བྲུ་སྦྲ་རྒན་བསོད་ནམས་སྟོབས་རྒྱལ་ཚང་གི་ལོ་རྒྱུས་གནད་བསྡུས།
[ཟླ་ཚེས། 2026-06-29 09:46:19][རྩོམ་པ་པོ། བྲུ་གཡུང་དྲུང་ཡེ་ཤེས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
༄༅། །བྲུ་སྦྲ་རྒན་བསོད་ནམས་སྟོབས་རྒྱལ་ཚང་གི་ལོ་རྒྱུས་གནད་བསྡུས།
གངས་རིའི་ལྗོངས་འདིར་བྲུ་ཡི་རིགས་རྒྱུད་ལས། །
དམ་པའི་སྤྱོད་བཟང་གསེར་གྱི་ཕྲེང་བ་བཞིན། །
སྦྲ་རྒན་ཚང་གི་བྱུང་བ་བརྗོད་པ་འདི། །
ཁྱིམ་རྒྱུད་གསལ་བའི་སྒྲོན་མེ་ཉིད་དུ་དམིགས། །

བྲུ་སྦྲ་རྒན་ཚང་གི་གཡང་ཁྱིམ་གྲུ་བཞི།
དེ་ལ་བོན་གྱི་གདུང་རྒྱུད་ཆེ་དྲུག་གི་ནང་ཚན་དཔལ་ལྡན་བྲུ་ཡི་གདུང་རྒྱུད་བྲུ་སྦྲ་རྒན་བསོད་ནམས་སྟོབས་རྒྱལ་ཚང་གི་ལོ་རྒྱུས་གནད་བསྡུས་ཤིག་འབྲི་བ་ལ་ཐོག་མའི་མཆེད་ཁུངས་དང་། བར་གྱི་གཞིས་ཆགས་ལུགས། ད་ལྟའི་བར་རྒྱུད་འཛིན་བྱུང་ཚུལ་བཅས་ཀྱིས་བསྟན་པ་ལ།དང་པོ། ཐོག་མའི་མཆེད་ཁུངས།
མཁས་དབང་དཔལ་ལྡན་ཚུལ་ཁྲིམས་ཀྱིས་མཛད་པའི«གཡུང་དྲུང་བོན་གྱི་བསྟན་འབྱུང»ལས། “དཔལ་ལྡན་བྲུ་ཡི་གདུང་རབས་ནི། །བདེར་གཤེགས་ཐུགས་སྤྲུལ་ལྷ་བུ་འོད་ཟེར་མདངས། །ལྷ་ལས་རིམ་བབས་རི་རབ་རྩེར་གཟིགས་ནས། །འཛམ་བུ་གླིང་དུ་བདུད་པོ་ངམ་ལེན་ནག །འདུལ་དགོངས་རྔ་ལ་ཆིབས་བྱས་དོག་ལ་ཕེབས། །ཨུ་རྒྱན་བྲུ་ཤ་ཐོ་གར་ཡུལ་རྣམས་བྱོན། །ཐོ་གར་རྒྱལ་པོ་སད་ཝེར་གསལ་འབར་གྱིས། །དང་བཀུར་གདན་དྲངས་བྲམ་གཟེར་མཚན་བརྟགས་བཅོལ། །གནམ་ནས་ས་བྲུལ་ལྷ་ཕྲུག་ཤ་མ་སྟེ། །ཚང་བུག་དབྱིངས་དོད་བཅས་པའི་བརྡར་སྤྲད་ནས། །མཚན་དུ་བྲུ་ཤ་གནམ་སྲས་སྤྱི་བརྡོལ་གསོལ། །དེ་ཡིས་བདུད་པོ་ངམ་ལེན་ནག་པོ་བསྒྲལ། །བདུད་འཁོར་དམ་བཏགས་ཡུལ་ལ་བོན་འཁོར་བསྐོར། །གྲུབ་ཐོབ་མང་བྱུང་བྲུ་ཤའི་རྒྱལ་པོ་ཡིས། །རྒྱལ་སྲིད་ཕུལ་བསྐྱངས་ཡུལ་སྡེའི་རྗེ་དབང་མཛད། །དེ་སྲས་ལྷ་བུ་གསས་ཆུང་བྱ་བ་བྱུང་། །དེ་སྲས་སྟག་དར་མ་ཞེས་དེ་ཡི་སྲས། །”ཞེས་པའི་སྟག་དར་མ་ལས་སྲས་ཆེ་བཙན་སྐྱེས་ལ་སོགས་སྲས་དགུ་བྱུང་། དེའི་ནང་ཚན་གཅུང་བཞི་མངའ་རིས་སྐོར་གསུམ་བླ་ཡི་མཆོད་གནས་སུ་བཀུར་བ་སོགས་གསལ་ལོ། །

