ཁྲི་སྲོང་ལྡེའུ་བཙན་སྐབས་ཀྱི་གསོ་རིག་ལོ་རྒྱུས།
[ཟླ་ཚེས། 2015-07-15 10:45:23][རྩོམ་པ་པོ། ཐུབ་བསྟན་ཕུན་ཚོགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
ལུགས་གསུམ་ཀུན་འདུས་རིན་ཆེན་སྤུངས་པ་ཡི། །
དཀར་ཆག་བརྟག་ན་བོད་ལུགས་ཁོ་ནར་མཐོང༌། །
བི་ཇིའི་གདམས་པ་བེ་བུམ་བླ་ཡིག་སོགས། །
ཞིབ་ཏུ་དཔྱད་ན་ལུགས་གང་མ་ངེས་སོ། །
ཕྱི་ལྟར་དམངས་བཅོས་ནང་ལྟར་བློན་བཅོས་དང༌། །
གསང་བ་རྒྱལ་པོ་བཅོས་པའི་དམར་ཁྲིད་རྣམས། །
རྒྱུད་བཞིའི་གཞུང་དུ་ཐིམས་སམ་ཟུར་དུ་བཞུགས། །
གངས་རིའི་ལྷ་རྗེ་རྣམས་ལ་དཔྱད་གཞི་ཕུལ། །
དཀར་ནག་རྒྱ་དང་ཁྲོམ་གྱི་སྨན་པ་དང༌། །
གངས་ཅན་རྒྱལ་ཁམས་ལྔ་ཡི་མཁས་རྒུ་ལ། །
བོན་གྱི་སྨན་རྩིས་ཆོས་ཀྱི་ལུགས་བསྒྱུར་ནས། །
གདམས་ངག་སྤེལ་བའི་སློབ་དཔོན་བཻ་རོ་རྗེ། །
རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་སྐབས་ཀྱི་བོད་ཀྱི་གསོ་རིག་ལོ་རྒྱུས་སྐོར《ཤེས་བྱ་ཀུན་ཁྱབ》ལས། ཁྲི་སྲོང་དུས་ན་སྤྲུལ་པའི་སྲས་གསུམ་གཞུང༌། །པུསྟི་ཁ་སེར་རྒྱལ་བློན་དམངས་གསུམ་དང༌། །རྒྱ་ཞང་ཧོར་བོད་འ་ཞའི་མཁས་གཞུང་བཙུགས། །
སྤྱི་ལོ་742—796
ཞེས་པའི་དོན་ནི་ཀོན་སྤྲུལ་ཡོན་ཏན་རྒྱ་མཚོའི་ཤེས་བྱ་ཀུན་ཁྱབ་དང༌། སྡེ་སྲིད་ཀྱི་གསོ་རིག་ཁོག་དབུབ་དང༌། འབེ་ལོའི་གསོ་རིག་ཁོག་འབུག་སོགས་ཀྱི་ནང་དོན་མདོར་བསྡུས་ནས་བརྗོད་ན། ཁྲི་སྲོང་སྐབས་སུ་སྤྲུལ་པའི་སྲས་གསུམ་བྱུང་ཚུལ། “དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་རྒྱལ་སྲིད་ཐོག་མར་འཛིན་པའི་སྐབས་སུ་རྒྱ་གར་ནས་སྨན་པ་ངྷརྨ་རཱ་ཛ་དང༌། རྒྱ་ནག་ནས་མ་ཧྭ་ཀྱིན་ད། ཁྲོམ་གྱི་ཡུལ་ནས་བི་ཇི་ཙན་པ་ཤི་ལ་ཧ་དང་གསུམ་དྲངས་པ་ལ་སྤྲུལ་པའི་སྲས་གསུམ་དུ་གྲགས་ཏེ། དེ་གསུམ་བགྲོས་ནས་རྒྱལ་ཁམས་གསུམ་པོའི་ལུགས་དང་བསྟུན་པའི་སྨན་དཔྱད་ཀྱི་བསྟན་བཅོས《རིན་ཆེན་སྤུངས་པའི་སྐོར》ཞེས་བྱ་བ་བརྩམས་ནས་རྒྱལ་པོ་ལ་ཕུལ།” ཞེས་གསུངས།
