བོད་རྒྱལ་གྲི་གུམ་བཙན་པོའི་ཕོ་བྲང་ཉང་རོ་ཤམ་པོ་རྩེ་དགུ།

[ཟླ་ཚེས། 2015-11-26 22:43:55][རྩོམ་པ་པོ། གཙང་ཚ་བསམ་གཏན་འགྱུར་མེད།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

01.jpg

  ཉང་ཡུལ་ལམ་མྱང་ཡུལ་འདིར།གྲི་གུམ་བཙན་པོའི་ཕོ་བྲང་དངོས་ནི།ཤམ་བུའི་རི་རྒྱུད་དང་རྩེ་ཆེན་དགོན་པ་གཉིས་ཀྱི་བར་དུ་རི་ཆུང་ཞིག་གི་རྩེར།དེང་སྐབས་ཡུལ་མིས་བོད་ཀྱི་མཁར་གཉིས་པའམ་བདེ་ཆེན་ལྷུན་གྲུབ་ཟེར་བའི་མཁར་རམ་དགོན་ཤུལ་ཡོད་པ་དེ་ཤམ་བུ་རྩེ་དགུ་ཡིན་པ་དང་དེའི་རྒྱབ་ཀྱི་རི་དེང་སྐབས་རྒྱལ་རྩེའི་དུར་ཁྲོད་རྒོད་ཚང་ཟེར་བ་མཁར་ཤུལ་དེ་སྔར་བོན་གྱི་སྒྲུབ་གནས་དགོན་པ་བྱ་རྒོད་ཚང་ཟེར་བ་དེ་ཡིན་ཚོད་འདུག སྒྲ་འགྲེལ་ལས།དུས་དེ་ཙམ་ནས།ཡུལ་ཉང་རོ་སྟག་ཚལ།མཁར་ཉང་རོ་ཤམ་པོ་ན།བཙན་པོ་ཁྲི་བདེ་ཡག་པ་དང་བཙུན་མོ་སྦྲང་ཟ་ལྷ་རྒྱན་གཉིས་ལ།སྲས་ཐེའུ་རང་མང་སྙ་ཨུ་ཝེར་གྱི་སྤྲུལ་པ་ཞུགས་ཏེ།ཟླ་དགུ་ངོ་བཅུ་ལ་སྲས་ཞིག་འཁྲུང་པ་སོགས་ནས་སྐུ་གཤེན་ཕ་ཝ་མཚེ་ཅོ་ཡིས།མཚན་ཡང་གྲི་རུམ་བཙན་པོ་བཏགས་སོ།ཞེས་དང་།མྱང་ཆོས་འབྱུང་ལྡེབ་༩༢ལས།དེའི་འོག་ཙམ་ན་ཤམ་བུ་རྩེ་དགུ་ཡང་རྩེ་ཆེན་ཡང་ཟེར་ས་འདིར་རྒྱལ་པོ་གྲི་གུམ་བཙན་པོའི་ཕོ་བྲང་ཡོད་ཅིང་།སྔོན་དུས་བོད་ཀྱི་རྒྱལ་པོ་རྣམས་རྒྱལ་སྲིད་ཀྱི་བྱ་བ་ལེགས་པར་འགྲུབ་རྗེས་ལྷ་ཡི་དམུ་ཐག་ལ་བྱོན་ནས་ལྷ་ལུས་རོ་མེད་དུ་གྱུར་པ་ཤ་སྟག་ཡིན་པ་ལ་རྒྱལ་པོ་གྲི་གུམ་བཙན་པོའི་ཐུགས་ལ་གདོན་ཞུགས་ནས་རང་གི་འབངས་ལ་འཐབ་ཟླ་བྱེད་དགོས་སྨྲས་ནས་རང་གི་རལ་གྲི་གུ་ཟི་ཀླད་ལ་བསྐོར་ནས་ལྷ་ཡི་དམུ་ཐག་དང་རྐྱང་ཐག་བཅད་པ་དང་། རྒྱལ་པོ་འཐབ་གྲལ་དུ་དཀྲོངས་པ་སོགས་ཤམ་བུ་རྩེ་དགུ་པ་འདི་ལ་བྱུང་བ་ཡིན་ནོ།ཞེས་དང་འབངས་ཀྱི་མཁར་བཟུང་སྐབས་མཛོ་པ་རུ་ལ་སྐྱེས་ཀྱི་ངར་གསོས་ཀྱི་ཤམ་བུ་རྩེ་དགུའི་རི་ལ་རྒོད་ཚང་དུ་སྡད་ནས་མཁར་ཕབ་ཕོ་བརྒྱ་བསད།མོ་བརྒྱ་གསོག་ཀྱི་ལོ་རྒྱུས་འབྱུང་བ་ཡིན།ཞེས་དང་དར་རྒྱས་གསལ་སྒྲོན་ལས།དེར་རུ་ལ་སྐྱེས་ཀྱིས་སྤུ་ལྡེ་སྤྱན་དྲངས་སོགས་ནས།ལོ་ངམ་ཕ་བརྒྱ་བུ་སྟོང་གྲི་རུ་བསད།ཞེས་དང་།