དམར་ཆེན་གཡང་སྡེར། ནང་སེར་ནས་གང་། རྒྱ་མཚོ་ངོ་དྲོས།
གཉིས་པ། བར་དུ་གཞིས་ཆགས་ལུགས།
གོང་གི་གཅུང་བཞིའི་ནང་ཚན་གཡུང་དྲུང་རྒྱལ་མཚན་གྱིས་གཡས་རུ་དབེན་ས་ཁའི་གདུང་རབས་འཛིན་པ་སོགས་ལོ་རྒྱུས་རྒྱས་པ་གཞན་ནས་གསལ། སྟག་དར་མའི་སྲས་གཅུང་བཞིའི་ནང་ཚན་བྲུ་ཇོ་དར་ཡིན་པའི་དཔང་རྟགས་དར་ཞེས་པའི་ཚིག་དེ་སྒྲུབ་བྱེད་དུ་བཀོད་ན་འགྲིག་སྙམ། དེ་ཉིད་སྦྲ་ཆེན་བོན་ཐ་ལ་གཞིས་ཆགས་ལུགས་ནི་སྦྲ་ཆེན་རྫོང་ཞབས་ཤོག་ཁག་སོ་སོའི་ལོ་རྒྱུས་སྦྲ་ཆེན་སྲིད་གྲོས་ཀྱི་དཔེ་དེབ་དང་པོར་འཁོད་པ་ལྟར་ན། དུས་རབས་དགུ་པ་དང་བཅུ་པའི་ནང་སྐོར་བྲུ་ཇོ་དར་ཞེས་པ་སྟོད་གནམ་རུ་ནས་ཡོང་སྟེ་བོན་ཐ་ལ་གཞིས་ཆགས་པ་རེད་ཅེས་གསལ་ལ། དེ་ལྟར་བྲུ་ཇོ་དར་གྱི་དུས་སུ་བོན་ཐ་གླང་ལུང་བར་མ་ནང་ལ་གཞིས་བཅས་ནས་འདུག་ས་སྦྲ་ཆེན་པོ་ཞིག་ཕུབ་པས་བྲུ་སྦྲ་རྒན་ཞེས་པའི་མིང་དེ་ནས་བྱུང་བ་ཡིན་ནམ་སྙམ། དེ་ནི་ཁྱིམ་རྒྱུད་འདི་སྦྲ་ཆེན་བོན་ཐ་ལ་གཞིས་བཅས་སྐབས་མི་རྒྱུད་ཐོག་མ་དེ་ཡིན་དགོས་པར་འདུག །དེ་ནས་མི་རབས་འགའ་ཤས་སོང་ཡོད་ཀྱང་མིང་མ་ཤེས། རྒྱུ་མཚན་ནི་ཇོ་དར་དང་བུ་རབ་གཉིས་ཀྱི་བར་མི་རབས་འགའ་ཤས་སོང་ཡོད་པ་ཚོད་དཔག་བྱེད་ཐུབ་བོ། །

བྲུ་བསོད་ནམས་སྟོབས་རྒྱལ་དང་སྐར་གསལ་ཚ་ཞང་གཉིས།
གསུམ་པ། ད་ལྟའི་བར་རྒྱུད་འཛིན་བྱུང་ཚུལ།
