སུམ་གླང་རྟ་ཤོད་དཀྱིལ་འཁོར་ཐང་གི་ལོ་རྒྱུས།

[ཟླ་ཚེས། 2014-12-24 18:39:50][རྩོམ་པ་པོ། འཇམ་མེ་སྤྲུལ་སྐུ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

dfggfdgfd.jpg

 ཞང་ཞུང་སྒོ་པའི་འདུ་གནས་ཁྱུང་པོ་རི་བོ་རྩེ་དྲུག་གླིང་གི་ཉེ་འདབས་རྟ་ཆུ་སྔོན་མོ་ཤང་ཤང་འབབ་པའི་གཡས་ཟུར་རྟ་ཤོད་དཀྱིལ་འཁོར་ཐང་ངམ་ལྷ་ཁང་ཐང་ཞེས་གྲགས་པའི་ས་གནས་འདིར་ལྡེ་བོན་གྱིམ་ཚ་རྨ་ཆུང་གཙོས་ཞང་བོད་མཁས་པ་མི་བཞིས་གསང་སྔགས་ཀྱི་སྒྲུབ་གནས་སུ་མཛད་ཅིང་། མཁས་པ་མི་བཞིས་བཞེངས་པའི་ལྷ་ཁང་དང་གཡུང་དྲུང་བོན་གྱི་བཀའ་དང་བཀའ་རྟེན་དེ་བཞིན་བོན་གྱི་ཡི་དམ་གསས་མཁར་མཆོག་ལྔ་སོགས་ཡི་དམ་བརྒྱ་ཕྲག་མང་པོའི་དཀྱིལ་འཁོར་དང་། སྐུ་གསུང་ཐུགས་རྟེན་རི་བྲག་གི་རྣམ་པར་བཞེངས་པ་བློ་ལྡན་མགུར་འབུམ་ལས་གསལ། དུས་ཚོད་ནི་བོད་རྒྱལ་གཉིས་པ་མུ་ཁྲི་བཙན་པོས་ཞང་ཞུང་མཁས་པ་བརྒྱ་རྩ་བརྒྱད་གདན་དྲངས་ནས་བོད་ལ་འདུ་གནས་སོ་བདུན་བཏབས་པའི་སྐབས། གྱིམ་ཚ་རྨ་ཆུང་ཁོང་གིས་སྒྲུབ་གནས་ཀྱི་ཕུག་པ་དང་། སྐུ་ཞི་བར་གཤེགས་རྗེས་སྐུ་གདུང་བཤམས་སའི་བང་སོའི་དེའུ་འབུར་ཞིག་ཡོད་པ་དེར་ཟད་མེད་ཀྱི་མར་མེ་རང་འབར་ཡོད་པར་བཤད་ལ། བང་སོའི་དེའུ་འབུར་དེ་ཉིད་སྲི་དགུ་གཅན་བཅུའི་ཁ་གནོན་དུ་བཞེངས་པར་གྲགས། སྤྲུལ་སྐུ་བློ་ལྡན་སྙིང་པོས་རིག་འཛིན་འདུས་པ་ཐབས་ཆེན་ཡབ་རྒྱུད་ཀྱི་སྒྲུབ་བ་མཛད་དེ་འཇམ་དཔལ་གཤིན་རྗེ་འཁྲོས་པའི་མར་ཞབས་ས་སྲིན་སྤུན་དགུ་དམ་ལ་བཏགས་རྗེས་སྲིན་གྱི་བླ་རྡོ་ཕྱག་གིས་བཅང། ཞང་ཞུང་ལི་དམར་ལས་གྲུབ་པའི་དྲན་པ་མཚན་བརྒྱད་ཀྱི་སྐུ་བརྙན་ཟབ་གཏེར་དུ་དྲངས་པའི་ས་གནས་དང་། རྟ་ཤོད་བུ་མོ་པདྨ་མཚོ་མི་ཡུལ་དུ་མཚན་དཔེ་བཞད་པའི་ལྟེ་མཚར་འཐོར་གནས་ཡིན་པར་གྲགས་ཤིང་།མ་ཟད་གནོད་སྦྱིན་འདྲེ་མོ་ལྗང་ཤོད་ཨ་འུ་ཞལ་སྒྲོན་ཁ་གནོན་དུ་བྱོན། དེ་རྗེས་འཛམ་གླིང་བླ་མ་མཆོག་ཆེན་སངས་རྒྱས་གླིང་པས་བཙན་བདུད་ཤ་བ་སྐྱ་རིང་བཀའ་བགོས་དམ་བཏགས་མཛད་དེ། བཙན་གྱི་བླ་རྡོ་ཕྱག་གིས་ཟན་ལྟར་བཅང་ཞིང་སླད་ཕྱིན་ཀླུ་བཙན་གྱིས་གནོད་པ་མི་འབྱུང་ཕྱིར་ལྷ་ཁང་ཀ་གཉིས་མ་ཞིག་གསར་བཞེངས་གནང་སྟེ། ནང་རྟེན་དུ་དུས་གསུམ་གྱི་སྟོན་པའི་སྐུ་བརྙན་སྨན་འདམ་ཐོག་བརྩེགས་ཅན་དང་། ལྡེབས་རིས་ལ་རྣམ་རྒྱལ། བྱམས་མ། རྒྱལ་བ་རྒྱ་མཚོ། བློ་ལྡན། དབལ་གསས། རྒྱལ་ཆེན་སྡེ་བཞི། མ་གཤིན་སེང་གསུམ་བཅས་ཀྱི་གཙོ་འཁོར་རྣམས་བྲིས་བཞེངས་གནང་། ཕྱིས་གྲོང་དེར་ཀ་འཇའ་ཚང་ཞེས་པའི་དུད་ཚང་ནང་རྩེ་དྲུག་དགོན་གྱི་བླ་རབས་ཁག་གཉིས་འཁྲུངས། ཡང་སྲིད་གོང་མའི་སྤྲུལ་པ་འཕྲུལ་བ་མེད་པར་རྟགས་ལ་ཀ་བ་འཇའ་ཡིས་འཁྱུད། ཕྱིས་སུ་ཀ་འཇའ་ཚང་ཞེས་དུད་མིང་དེ་ཐོགས་པར་གྲགས། ཁོང་རྣམས་གཉིས་ཀྱིས་ལྷ་ཁང་ཀ་གཅིག་མ་ཞིག་བཞེངས་ནས་བོན་གྱི་བསྟན་པ་བསྐྱར་བསྐྲུན་གནང་། ལྷ་ཁང་ཐང་གི་ལམ་གོང་དུ་སྤང་ལྗོངས་ཀྱི་དེའུ་འབུར་ཟླུམ་པོ་ཞིག་ཡོད་པ་དེ་སྟག་ཤོད་བུ་མོ་པདྨ་མཚོོའི་དཀྱིལ་འཁོར་ཡིན་པར་ཡོངས་སུ་གྲགས་ལ། དེ་དག་བདག་སྐྱོང་ཆེད་དཔལ་རྩེ་དྲུག་དགོན་ནས་དམིགས་བསལ་གྱིས་མི་སྣ་སྒྲིག་འཛུགས་བྱས་ཏེ། རིག་གསར་གྱི་གོད་ཆག་མ་བྱུང་བར་ལྷ་ཁང་དེར་ནུབ་མོ་རེར་མར་མེ་རྐང་རེ་མ་ཆག་པར་འབུལ་སྲོལ་ཡོད། དུས་ངན་སྐབས་དེར་ལྷ་ཁང་རྩ་གཏོར་དུ་སོང་མེད་ནའང་ནང་གི་འཇམ་སྐུ་དང་གསུང་རྟེན་གང་ཡོད་རྗེས་མེད་དུ་སོང་ཞིང་ལྡེབས་རིས་ཁག་ལའང་གནོད་སྐྱོན་ཚད་མེད་ཕོག
   ད་ལྟའི་ཆར་ཡང་སྒོམ་པ་ཚང་དུ་དཔལ་རྩེ་དྲུག་དགོན་གྱི་བླ་རབས་ཞེ་གསུམ་པ་མཆོག་སྤྲུལ་ཐེག་མཆོག་འོད་ཟེར་རྒྱལ་མཚན་འཁྲུངས་ཤིང་རང་བསྟན་རང་བདག་གི་ཚུལ་དུ་བཙའ་སྐྱོང་བྱེད་བཞིན་ཁོང་གིས་རྩེ་དགོན་བསྟན་པའི་ཕྲིན་ལས་ཉམས་མེད་སྐྱོང་ཞོར་དུ་གྲགས་ཅན་ལྡོང་མདོ་ལྷ་བཟོ་གདན་དྲངས་ཏེ་ལྡེབས་རིས་སུ་ཆོ་ག་བཅུ་གཉིས་ཀྱི་ལྷ་འཁོར་ཆ་ཚང་དང་། གསས་མཁར་མཆོག་ལྔ། གྷུ་དྲག་ལྷ་འཁོར་བཅས་བྲིས་བཞེངས་དང་། དེ་བཞིན་གསེར་ཟངས་ལས་གྲུབ་པའི་བྱམས་མ་དང་རྣམ་རྒྱལ་གྱི་སྐུ་ཚད་ཁྲུ་གང་བ་རེ་དང་དེང་དུས་དར་སྲོལ་ཆེ་བའི་བལ་ཡུལ་གྱི་སྐུ་ལི་མ་གཉིས། བཀའ་བརྟེན་འགྱུར་གཙོས་པའི་བོན་གྱི་གསུང་རབ་ཇི་སྙེད་ཚར་རེ་ཙམ་མིན་པ་རྗེས་བཞག་གི་བཀའ་དྲིན་བསྐྱངས་ཡོད་པ་མ་ཟད། སྔར་གཏོར་བརླག་ཕྱིན་པའི་དུས་གསུམ་སྟོན་པའི་སྐུ་དེ་དག་ཀྱང་རྒྱུ་གསེར་ཟངས་ལས་གྲུབ་པ་བསྐྱར་བཞེངས་ཞུས་ཟིན། ས་གནས་འདིར་ད་ལྟ་དད་ལྡན་མཇལ་སྐོར་རྣམས་ཀྱིས་རྩེ་དྲུག་སྐོར་ཆེན་དུ་གནས་འདི་མཉམ་དུ་བསྐོར་བ་དང་། དཀྱིལ་འཁོར་དང་ལྷ་ཁང་མཇལ་ཁ་ཞུ་ཞིང་མཁའ་འགྲོའི་ཚོགས་གཞོང་དུ་གྲགས་པའི་རྡོ་གཞོང་ནང་ཕྱེ་མར་བཤམས་མཆོད་བྱེད་དེ་ཟས་དུག་འགོག་པའི་ཁྱད་བོན་སོགས་ལ་དམིགས་ནས་རྩམ་པའི་དངོས་གྲུབ་ལེན་སྲོལ་ཡོད་དོ། །

ཅེས་བོད་ལྕགས་ཡོས་ལོ་ཟླ་༡པོའི་ཚེས་༣དང་སྤྱི་ལོ་༢༠༡༡ལོའི་ཟླ་༢པའི་༥ཉིན་བྲིས།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།