04.jpg

   དཔལ་ཚུལ་གྱི་བོན་འབྱུང་སྐལ་བཟང་མགྲིན་རྒྱན་ལྡེབ་༡༢༡ལས།དེ་ཚེ་བཙུན་མོ་ལུག་རྫིར་གཉིད་པའི་དུས།ཤམ་པོའི་བརྫུས་བུ་ཞུགས་སྐེས་རུ་ལ་སྐྱེས།དེ་ཡིས་གཅེན་པོ་སྤུ་ལྡེ་སྤྱན་དྲངས་ནས།དབུས་མཁར་ཕྱིང་བ་སྟག་རྩེར་རྒྱལ་སར་བཏོན།གཙང་དུ་དམག་དྲངས་ལོ་རྔམ་འཁོར་བཅས་བསད།ཉང་རོ་ཤམ་པོ་རྩེར་ཕབས་མངའ་དབང་བསྡུས།ཞེས་པས་དང་པོ་གྲི་གུམ་གྱི་བོན་བསྣུབས།བར་དུ་འབངས་ལོ་ངམ་གྱི་གྲི་གུམ་བཙན་པོ་བསད་ཏེ་མཁར་བཟུང་།རྗེས་སུ་རུ་ལ་སྐྱེས་ནར་སོང་བས་སྤུ་ལྡེ་སྤྱན་དྲང་ནས་དབུས་ཀོང་དམག་གཙང་ཁུལ་དུ་དྲངས་ནས་ལོ་ངམ་འཁོར་དང་བཅས་པ་བཅོམ་ཞིང་སླར་ཡང་བླང་བའི་ཡུལ་འདིར་ཡིན་པའོ།བཤད་བཞིན་པའི་ཉང་ཡུལ་དེ་གཙང་ཁུལ་འདི་རང་ཡིན་སྟེ།ཡོངས་འཛིན་བླ་མའི་འབེལ་གཏམ་ལུང་གི་སྙིང་པོ་ལྡེབ་༩༦ལས།ལྷོ་བྲག་ལོ་ངམ་དེ་རྒྱལ་ཕྲན་བཅུ་གཉིས་ཀྱི་གཅིག་ཡིན་པར་བཤད་པ་དང་།དེ་མི་རྟ་ཧྲག་པ་དང་ཕོ་རྒོད་པའི་རྐྱེན་སོགས་ལ་བརྟེན་ནས་རྒྱལ་པོའི་ཐུགས་རང་པོ་མེད་པར་མངོན།རྒྱལ་པོ་དང་འབངས་ལོ་ངམ་གཉིས་འཁྲུགས་ས་ལ་ཉང་རོ་རྟ་ཞལ་དང་།ཉང་རོ་ཐལ་བ་ཚལ་ཟེར་བ་སོགས་ཅུང་ཙམ་མི་འདྲ་བ་བྱུང་ཡང་།ལྷོ་བྲག་དང་ཐག་ཅུང་ཉེ་བའི་ཉང་ཡུལ་ཞིག་ཡིན་དགོས་ཏེ།ཞེས་དང་།རྒྱལ་རབས་གསལ་མེ་ལས།ལོ་ངམ་གྱིས་གནང་ཉིན་རྒྱལ་པོ་ངེད་རང་གསོད་དུ་འོང་སྟེ།གསུངས་པས་སོགས་ཀྱི་མ་མཐར་ཡང་ལྷོ་བྲག་དང་ཐག་ཉེ་བའི་ཉང་ཡུལ་ཞིག་ཡིན་པ་ཤེས་ནུས་སོ།རྒྱབ་རི་རྒོད་ཚངས་འདི་ཡང་།རུ་ལས་སྐྱེས་སོགས་ཀྱི་ཤམ་བུ་རྩེ་དགུའི་རིར་ལོ་ངམ་ཕ་བུ་དམག་སྟོང་དང་བཅས་པ་བསད་ཞེས་པས་མི་མང་པོ་བསད་པའི་རོ་བྱ་རྒོད་གྱི་གཏོར་ནས་འདིར་དུར་ཁྲོད་བྱས་པ་ཡིན་ངེས་ལ། ཕྱིས་དུར་ཁྲོད་འདིར་གྲུབ་ཐོབ་དང་གཅོད་པ་སོགས་ཀྱི་གཉེན་ས་གཅོད་པའི་གོམ་གཤིས་ཡང་ཡོད་འདུག ཁ་གཅིག་གིས་གཙང་ཁུལ་དུ་གྲི་གུམ་གྱི་ཕོ་བྲང་བརྩེགས་པའི་རྒྱུ་མཚན་གང་ཡང་མེད་ཟེར་ཡང་གང་དུ་མཛོད་སྒྲ་འགྲེལ་དང་མྱང་ཆོས་འབྱུང་གི་ལུང་དེས་གསལ་བཤད་བྱས་པས་དེ་གས་ཆོག་པར་འདུག་པས་མ་སྤྲོས།