བསྟན་བཅོས་རིན་ཆེན་སྤུངས་པའི་ནང་དུ་འདུས་པའི་གསོ་རིག་དཀར་ཆག གསོ་བ་རིག་པའི་རྩ་བ《རྩིས་ཉི་ཟླའི་འཁོར་ལོ》ལ་ལེའུ་བདུན།《ལུས་གནས་ནད་བཅས་གཞི་གསུམ་གསོ་ཐབས་ཀྱི》འགྲེལ་པ་གཉིས་དང༌། 《ཆུ་རྟགས་གསེར་གྱི་མེ་ལོང་།》 《གདམས་པའི་འཁྲུལ་འཁོར་དངུལ་གྱི་མེ་ལོང་།》 《སྒོ་གཏུན་ལྕགས་ཀྱི་གཟེར།》《རྩ་དཔྱད་རྒྱའི་སྒྲ་མཆུ།》 《ཁ་དམར་རྒྱས་པ་གསེར་གྱི་གཏུན་ཕྱིས།》 《བསྡུས་པ་ལྕགས་ཀྱི་སྟ་རེ།》 《རིན་པོ་ཆེ་བདུད་རྩི་གསང་བའི་ལུང་།》 《སྨན་ནུས་སྒྲོན་མ་གསེར་གཟོང་།》 《བཅུད་ལེན་རིན་ཆེན་ཤེལ་ཕྲེང་།》 《སྨན་འབུ་ཤགས་ཟངས་ཀྱི་བུམ་པ།》 《འདྲ་ཡིག་དུང་གི་མིག》 《འཁྲུགས་སྡེབ་གཡུའི་དྲ་བ།》 《རོ་སྐོར་ལྕགས་ཀྱི་ཕྲེང་བ།》 《ཞི་བྱེད་མུ་ཏིག་ཕྲེང་བ།》 《སྣ་བཤལ་དུང་གི་ཆགས་ཤིང་།》 《 སྐྱུགས་རིན་ཆེན་ལྕགས་ཀྱུ།》 《བཤལ་དངུལ་གྱི་བུམ་པ།》《འཇམ་རྩི་ཉི་མའི་གཟེར་བུ།》 《ནེ་རུ་ཧ་ལྕགས་ཀྱི་སྤར་བུ།》 《སྔོ་སྨན་ནགས་སུ་འཇུག་པ་གཡུའི་དྲ་བ།》 《ལུམས་ཉི་ཟླའི་ཐིགས་པ།》 《 བྱུགས་པ་མེ་ཆུའི་གཟེར།》 《གཏར་ག་ལྕགས་ཀྱི་པདྨ།》 《མེ་བཙའ་བདུད་རྩིའི་ཐིགས་པ།》 《 ཐུར་དཔྱད་མཚོན་ཆའི་འཁོར་ལོ།》《དམུ་ཆུ་རྒྱ་མཚོ་འདྲེན་སྐེམས།》《སྨན་གནས་མདོར་བསྡུས》རྣམས་ཏེ་ཁོང་ནད་ཀྱི་སྐོར་འགྲེལ་ཆུང་ཉེར་བདུན། འཐོར་དཔྱད་ལ་སྤྱིར་རྨ་གཅོང་གཉིས་དང་བྱེ་བྲག་ཏུ་ཉི་ཤུ་རྩ་གསུམ། མགོ་བྱང་ཁོག་ཡན་ལག་དང་བཅས་པའི་བཅོས་རྣམས་སོ། །
གཞན་ཡང་དེ་སྐབས་དེར་ཀླུ་སྒྲུབ་ཀྱིས་མཛད་ཟེར་བ། 《བདུད་རྩི་སྨན་རིན་པོ་ཆེའི་གསང་རིག་སྒྲོན་མ》ཞེས་བྱ་བ་སོགས་དང༌། འཇམ་དཔལ་གྱིས་དྲང་སྲོང་ཉི་མའི་དངོས་གྲུབ་དང་དཀའ་ཐུབ་གཞོན་ནུ་ལ་གསུངས་ཟེར་བའི། 《གསོ་དཔྱད་འཕྲུལ་གྱི་མཛོད་རིན་པོ་ཆེའི་སྒྲོན་མ》ཞེས་བྱ་བ་སོགས་མང་པོ་དང༌། ཕྱག་རྡོར་གྱིས་གསུངས་ཟེར་བའི《ཡན་ལག་རྩ་བའི་རྒྱུད་ལེའུ་བཞི་བཅུ་རྩ་བཞི》ཅན་སོགས་མང་པོ་བྱུང་ཡོད་པའི་སྐོར་ཞིབ་པར་ཤེས་འདོད་ན་འབེ་ལོའི་ཁོག་འབུགས་སོགས་ལ་གཟིགས་ཤིག
