བ་བརྗོད་པའི་ལེགས་བཤད་སྐལ་བ་བཟང་པོའི་མགྲིན་རྒྱན་རབ་གསལ་ཆུ་ཤེལ་ནོར་བུའི་དོ་ཤལ། དཔལ་ལྡན་ཚུལ་ཁྲིམས་ཀྱི་མཛད། ཤོག་ངོས་༢༩༨པར། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་སྤྱི་ལོ་༡༩༨༨ལོའི་ཟླ་༡༡པར་དཔར།
༼༩༽གནས་མཆོག་ཙཱ་རི་གཉིས་པ་འཕན་ཡུལ་སྟོང་རྩེ་གནས་རིའི་གནས་བཤད་སྐལ་བཟང་རྣ་བའི་རྒྱན་ཞེས་་བྱ་བ་བཞུགས། ། ལེགས་བཤད་བཟོད་པས་མཛད། ཤོག་ངོས་༢༡། དཔལ་ནཱ་ལེན་དྲའི་ཆོས་སྒྲ་ནས་དཔར།
༼༡༠༽རྙིང་མའི་ཆོས་འབྱུང་། ཐུབ་བསྟན་འོད་ཟེར་བསྟན་པའི་ཉི་མས་མཛད། ཤོག་ངོས་༢༡༡པར། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་སྤྱི་ལོ་༢༠༡༢ལོར་ཟླ་༤པརཔར་ཐེངས་༢པ་བཏབ།
༼༡༡༽ཆོས་འབྱུང་མཁས་པའི་དགའ་སྟོན། དཔའ་བོ་གཙུག་ལག་ཕྲེང་བས་མཛད། སྟོད་ཆ། ཤོག་ངོས་༢༤༠པར། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་སྤྱི་ལོ་༢༠༡༨ལོ་ཟླ་༡༠པར་པར་ཐེངས༢་དཔར་བཏབ།
༼༡༢༽ཇོ་བོ་རྗེ་ལྷ་གཅིག་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་བླ་མའི་ཡོན་ཏན་ཆོས་ཀྱི་འབྱུང་གནས་སོགས་བཀའ་གདམ་རིན་པོ་ཆེའི་གླེགས་བམ་བཞུགས་སོ། ཤོག་ངོས་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་སྤྱི་ལོ༢༠༡༦ལོ་ཟླ་༨པར་པར་ཐེངས་༢པ་དཔར།
༼༡༣༽བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མ། སྤ་སྟོན་བསྟན་རྒྱལ་བཟང་པོས་མཛད། ཤོག་ངོས་༢༨༦མི་རིགས་དཔེ་སྐྲུན་ཁང་ནས་སྤྱི་ལོ་༢༠༡༠ལོའི་ཟླ་༩པར་དཔར།
༼༡༤༽ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་དཔྱོད་ལྡན་དགའ་བའི་ཆར། ཤར་རྫ་པ་བཀྲ་ཤིས་རྒྱལ་མཚན་གྱིས་མཛད། ཤོག་ངོས་༡༦༨ མི་རིགས་དཔེ་སྐྲུན་ཁང་ནས་སྤྱི་ལོ་༡༩༨༥ལོའི་ཟླ་༩པར་དཔར།
༼༡༥༽ སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་འབྱུང་བ་བརྗོད་པའི་ལེགས་བཤད་སྐལ་བ་བཟང་པོའི་མགྲིན་རྒྱན་རབ་གསལ་ཆུ་ཤེལ་ནོར་བུའི་དོ་ཤལ། དཔལ་ལྡན་ཚུལ་ཁྲིམས་ཀྱི་མཛད། ཤོག་ངོས་༡༡༤པར། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་སྤྱི་ལོ་༡༩༨༨ལོའི་ཟླ་༡༡པར་དཔར།
༼༡༦༽ འཕེན་ཡུལ་རིག་པའི་འབྱུང་གནས་ཀྱི་བསྟན་པའི་གནས་གཞི་དག་གི་རྟེན་བརྟེན་པའི་བྱུང་བ་སོ་སྐྱེའི་སྣང་ངོར་ཅུང་ཟད་བརྗོད་པ་དགེ་ལེགས་ཀུན་འབྱུང་་ཞེས་བྱ་བ་བཞུགས་སོ། སྲི་ཐར་དོན་གྲུབ་དང་ཞི་སྡིངས་སྐྲ་བཟང་ནས་རྩོམ་སྒྲིག་གནང་། ཤོག་ངོས། ༡༤༩པར། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་སྤྱི་ལོ་༢༠༡༥ལ༠་ཟླ་༢པར་པར་བཏབ།
༼༡༧༽བར་ཆད་ལམ་སེལ་བསམ་པ་མྱུར་འགྲུབ། རྙིང་མའི་ཞལ་འདོན་ཕྱོགས་བསྒྲིགས་ནང་འཁོད།
༼༡༨༽ འཕན་ཡུལ་རིག་པའི་འབྱུང་གནས་ཀྱི་བསྟན་པའི་གནས་གཞི་དག་གི་རྟེན་བརྟེན་པའི་བྱུང་བ་སོ་སྐྱེའི་སྣང་ངོར་ཅུང་ཟད་བརྗོད་པ་དགེ་ལེགས་ཀུན་འབྱུང་་ཞེས་བྱ་བ་བཞུགས་སོ། སྲི་ཐར་དོན་གྲུབ་དང་ཞི་སྡིངས་སྐྲ་བཟང་ནས་རྩོམ་སྒྲིག་གནང་། ཤོག་ངོས། ༣པར། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་སྤྱི་ལོ་༢༠༡༥ལ༠་ཟླ་༢པར་པར་བཏབ།
སྐབས་གཉིས་པའི་ཀྲུང་གོའི་བོད་ལྗོངས་མངའ་རིས་ལྷ་ས་ཞང་ཞུང་རིག་གནས་རིག་གཞུང་དཔྱད་གླེང་ཚོགས་འདུའི་སྐབས་སུ་དཔྱད་རྩོམ་སྒྲོག་འབྲེལ་བྱས་པ་དང་དཔྱད་རྩོམ་ཀྲུང་གོའི་ཞང་ཞུང་རིག་གནས་སྣ་འདུས་དུས་དེབ་༢༠༢༡དུས་དེབ་ནང་བཀོད་ཟིན།