02.jpg

   ཡང་ཁ་གཅིག་གིས་ཉང་ཡུལ་ཟེར་བ་དེང་དུས་ཉི་ཁྲི་གྲོང་བརྡལ་གྱི་ལུང་པའི་ཉང་ཀོང་རྒྱུད་དུ་ཡིན་དགོས་པ་ལ་གཙང་ཡུལ་མིན་ཟེར་ན།ལོ་ངམ་གྱི་གཙང་ཉང་སྟོད་དུ་རྒྱལ་པོ་བསད་ཚར་རྗེས་སྲས་གསུམ་བྲོས་སའི་ཡུལ་གྱི་གཅིག་གི་མིང་ལ་ཉང་པོ་ཟེར་བ་ཡོད་སྟེ།ཏུང་ཧོན་ཡིག་རྙིང་དང་བསྒྲགས་པ་གླིང་གྲགས་ལས།བཙན་པོའི་སྲས་གསུམ་ཡང་ཉང་རྐོང་སྤུ་ཡུལ་གཤེགས་སོ།ཞེས་དང་།རྒྱལ་རབ་གསལ་མེ་ལས།རྒྱལ་པོའི་སྲས་གསུམ་པོ་ནི།ཀོང་པོ་དང།ཉང་པོ།སྤོ་བོ་གསུམ་གྱི་ཡུལ་དུ་བྲོས་སོ།ཞེས་དང་།ལྡེའུས་ཆོས་འབྱུང་ལྡེབ་༢༤༥ལས།སྲས་སྐུ་གསུམ་མཁར་གཡུ་བུའི་རྩེ་ལ་བཞུགས་པ་ལ་བསོད་མི་བྱུང་ནས་བྲོས་པས།ནས་་ཤ་ཁྲི་ཉང་པོའི་རྒྱལ་པོར་གཤེགས།བྱ་ཁྲི་ཀོང་པོའི་རྒྱལ་པོར་གཤེགས།འབྲིང་ཉ་ཁྲི་སྤུ་བོའི་ཡུལ་དུ་གཤེགས།ཞེས་དང་།དཔལ་བོ་གཙུག་ལག་ཕྲེང་བའི་ཆོས་འབྱུང་མཁས་པའི་དགའ་སྟོན་མི་རིགས་དཔེ་སྐྲུན་ཁང་ནས་ལྡེབ་༡༦༢ལས།ལྷ་སྲས་མཆེད་གསུམ་ཡབ་ཀྱི་དཀོར་མཛོད་ནས།ལྷ་ཡི་གླང་བུ་ཅེ་འུ་རུ་དཀར་ཞེས།འཕུར་ཤེས་བཞོན་ན་ཀོང་པོའི་ཡུལ་དུ་བྲོས།གཅེན་པོ་ཤ་ཁྲིས་ཀོང་གྱི་རྗེ་བོ་མཛད།འབྲིང་པོ་བྱ་ཁྲིས་པོ་བོའི་མངའ་དབང་མཛད།གཅུང་བ་ཉ་ཁྲིས་ཉང་པོའི་རྗེ་མཛད་སྐད།ཞེས་གསུང་འདུག་པས།སྲས་དེ་དག་ལོ་ངམ་གྱི་འཇིག་པ་ལས་གཡོལ་ན་བྲོས་སའི་ཉང་པོ་ཡུལ་ཞིག་ཡོད་པ་དངོས་སུ་སྟན་པའི་ཕྱིར་རོ།ལེགས་བཤད་མཛོད་ལས།རྒྱལ་པོས་གཤེན་རྣམས་བསགས་ཏེ་གསུངས་པ།སྐུ་གཤེན་རྣམས་གསོན་དང་།ང་ཡི་རྒྱལ་སྲིད་དང་།ཁྱོད་ཀྱི་བོན་སྲིད་གཉིས་ཙམ་མངའ་རིས་འདི་རུ་མི་ཤོང་བ་འདྲ་བ།ཞེས་པས་གཙང་ཁུལ་དུ་བོན་སྣུབས་པ་དང་བོན་གཤེན་ཕལ་ཆེ་བ་ཡང་ཕྱིར་འབུད་བྱས་པ་འདྲ།བསྒྲགས་བྱང་ལྡེབ་༡༠༩ལས།དེ་ཡང་གཙང་དུ་ནུབ་པ་ཡིན་པ་ལས།དབུས་མན་ཆད་ལ་མ་ནུབ་པའོ།ཅེས་དང་།སྒྲ་འགྲེལ་ལས།དབུས་ཀྱི་ས་སྐོར་དུ་བོན་མ་ནུབ་པར་སྤྱོད།ཞེས་གསུང་འདུག་པས།གྲི་གུམ་གྱི་བོན་སྣུབས་ས་གཙང་ཁུལ་དུ་ཡིན་པར་བསྟན་ནོ།དབུས་སོགས་གཞན་དུ་མ་ནུབ་པ་གྲགས།གྲི་གུམ་གྱི་ཕོ་བྲང་གནས་སའི་རི་འདི་ཡང་གཞུང་ལམ་ཐོག་ནས་བལྟས་པས་རྟ་སྒ་ཐང་ལ་བཞག་པ་འདྲ་བ་ཞིག་འདུག་པ་འདི་རང་ཡིན་སྟེ།མྱང་ཆོས་འབྱུང་ལྡེབ་༦ལས།མྱང་སྟོད་ལྟས་ངན་རི་བཅུ་གསུམ་ཡོད།ཤམ་བུ་རྩེ་དགུའི་རི་གློ་བ་ཆུས་བཤལ་བ་འདྲ།རྗེ་དྲི་གུམ་བཙན་པོའི་རི་འདི་རྟ་སྒ་སྐྱེ་(སྐེ་)ཉག་འདམས་ལ་བཞག་པ་འདྲ།ཟེར་བ་དེས་ཀྱང་རི་དབྱིབས་ངོས་འཛིན་གནང་བཞག་པ་འདི་མིག་གི་མཐོང་བཞིན་པའོ།

05.jpg

   དེང་དུས་གནས་ཡུལ།རྒྱལ་རྩེ་རྫོང་རྩེ་ཆེན་ཤང་ཤམ་པོ་གྲོང་ཚོ་ཨུ་ཡོན་ལྷན་ཁང་བཀྲ་བདེ་གྲོང་ཚོ།གཞིས་རྩེ་ནས་རྒྱལ་རྩེ་བར་གྱི་ལམ་རྟགས་སྤྱི་ལེ་༨༤མཚམས་སུ་ཡོད། གནའ་གྲོང་རྒྱལ་རྩེ་ནས་གཙང་ཚས་༢༠༡༥ -༣-༢༦ཉིན་བྲིས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།