དེ་ནས་ཙན་པ་ཤི་ལ་ཧ་རང་ཡུལ་དུ་འབྱོན་ཁར་རང་གི་སྲས་ལ་གདམས་པ《བེ་བུམ་ནག་པོའི》སྐོར་འཇལ་ཚད་དང་བཅས་པ་དང༌། ཙ་ར་ཀས་མཛད་ཟེར་བའི《དྲང་སྲོང་སྙིང་རྒྱུད་མགོ་བྱང་ཁོག་ཡན་ལག་གི་སྤྲ་ཁྲིད་སྐོར་གསུམ》དང༌། མགོ་བྱང་ཁོག་ཡན་ལག་འཐོར་བུ་དང་བཅས་པའི་བཅོས་ཐབས《བི་ཇིའི་པོ་ཏི་ཁ་སེར》དུ་གྲགས་པ་རྣམས་རྒྱལ་པོ་ལ་ཕུལ། 《བི་ཇིའི་པོ་ཏི་ཁ་སེར》ལ་མིང་གཞན《རྒྱལ་པོའི་བླ་ཡིག་འོད་འབར》དུ་གྲགས། ཙན་པ་ཤི་ལ་ཧ་འདི་ཁྲི་སྲོང་གི་སྐབས་སུ་ཡིན་པ་ཐང་ཡིག་ཏུའང་ཡོད་དོ། ཞེས་འབེ་ལོ་ཚེ་དབང་ཀུན་ཁྱབ་ཀྱིས་གསུངས།
གཞན་ཡང་ལྷ་རྗེ་སེ་ན་ཙེ་ཏས། རྒྱལ་བློན་དམངས་གསུམ་ལ་གདམས་པ་ཕྱི་ལྟར་དམངས་ལ་གདམས་པ་རྩ་བ་འཕྲུལ་ལྡེ་ཞེ་གཉིས་སོགས་ཡིག་ཚང་མང་པོ་དང༌། །ནང་ལྟར་བློན་ལ་གདམས་པ་རྩ་བ་འགྲེལ་པ། གནད་ཡིག་སོགས་མང་པོ་དང༌། གསང་བ་རྒྱལ་པོ་བཅོས་ལུགས་ལ། ཆེ་ཚོ་ལྟར་བཅོས་པ། ཆུང་ཚོ་ལྟར་བཅོས་པ། དམར་ཁྲིད་ལྟར་བཅོས་པ་གསུམ་སོགས་གསོ་རིག་གི་དཔེ་ཆ་མང་པོ་ཞིག་ཡོད་པར་གསལ་ཡང༌། དཔེ་ཆ་འདི་དག་དེང་དུས་བོད་ཀྱི་ཡིག་ཚང་ནང་དུ་ཡོད་དམ།
ལོ་རྒྱུས་ཡིག་ཆའི་ནང་དུ་ཆོས་རྒྱལ་ཁྲི་སྲོང་སྐབས་སུ་བྱུང་ཡོད་པའི་གསོ་བ་རིག་པའི་དཔེ་ཆའི་མིང་མང་པོ་འདི་འདྲ་ཞིག་ཡོད་འདུག་པ་འདི་དག དེང་དུས་བོད་གངས་ཅན་གྱི་ལྷ་རྗེ་རྣམས་ཀྱིས་རི་བོང་ཅལ་འདྲོགས་ཀྱི་རྗེས་སུ་མི་འགྲོ་བར། བློ་རྣལ་དུ་ཕབ་ནས་དཔེ་ཚོགས་འདི་དག་ད་ལྟ་བཞུགས་ཡོད་མེད་བརྩད་གཅོད་གནང་ནས་ཡོད་ན་གང་དུ་ཡོད་པ་དང༌། མེད་ན་མེད་སྟངས་ཇི་ལྟར་ཡིན་པ་གསལ་པོ་ཞིབ་འཇུག་གནང་འོས་པ་ཞིག་རེད།
བཻ་རོས་བོན་གྱི་རྩིས་སྨན་འཆད་བསྒྱུར།
སློབ་དཔོན་བཻ་རོ་ཙཱ་ནས་བོན་གྱི་སྨན་རྩིས་ཀྱི་གཞུང་རྣམས་ནང་ཆོས་ལུགས་ཀྱི་རྣམ་པར་བསྒྱུར་ནས་རྒྱལ་པོའི་བླ་སྨན་རྣམས་ལ་གདམས་ཚུལ་གྱི་སྐོར《ཤེས་བྱ་ཀུན་ཁྱབ》ལས།བཻ་རོས་རྩིས་སྨན་བསྒྱུར་སོགས་གཏེར་མའི་སྒྲོས། །འཛོ་རོ་བི་ཇི་མཐའ་བཞི་བླ་སྨན་བརྒྱུད། །“ལོ་ཆེན་བཻ་རོ་ཙ་ནས་ཆོས་བོན་རྩིས་སྨན་འདྲེས་མར་བསྒྱུར་རོ་ཞེས་སོགས་གཏེར་མ་ཁ་ཅིག་གི་ཚིགས་སྒྲོས་ལ་ཁུངས་བཅོལ་ནས། བརྟག་པར་སླ་བའི་བོད་གཞུང་མང་པོ་བཻ་རོས་བསྒྱུར་བའི་རྒྱ་གཞུང་དུ་བཟུང་བ་སོགས་ནི་དཔྱོད་ལྡན་མཁས་པ་རྣམས་ཀྱིས་བཀག་ཟིན་ཅིང༌། དེ་བཞིན་དུ་བོད་སྨན་མཁས་པ་མི་དགུ་ཆོས་རྒྱལ་གྱི་དུས་སུ་བྱུང་བར་འཆད་པའང་ཤིན་ཏུ་ནོར་ཏེ་དེ་དག་ཕལ་ཆེར་བསྟན་པ་ཕྱི་དར་གྱི་སྐབས་སུ་བྱུང་བ་ཡིན་ལ། གོང་སྨོས་འཛོ་རོ། བི་ཇི། མཐའ་བཞི་གསུམ་པོ་ནི་ཆོས་རྒྱལ་བླ་སྨན་ཡིན་ལ་དེ་དག་བརྒྱུད་པ་མ་འཁྲུལ་བ་ཡིན་ནོ།”ཞེས་གསུངས།
ཀོང་སྤྲུལ་རིན་པོ་ཆེས་གོང་གསལ་འདིར་གནད་དོན་གསུམ་གསལ་བཤད་གནང་ཡོད་དེ། ༡༽ བཻ་རོས་བོན་གྱི་རྩིས་སྨན་གྱི་གཞུང་རྣམས་ཆོས་བོན་འདྲེས་མའི་རྣམ་པར་བསྒྱུར་བ་དེ། ཁ་ཅིག་གིས་བཻ་རོས་བསྒྱུར་པའི་རྒྱ་གཞུང་ཡིན་པ་སྒྲོགས་ཡོད་ཀྱང༌། དེ་གཟུར་གནས་མཁས་པ་རྣམས་ཀྱིས་བཀག་ཟིན། ཞེས་གསུངས་པ་རེད། འོན་ཀྱང་འདི་སུས་བོན་གཞུང་རྒྱ་གཞུང་དུ་བརྫུས་པ་དང༌། དེ་ལ་སུས་དགག་པ་གནང་བའི་ལོ་རྒྱུས་ཡོད་ངེས་པར་འདུག་པས་ང་ཚོས་རིམ་བཞིན་བརྩད་གཅོད་འོས། རྩ་བ་བོན་ལ་ཐུག་པའི་འབྱུང་རྩིས་དང༌། གསོ་བ་རིག་པའི་བསྟན་བཅོས་ཁག་གཅིག ནང་དོན་གྱི་ཆ་ནས་རྒྱ་དཀར་ནག་རང་གི་ཡུལ་ལ་མེད་པའི་རིག་གནས་ཡིན་ཡང༌། མཇུག་བྱང་དུ་རྒྱ་དཀར་ནས་བསྒྱུར་བ་ཡིན་ཚུལ་བྲིས་འདི་དག་ཞིབ་ཏུ་དཔྱད་ན་རྟ་ཡི་མགོ་ལ་གཡག་གི་རྭ་བཙུགས་པ་དང་མཚུངས་སོ། ༢༽ གཡུ་ཐོག་རྙིང་མའི་རྣམ་ཐར་བཀའ་རྒྱ་མའི་ནང་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་བོད་སྨན་མཁས་པ་མི་དགུ་བྱུང་ཟེར་བ་ནི་ནོར་འཁྲུལ་རེད། ཅེས་གསུངས། དེའི་རྒྱུ་མཚན་འོག་ཏུ་འབེ་ལོའི་གསུངས་ལས་གསལ་བ་འདིར་མ་སྨྲོས། ༣༽ བཻ་རོས་བོན་གྱི་རྩིས་སྨན་གྱི་གཞུང་རྣམས་ཆོས་བོན་འདྲེས་མའི་རྣམ་པར་བསྒྱུར་བ་དེ་དག་གི་གཞུང་དང་ལག་ལེན་རྣམས་རྒྱལ་པོའི་བླ་སྨན་འཛོ་རོ་དང༌། བི་ཇི། མཐའ་བཞི་རྣམས་ལ་བརྒྱུད་དེ་སྤེལ་བ་ཡིན། ཞེས་གསུངས། གོང་གི་གསལ་བཤད་གསུམ་པོ་འདིས་ཀྱང་གནའ་བོའི་བོད་ཀྱི་རྩིས་སྨན་གྱི་གཞུང་རྣམས་རྩ་བ་བོན་གྱི་མཁས་པ་རྣམས་ཀྱི་མཛད་རྗེས་ཡིན་པར་གསལ།
《པདྨ་བཀའ་ཐང་》ལས། བཻ་རོ་ཙཱ་ནས་རྩིས་སྨན་འདྲེས་མར་བསྒྱུར། །བཻ་རོ་ཙཱ་ནས་བོན་ཆོས་འདྲེས་མར་བསྒྱུར། ཞེས་གསུངས་པ་དེའི་དོན། གནའ་བོའི་བོན་གྱི་རིག་གཞུང་རྣམས་ནང་པའི་རྣམ་པར་བསྒྱུར་བའི་དོན་ཡིན་པ་ལས། བོན་ཆོས་ཞང་བོད་ཀྱི་སྐད་དུ་བྲིས་པ་དེ་ཡང་བསྐྱར་བོད་སྐད་དུ་བསྒྱུར་མི་དགོས་པ་ནི་སུས་ཀྱང་ཤེས་སླ།