གོང་གསལ་གྱི་བྲུ་བུ་རབ་ཞེས་པ་ཡུལ་འདིར་ཅུང་གྲགས་པ་ཆེ་བའི་མི་སྣ་ཞིག་སྟེ། ཤགས་འདྲེན་སྐབས་ཀྱི་བཤད་སྲོལ་དུ། “བྲུ་བུ་རབ་བུ་དེ་བུ་རབ་རེད། །བྲུ་ནོར་བཀྲ་ནོར་ཆེན་རྒྱུག་རྒྱུག་རེད། །མདེའུ་སྔོན་མོ་ཕྱག་ནས་གཏོར་གཏོར་རེད། །འཁོར་རྡོ་གྲུ་རྡོ་དྲུད་དྲུད་རེད། །སྨད་མགོ་ལོག་མགོ་ཞྭ་ལྷམ་ཕུད་རེད། །སྟོད་རུ་བ་ར་དུམ་འདེད་འདེད་རེད། །”ཅེས་པ་སོགས་རྒན་རབས་ཀྱི་ངག་རྒྱུན་དུ་གསལ། དེའི་བུ་བྲུ་ནོར་བཀྲས་སྦྲ་རྒན་ཚང་གི་ཁྱིམ་གཞིས་བཟུང་། བྲུ་ནོར་བཀྲ་ནི་དཔའ་རྒོད་སྟོབས་འབྱོར་ལྡན་པ་དང་བོན་ལ་དད་མོས་ཆེ་བ་ཞིག་ཡིན། མགོ་ལོག་ཇག་དམག་དང་འཐབ་སྐབས་མདེའུ་མང་པོ་འཕངས་ཀྱང་ཤ་ལ་མ་ཐེབས་པར་སྐེད་རགས་བཀྲོལ་སྐབས་མདེའུ་ས་ལ་ཆར་ལྟར་བབས་པའི་བཤད་སྲོལ་ཡོད་ལ། ལོ་བརྒྱད་ཅུ་ལྷག་ཐོབ་པར་བཤད། ཁོང་གི་བུ་བྲུ་དར་སེམས་དང་། ཆོས་པ། ཤེས་རབ་གསུམ་བྱུང་། བྲུ་དར་སེམས་ནི་སྤྱི་ལོ་༡༨༧༥ལོར་སྐྱེས་ཤིང་། ལོ་བརྒྱད་ཅུ་ཐུབ་ཡོད། ཁོང་འཇང་ཚང་གི་ཤུལ་འཇང་བཟའ་འབེས་སྐྱིད་དང་མཉམ་དུ་བོན་སྨད་ལུང་དམར་ཁུག་ཅེས་པའི་ས་དེར་ཁྱིམ་གཞིས་བཟུང་སྐབས་ཕ་ནོར་བཀྲས་ཕོར་རུ་དམར་ཆེན་གཡང་སྡེར་དང་། ནང་སེར་ནས་གང་། རྒྱ་མཚོ་ངོ་དྲོས་ཞེས་པའི་ཕོར་པ་གསུམ་དམིགས་བསལ་གནང་སྟེ་ཁ་གཡང་སྨོན་ལམ་བཏབ། ཤེས་རབ་དང་ཆོས་པ་གཉིས་ཀྱིས་གཞིས་བཟུང་། བུ་ཨ་སྦོས་དང་། ཨར་གསལ་སོགས་ཡོད། ཨར་གསལ་ནི་སྟོབས་འབྱོར་མངའ་ཐང་ལྡན་ཞིང་སྨན་རིའི་སྦྱིན་བདག་ཆེན་མོ་ཡིན་པས་ལོ་རེ་བཞིན་ལས་པ་འབུལ་གྱི་ཡོད། སྦྲ་རྒན་ལོ་མཆོད་ཅེས་ལོ་ཧྲིལ་པོར་ཕུར་ནག་སྒྲུབ་པ་དང་། ཞི་ཁྲོ་ཁྲི་མཆོད་སོགས་དུས་མཆོད་མང་པོ་མ་ཆད་པར་འཚོགས་པས་དུད་ཚང་སྐད་གྲགས་ཆེན་པོ་ཡོད་ཀྱང་ཁོ་ཚོ་ལ་བུ་མ་བྱུང་ཞིང་བུ་མོ་གནམ་ལུ་ཞེས་པ་ཞིག་བྱུང་། བུ་མོ་གནམ་ལུ་ལྷ་ལྡོང་དར་ཚོགས་གཉིས་མཉམ་དུ་གཞིས་བཅས། དེ་ལ་བུ་སྐལ་རྒྱལ་དང་སྐར་གསལ་གཉིས་བྱུང་། ཁོང་གཉིས་དགེ་བ་ལ་དད་སེམས་ཆེ་ལ་སྨན་རིའི་སྦྱིན་བདག་ཆེན་མོ་དང་། ཞང་པོའི་ལོ་ཟླ་དུས་མཆོད་སྲོལ་རྒྱུན་མ་ཉམས་པ་བཟུང་། དེ་ནས་