སྤྱིར་སྐབས་འདིར་བོད་ཡུལ་སྟོད་སྨད་བར་གསུམ་གྱི་བོད་སྨན་མཁས་པ་རྣམས་དབུས་སུ་འདུས་པ་དང༌། རྒྱ་དཀར་ནག་དང༌། ཁྲོམ་སོགས་ནས་ཀྱང་སྨན་པ་མང་པོ་ཕེབས་པ་རྣམས་ལ་སློབ་དཔོན་བཻ་རོ་ཙཱ་ནས་བོད་ཀྱི་གསོ་བ་རིག་པའི་གཞུང་ལག་ལེན་འཆད་སྤེལ་བགྲོ་གླེང་གནང་ཞིང༌། ཕན་ཚུན་རིག་གཞུང་བརྗེ་རེས་གནང་བ་བཅས་བོད་དུ་གསོ་རིག་བསྟན་པ་ཤིན་ཏུ་དར་བའི་དུས་སྐབས་ཤིག་ཡིན་པ་གསལ།
རྒྱལ་པོའི་བླ་སྨན་རྒྱལ་ཁམས་ལྔའི་སྨན་པ།
རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་སྐབས་ཀྱི་རྒྱལ་ཁམས་ལྔའི་སྨན་པ་མཁས་རྒུ་འདུས་ཚུལ་ནི། འབེ་ལོ་ཚེ་དབང་ཀུན་ཁྱབ་ཀྱིས་མཛད་པའི《གསོ་བ་རིག་པའི་ཁོག་དབུབ་སྒོ་བརྒྱ་འབྱེད་པའི་ལྡེའུ་མིག》ལས། “རྒྱ་ཡི་གྲུ་གུ་ཟེ་ཐོ། ཞང་ཞུང་གི་ཁུ་ལོད་ཡུ་ཁན། ཧོར་གྱི་གུ་ཡན་ཁྲི་གཟིགས། བོད་ཀྱི་ཅོག་རོ་མང་པོ་རྗེ། འ་ཞེའི་ཐ་ན་ཆུ་སྐྱེས་དེ་ལྔ་སྤྱན་དྲངས་ཏེ་རྟའི་ནད་རྐྱེན་སོགས་ངོས་བཟུང་རེ་མཛད།” ཅེས་སོགས་དང༌། ཡང༌། “རྒྱ་གྲུ་གུ་སེ་ཏེས་གི་མེ་བཙས་བཅོས། ཧོར་གྱི་མུ་གན་ཁྲི་གཟིགས་ཀྱིས་ནི་གཏར་ཁས་བཅོས། ཞང་ཞུང་ཁུ་ལོད་མུ་ཡན་དང༌། བོད་ཀྱི་ཅོག་རོ་མང་རྗེ་གཉིས་ཀྱིས་ནི། སྨན་དང་གཏར་བསྲེགས་ཀྱིས་བཅོས། འ་ཞའི་ཐ་ན་ཆུ་སྐྱེས་ནི་གནས་ཐམས་ཅད་དང་ཁྱད་པར་མེ་བཙས་བཅས་སོ། ཞེས་འབྱུང་བ་དག་ལས། རྒྱལ་ཁམས་ལྔ་ནས་མཁས་རྒུ་ཚོགས་པ་ཡིན་པས། ཞེས་པའི་མང་ཚིག་གི་དགུ་ལ་སྤྱི་རྟོལ་ཅན་འགས་གྲངས་ཀྱི་དགུར་འབྲུ་གཉེར་ནས་ཕྱི་དར་གྱི་སྐབས་སུ་དབུས་གཙང་ན་མཁས་པ་མི་དགུ་བྱུང་བ་རྣ་ལམ་དུ་ཐོགས་ཏེ་སྐབས་དེར་མཁས་པ་མི་དགུའི་ཐ་སྙད་རྫུན་ཚིག་ཚོད་བསྒྲིགས་བྱས་པར་ཁོ་ནར་སྣང་ཞིང༌། རྟ་དཔྱད་མེ་ལོང་སྐོར་གསུམ་སོགས་མཁས་པ་དེ་ལྔས་མཛད་ངེས་པའི་སྨན་གཞུང་ཀྱང་འགའ་ཞིག་སྣང༌། ”ཞེས་གསུངས།
འདིར་རྒྱལ་ཁམས་ལྔའི་མཁས་པ་ཞེས་པ་ནི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་སྨན་པ་ཁོ་ན་ངེས་ཏེ། འདིར་རྒྱ་ཡི་གྲུ་གུ་ཟེ་ཐོ་ཟེར་བ་དེ་ཕྱིས་ཀྱི་མཁས་པ་རྣམས་ཀྱི་རྒྱ་ནག་ནས་ཡིན་པའི་འཁྲུལ་རྟོགས་ཤིག་བྱུང་འདུག གནའ་བོའི་བོན་དང་ཞང་ཞུང་གི་ཡིག་ཆའི་ནང་དུ་རྒྱ་ཟེར་བ་ནི་གངས་ཏི་སེའི་ཉེ་སྐོར་དུ་གནས་པའི་ཚོ་པའམ་རྒྱལ་ཕྲན་ཞིག་གི་རུས་མིང་ཡིན་འདུག་སྟེ། དཔེར་ན། གངས་ཏི་སེའི་ནུབ་ཕྱོགས་སུ་རྒྱ་ལག་འོད་མའི་གླིང་དུ་རྒྱ་ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་ཟེར་བའི་རྒྱལ་ཕྲན་ཡོད་ཚུལ་དང༌། དེ་ལས་སྔ་བ་བོད་མིའུ་གདུང་དྲུག་གི་ལོ་རྒྱུས་བཤད་པའི་སྐབས་སུའང༌། སྲིད་པའི་རྒྱལ་བུ་ཐིང་གེ་ཟེར་བས་རྒྱ་བོད་ཧོར་གསུམ་འདུས་པ་ལས། བོད་མི་ཁྲི་དོ་ཆེན་པོའི་བུ་དྲུག་ཅེས་པའི་རྒྱ་དང་ཧོར་ཟེར་བའང་དེང་དུས་མངའ་རིས་ས་ཁུལ་གྱི་ཚོ་པ་སོ་སོའི་རུས་མིང་ཡིན་པ་གསལ་བ་དང༌། བོན་གྱི་སྟོན་པ་གཤེན་རབ་ཀྱི་བཙུན་མོ་རྣམས་ལས་རྒྱ་བཟའ་དང༌། ཧོས་བཟའ་དང༌། ཀོང་བཟའ་ལ་སོགས་པ་དེ་དག་རྒྱལ་ཕྲན་དེ་དག་གི་སྲས་མོ་ཡིན་པར་གསལ་པོར་བཤད་ཡོད་པ་ལྟ་བུ་རྣམས་སོ། །
བོད་ཀྱི་སྨན་པ་ཅོག་རོ་མང་པོ་རྗེ་ཞེས་པའང་སྐབས་འདིར་བོད་ཅེས་པ་སྤྱི་མིང་གིས་བྱེ་བྲག་མཚོན་པ་ཞིག་ཏེ། ཡུལ་ཡར་ཀླུངས་ནས་བྱུང་བའི་སྨན་པ་ལ་བོད་ཀྱི་སྨན་པ་ཞེས་འབོད་ཡོད་པ་ནི། དཔེར་ན། དཀར་མཛེས་རང་སྐྱོང་ཁུལ་གྱི་རྫོང་སོ་སོ་ནས་ཡོང་པའི་སྨན་པ་ལྔ་ལྷན་ཏུ་འཛོམས་ན། སྤྱི་དེ་དག་ཚང་མ་དཀར་མཛེས་ཁུལ་གྱི་སྨན་པ་ཡིན་ཡང༌། བྱེ་བྲག་ས་ཁུལ་རེ་རེ་བཞིན་སྨོས་ཚེ་འདབ་པའི་སྨན་པ། ཉག་ཆུའི་ཁའི་སྨན་པ། བྲག་འགོའི་སྨན་པ། ཉག་རོང་གི་སྨན་པ། དཀར་མཛེས་ཀྱི་སྨན་པ་ཞེས་འབོད་པ་དང་ཕྱོགས་ཀུན་ནས་མཚུངས་སོ། །
བོད་ཀྱི་གསོ་རིག་ལོ་རྒྱུས་ཐམས་ཅད་ཀྱི་ནང་དུ། “ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་ཚེའི་མཇུག་ཏུ་སྙུན་གྱིས་བཏབ་པ་ལས་སླར་ཡང་མཐའ་བཞི་ཀའི་སྨན་པ་རྣམས་སྤྱན་འདྲེན་པའི་ཕོ་ཉ་བཏང་ཡང་གཞན་རྣམས་མ་བྱོན་ལ། རྒྱ་ནག་ནས་སྟོང་གསུམ་གང་བ་བྱོན་ཏེ་ལམ་དུ《གསོ་བ་དཀར་པོ་ལམ་གྱི་སྒྲོན་མ》ཞེས་བྱ་བའི་བསྟན་བཅོས་མཛད་ནས་རྒྱལ་པོ་ལ་སྐྱེས་སུ་ཕུལ། གསོ་བའི་དཔྱད་བྱས་པས་ན་སྙུན་དངས་པ་ན་མཐའ་བཞི་ཀའི་སྨན་པ་རྣམས་ཀྱི་གོ་ཆོད་པར་འདུག་གསུངས་ནས་མཐའ་བཞི་སྟོང་གསུམ་གང་བ་ཞེས་པར་གྲགས། བྱ་དགའ་ལ་གཡོར་སྟོད་དུ་ས་ཆ་གནང་ནས་ཁབ་བཞེས་པ་ལས་མཐའ་བཞིའི་རྒྱུད་པ་རྣམས་བྱུང་ངོ༌།” ཞེས་གསུངས་པ་ཡང་དོན་དུ་ཁྲི་སྲོང་སྐབས་སུ་མངའ་རིས་ས་ཁུལ་གྱི་རྒྱ་སྟོང་གསུམ་གང་བ་བཙན་པོའི་སྙུན་བཅོས་ཕེབས། དེ་ནས་ཁབ་བཞེས་ཏེ་གཡོར་སྟོད་དུ་གཏན་བཞུགས་གནང་ཡོད་འདུག
ཁྲི་སྲོང་སྐབས་སུ་བོད་སྨན་མཁས་པ་མི་དགུ་བྱུང་ཟེར་དེ་མ་དག་པ་ཡིན་པའི་སྐོར། འབེ་ལོའི《གསོ་བ་རིག་པའི་ཁོག་དབུབ་སྒོ་བརྒྱ་འབྱེད་པའི་ལྡེའུ་མིག》ལས། “སྐབས་འདིར་མི་དབང་སངས་རྒྱས་རྒྱ་མཚོས་སྔ་རབས་པའི་རྗེས་སུ་འབྲངས་ཏེ། བོད་འབངས་ཀྱི་བྱིས་པ་བློ་རྣོ་བ་དགུ་ལ་གསོ་བ་རིག་པ་སློབ་ཏུ་བཅུག་པས་སྟོད་ན་ཆེར་རྗེ་ཞིག་པོ། འུག་པ་ཆོས་བཟང༌། བི་ཇི་ལེགས་མགོན་གསུམ། བར་ན་གཡུ་ཐོག་མགོན་པོ། མི་ཉག་རོང་རྗེ། བྲང་ཏི་རྒྱལ་བཟང་གསུམ། སྨད་ན་གཉའ་པ་ཆོས་བཟང༌། མཐའ་བཞི་དར་པོ། སྟོང་པ་གྲགས་རྒྱལ་ཏེ་བོད་སྨན་མཁས་པ་མི་དགུར་གྲགས་པ་བྱུང༌། ཞེས་བཤད་པ་ནི་ཕྱོགས་ཞེན་གྱི་མཁས་པའི་གཏམ་ཁྱད་དུ་གསོད་པ་ལས་མ་འདས་ཏེ། མིང་དེ་སྐད་དུ་གྲགས་པ་ཕལ་ཆེ་བ་ཕྱི་དར་གྱི་སྐབས་སུ་བྱུང་བ་ཡིན་ཞིང༌། ཁྱད་པར་ཆེར་རྗེ་ཞིག་པོ་ནི་ལོ་ཆེན་རིན་བཟང་གི་སློབ་རྒྱུད་དང༌། བྲང་ཏི་རྒྱལ་བཟང་སོགས་ནི་གཡུ་ཐོག་གསར་མ་ཡོན་ཏན་མགོན་པའི་སློབ་རྒྱུད་དུ་འོག་ནས་འཆད་འགྱུར་ལྟར་རང་ཉིད་ཀྱིས་ཀྱང་བཤད་པ་མ་ཡིན་ནམ། གཡུ་ཐོག་མགོན་པོ་ནི་དུས་ཕྱིས་གསར་རྙིང་གཉིས་ཡོད་ཟེར་རྙིང་མའི་རྣམ་ཐར་ཟོལ་མ་ཞིག་སྣང་བས་འཁྲུལ་པ་ལ་ནི་ཐུགས་མེད་མོད། འོན་ཀྱང་རྙིང་མའི་རྣམ་ཐར་དེ་ཁྱད་གཞི་མེད་པའི་ཁྱད་ཆོས་རྫུན་བསྒྲིགས་ལ་རིག་པས་དཔྱད་བཟོད་པའི་ཚིག་དོན་ག་ལ་ཡོད་ཅིང༌། ཁྱེད་ཉིད་ཀྱིས་ཀྱང་དཔྱད་པའི་ཚེ་རྣམ་ཐར་ལོ་རྒྱུས་དེ་གསུང་རབས་སྤྱི་དང་མི་མཐུན། རྩ་རྒྱུད་དང་འགལ། བོན་པོའི་ཟེར་སྒྲོས། རིག་བྱེད་ཀྱི་གཏམ་རྒྱུད་ལྟ་བུ་ལས་ཡིད་བརྟེན་དུ་རུང་བ་དཀའ་ནའང་ཞེས་སོགས་ཀྱི་ཡིད་མ་ཆེས་བཞིན་དུ་བཤད་ཁུངས་ཀྱི་རྒྱབ་བརྟེན་དུ་འཆའ་བ་ནི་ནམ་ཡང་མི་རིགས་སྙམ་སྟེ། དེ་རྩོམ་པའི་གང་ཟག་ནི། བལ་པོ་སེའུ་མ་ཟོས་ཀྱང༌། ཁ་དོག་ཉིད་ལས་བྲོ་བ་ཤེས། ཞེས་པ་ལྟར་དཔྱད་པས་ཤེས་སྟེ། ཟུར་མཁར་བློ་གྲོས་རྒྱལ་པོས་ཕྱོགས་ཕྱོགས་ཀྱི་སྨན་པ་རྣམས་ལ་དྲི་ཡིག་མང་དུ་བྱས་སྟེ། སྟོད་ལུང་གི་ཨེམ་ཆི་ཀུན་ལེགས་ཟེར་བ་ཕྱིས་སུ་པ་རྣམས་འཚོ་བྱེད་དུ་འབོད་པ་ལའང་དྲི་བ་བྱས་པའི་དྲིས་ལན་དུ། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་བླ་སྨན་དགུ་ནི་སྟོད་ན་ཆེ་རྗེ་འུག་པ་བི་ཇི་གསུམ། བར་ན་གཡུ་ཐོག་བྲང་ཏི་མེ་ཉག་གསུམ། སྨད་ན་གཉའ་པ་མཐའ་བཞི་སྟོང་པ་གསུམ་སྟེ་དགུ་རུ་འདོད་པ་དང༌། རྒྱུད་བཞི་བཀའ་གཏེར་ཡིན་པའི་སྒྲུབ་བྱེད་བཀོད་པ་སོགས་བྱུང་བར། ཟུར་མཁར་བས་སླར་ཡང་དྲིས་ལན་ལེགས་བཤད་སྐྱུགས་པ། ཟླ་ཐིགས་ཉིན་བྱེད་འོད་མཚོ། དབྱར་སྐྱེས་རྔ་གསང་རྣམས་བྱས་སྟེ། འདྲེ་རྗེ་རྒྱ་གར་བཛྲ་གོང་ཡན་ལ་གཡུ་ཐོག་ཅེས་ཐ་སྙད་མེད་ཚུལ། ཆོས་རྒྱལ་དང་ཡོན་ཏན་མགོན་པོའི་བར་ལ་མི་ལོ་ཉིས་བརྒྱ་ཙམ་གྱི་སྔ་ཕྱི་ཡོད་ཚུལ། རྒྱུད་བཞི་གཡུ་ཐོག་མགོན་པོའི་གོང་ཡན་སུ་ལའང་མ་གྲགས་པའི་ཚུལ་སོགས་ལུང་རིགས་རྡོ་རྗེ་ཟེགས་མས་ཚར་བཅད་དེ་སྨྲ་རྒྱུ་མེད་པར་བྱས་པ་ན། ཕྱི་རྗེས་རང་གི་བླུན་ཚིག་གི་ལོ་རྒྱུས་སྒྲུབ་བྱེད་དུ་གཡུ་ཐོག་མགོན་པོ་རྙིང་མ་ཞེས་ཡོད་ཚུལ་རྣམ་ཐར་དེ་ཁོ་པས་ལྐོག་ཏུ་བྱས་པ་སྟེ། དེ་ཡན་ཆད་མཁས་བླུན་སུ་ལའང་གཡུ་ཐོག་མགོན་པོ་ཡབ་སྲས་གསར་རྙིང་གཉིས་ཡོད་པའི་སྒྲོས་གཏན་ནས་མེད་པའི་ཕྱིར་རོ། དེས་ན་ལུང་རིགས་ཚད་ལྡན་དང་ཁུངས་ཀྱི་ཡིག་ཆ་རྣམས་དང་མི་བསྟུན་པ་ཟེར་ཚད་ཚད་མར་བཟུང་སྟེ་བཀོད་པ་ནི་མཁས་པའི་གཏམ་མ་ཡིན་ནོ།”ཞེས་སོ། །
འདིའི་དོན་མདོར་བསྡུས་ན། ཁྲི་སྲོང་ལྡེའུ་བཙན་སྐབས་སུ་རྒྱལ་ཁམས་ལྔའི་སྨན་པ་མ་གཏོགས་སྨན་པ་མཁས་པ་མི་དགུ་ཟེར་བ་བྱུང་མེད། མཁས་པ་མི་དགུ་ཟེར་བ་བསྟན་པ་ཕྱི་དར་སྐབས་སུ་བྱུང་བའི་དབུས་གཙང་མཁས་པ་མི་དགུའི་ལོ་རྒྱུས་ཡིན་ཞེས་པའི་དོན་ནོ། །