བྲུ་སྦྲ་རྒན་ཚང་གི་ཁྱིམ་རྒྱུད་འཛིན་མཁན་བྲུ་དར་སེམས་གྱུར། བྲུ་དར་སེམས་ནི་སྐྱབས་གནས་དང་ལས་རྒྱུ་འབྲས་ལ་ཡིད་ཆེས་ཆེ་བ་ཞིག་ཡིན། རིག་གསར་སྐབས་ཇག་ཚོགས་དང་འཕྲད་སྐབས་དཀའ་ངལ་ཆེན་པོ་བྱུང་ཡང་། ན་རྐོ་ཆུ་ཡོད་སར་གབ་སྟེ་ན་ཐུར་བྱམས་མའི་སྐུ་བསྒོམས་ཏེ་བྱམས་མའི་སྙིང་ཐིག་བཀླགས་པས་ཇག་ཚོགས་ཀྱིས་མ་ཚོར་བ་བཤད་རྒྱུན་ཡོད། ཁོང་ལ་བུ་བྲུ་དར་སྐྱབས་དང་། གཡང་ལྷ། བྱིས་ལྷ། དབང་སྐལ་བཅས་བཞི་བྱུང་བ་ལས། དར་སྐྱབས་ནི་སྤྱི་ལོ་༡༩༠༡ལོར་སྐྱེས་ཤིང་། ལོ་བདུན་ཅུ་དོན་གསུམ་ཐུབ། ༡༩༦༠ལོའི་ནང་སྐོར་སྐུ་ཟླ་རྒྱུ་ནེ་བཟའ་དུང་དཔལ་དང་ལྷན་གནས་ཆེན་མདའ་རྒྱང་རྩེ་རྫོང་གི་གཡས་ཟུར། གནས་ཆེན་མེ་མོའི་གཡོན་ཕྱོགས། ཕྱུགས་གཡང་ནོར་བུ་ལྷ་རྩེའི་མདུན་དགའ་མོ་ནང་དགའ་མཚེར་ཁ་ཞེས་པ་སྤང་ལྗོངས་མར་ཁུ་འཁྱིལ་འདྲའི་དཀྱིལ་དུ་གཞིས་ཆགས། ཁོང་ནི་ཕ་ཁྱིམ་གྱི་ལུགས་སྲོལ་དང་དུས་མཆོད་ལ་དད་ཞེན་ཆེ་བ་དང་། ཁ་བདེ་ལ་དྲན་ཁ་མྱུར་བ། བཟོ་རིགས་ལ་མཁས་ཤིང་རྡོ་བརྐོ་བ་ལ་བརྩོན་འགྲུས་དང་ལག་རྩལ་ཆེ། ཁོང་གིས་བརྐོས་པའི་རྡོ་འབུམ་སྣ་ཚོགས་རི་ལུང་གང་སར་མཐོང་རྒྱུ་ཡོད་པ་འདི་ནི་ལོ་རྒྱུས་ཀྱི་དཔང་རྟགས་སུ་གྱུར་ཡོད། ཁོང་ལ་བུ་བྲུ་བསོད་ནམས་སྟོབས་རྒྱལ་དང་། དར་བརྟན་གཉིས། མ་གཞན་ཞིག་ལ་བུ་ཀུན་དགའ་ཚུལ་ཁྲིམས་ཞེས་པ་བྱུང་། བྲུ་བསོད་ནམས་སྟོབས་རྒྱལ་ནི་སྤྱི་ལོ་ ༡༩༤༠ ལོར་སྐྱེས་ཤིང་ཆུང་དུས་ནས་སྐྱབས་གནས་དང་དགེ་ཚོགས་ལ་དད་སེམས་ཆེ་ལ་གཏམ་བཤད་ལའང་མཁས། ཁྲུས་དང་གཙང་སྦྲ་ལ་དང་དོད་ཆེ་བའི་གཤིས་བཟང་ཡོད། ཕ་ཡི་དྲུང་དུ་ཡི་གེ་འབྲི་ཀློག་སོགས་སྦྱངས་ཏེ་ཡི་གེ་ཀློག་རྒྱུར་གསལ་དག་སྒྲོས་གསུམ་ཅན་ཞིག་གྱུར། མཁར་སྣའི་རྒྱལ་ཚབ་བོན་གཞུང་དུ་ཕེབས་ཏེ་རང་ཁྱིམ་དུ་རྣམ་རྒྱལ་སྟོང་མཆོད་དབུ་བཞུགས་མཛད་སྐབས་མཉམ་དུ་རྣམ་རྒྱལ་སྟོང་མཆོད་གསུང་སྐབས་བུ་ཁྱོད་ཡི་གེ་འདོན་རྒྱུ་ཡག་པོ་འདུག་དཔེ་ཡག་པོ་རེད་ཅེས་བསྔགས་བརྗོད་གནང་། རིག་གསར་རྗེས་སུ་ཉིན་ལྟར་ཁོམ་སྐབས་དང་བསྟུན་ཏེ་ཁྲོ་གཞུང་ཚར་རེ་དང་། སྐྱེ་སྒོ་གཅོད་པ་ཚར་རེ་བློ་འདོན། ནང་བསང་དགོང་འདོན་སོགས་ཆད་མེད་དུ་གནང་མཛད། དེ་བཞིན་གྲོང་ཚོའི་འགན་ཁུར་དང་ཡུལ་མིའི་རེ་བ་ཆེ་ཤོས་ཀྱི་མི་སྣ་ཞིག་ཏུ་གྱུར། ཁོང་གིས་བུ་ཕྲུག་ཚོ་ལ་སྐྱབས་གནས་དང་ལས་རྒྱུ་འབྲས་གཉིས་བསླུ་མེད་ཡིན་པའི་བསླབ་བྱ་རྒྱུན་དུ་གནང་ཞིང་བུ་རྒྱུད་ཚང་མར་ཡི་གེ་བསླབས་པས་ཚང་མ་ཡི་གེ་ཀློག་ཤེས་མཁན་དུ་གྱུར་པ་ཡང་དམིགས་བསལ་བཀའ་དྲིན་ཆེ་བའི་ཕ་ཞིག་ཡིན། དེ་བཞིན་ཁོང་གིས་ཀྲུང་གོ་ནི་བཀའ་དྲིན་ཅན་གྱི་རྒྱལ་ཁབ་ཡིན་པས་ནམ་ཡང་ཡིད་ལ་དྲན་དགོས་ཤིང་ཁྲིམས་དང་མཐུན་པའི་སྒོ་ནས་བྱ་བ་སྒྲུབ་དགོས་རེད་ཟེར་ཏེ་ནན་བཤད་གནང་གི་ཡོད། ད་ལྟ་ལོ་བརྒྱད་ཅུ་གྱ་ལྔ་ཟིན་ཡང་ལུས་ཁམས་བདེ་ཐང་ཡིན་པས་རྒས་པ་དང་ན་བའི་སྡུག་བསྔལ་གཏན་ནས་མེད། ཉིན་རེ་བཞིན་ཕྱག་བརྒྱ་རེ་འཚལ་བ་དང་། ཁྲུས་དང་གཙང་སྦྲ། སྔར་གྱི་གཏམ་རྒྱུད་གཤོད་རྒྱུ་དག་སྔོན་མ་བཞིན་གནས་ཡོད། སྤྱི་རིམ་བཅའ་རྒྱུ་ལ་དད་སེམས་ཆེན་པོ་ཡོད་པ་མ་ཚད་དགའ་མོ་གྲོང་ཚོའི་སྤྱི་རིམ་འགན་ཁུར་ལོ་སུམ་ཅུ་ལྷག་མུ་མཐུད་པས་ཉིན་གཅིག་ཆད་མེད་བྱེད་བཞིན་གནས། ཁོང་གི་སྤུན་བྲུ་དར་བརྟན་ནི་སྤྱི་ལོ་ ༡༩༤༣ ལོར་སྐྱེས་ཤིང་ཉེ་འབྲེལ་དང་ཡུལ་སྡེ་ལ་མཐུན་ལམ་ཆེ་ཞིང་། ཚོང་ལས་དང་འབྲོག་ལས་ལ་མཁས་ཤིང་ཁྱིམ་ཚང་བདེ་བར་བསྐྱངས། ཁ་འདོན་བྱམས་མའི་སྙིང་ཐིག་དང་། བར་ཆོད་ལམ་སེལ། སྙིང་པོ་རྣམ་གསུམ་སོགས་འདོན་ཅི་ཐུབ་དང་ད་ལྟ་ལོ་བརྒྱད་ཅུ་གྱ་གསུམ་ཟིན་ཀྱང་ཉིན་རེ་བཞིན་ཕྱག་བརྒྱ་རེ་ཆད་མེད་དུ་འཚལ། ཁོང་སྤུན་གཉིས་ཀྱི་གདམ་རྒྱུན་དབང་ལུང་གཙོ་བོ་ཞུ་ས་སྨན་རིའི་མཁན་ཆེན་ཉི་མ་དབང་རྒྱལ་དང་སྨན་སློབ་ཚུལ་ཁྲིམས་དབང་ལྡན། སྨན་སློབ་སྐལ་བཟང་ཉི་མ། རག་ཤི་རྟོགས་ལྡན་དྲི་མེད་གཡུང་དྲུང་སོགས་ཡིན། ཁོང་གཉིས་ཀྱི་དུས་རྒྱུ་ནོར་ཟས་གོས་སོགས་ཕུན་སུམ་ཚོགས་པ་ཕྱུགས་རིག་དཀར་ནག་བརྒྱ་གྲངས་ཡོད་ལ་ཚོགས་བསགས་སྦྱིན་བཏང་ལ་དད་མོས་ཆེ་བས་གྲྭ་ས་སྨན་རི་དབུས་པའི་དགོན་ཁག་ཕལ་ཆེ་བ་དང་བླ་མ་ཕལ་ཆེ་བའི་སྦྱིན་བདག་གྲལ་ཤིག་ཡིན། ཡུལ་མིའི་ཟེར་སྲོལ་བསོད་ནམས་སྟོབས་རྒྱལ་བུ་བསོད་ནམས་ཅན་ངོ་མ་རེད་ཅེས་བརྗོད། ཁོང་གཉིས་ལ་བུ་དྲུག་ཡོད་པ་ནི། བྲུ་འཆི་མེད་ཚེ་རིང་། དར་སྒང་། བཀྲ་ཤིས་བསམ་འགྲུབ། བསོད་ནམས་དགེ་དབང་། ཁོ་བོ་གཡུང་དྲུང་ཡེ་ཤེས། སྐལ་བཟང་ཕུན་ཚོགས་བཅས་ཡིན། བསོད་ནམས་སྟོབས་རྒྱལ་མ་གཞན་ཞིག་ཡིན་པའི་བུ་སྐལ་བཟང་ལུག་སྦོས་དང་པད་མ་དངོས་གྲུབ་གཉིས་ཡོད། དར་སྒང་དང་། བཀྲ་ཤིས་བསམ་འགྲུབ། བསོད་ནམས་དགེ་དབང་གསུམ་གྱིས་ཁྱིམ་གཞིས་ལོགས་སུ་བཅས། བུ་མོ་ཚེ་རིང་སྟོབས་བཟང་དང་། ཀླུ་ལྕམ་མཚོ་མོ། ལྷ་དཀར་སྒྲོལ་མ་བཅས་ཡིན། མ་གཤིས་རྒྱུད་བཟང་ལ་དད་སེམས་ཆེ་བ་ཧོར་བཟའ་ཆོས་སྐྱིད་ཡིན། ཁོ་བོ་གཡུང་དྲུང་ཡེ་ཤེས་དང་སྐལ་བཟང་ཕུན་ཚོགས་གཉིས་གཙང་སྨན་རིའི་གདན་སར་རབ་ཏུ་བྱུང་སྟེ་ལོ་མང་སློབ་གཉེར་ལ་བརྩོན། སྐལ་བཟང་ཕུན་ཚོགས་མདའ་རྒྱང་རི་ཁྲོད་དུ་ཁུ་བོ་ཀུན་དགའ་ཚུལ་ཁྲིམས་ཀྱིས་དབུ་མཛད་དང་དམངས་བདག་གི་འགན་ཁུར་བསྐོས། ཕྱིས་སུ་ཀུན་མཁྱེན་ཤར་རྫ་པའི་གདན་སར་སྒྲུབ་གྲྭ་དང་སྒོམ་གྲྭར་བཞུགས་ཏེ་མདོ་སྔགས་སེམས་གསུམ་གྱི་གཞུང་ལུགས་ལ་སྦྱོང་པ་མཐར་ཕྱིན་མཛད་ནས་སྒོམ་སྒྲུབ་ཉམས་ལེན་ཆུ་བོའི་རྒྱུན་བཞིན་སྐྱོང་སྟེ་གཞུགས་མུས། ཁོ་བོ་གཡུང་དྲུང་ཡེ་ཤེས་ནི་གཙང་སྨན་རི་ནས་དགེ་བཤེས་མཚན་བཏགས་ཀྱི་སྐལ་བཟང་ཐོབ་ཅིང་། ད་ལྟ་མདའ་རྒྱང་རི་ཁྲོད་ཀྱི་བླ་རབས་གསུམ་པ་དང་བཤད་སྒྲུབ་སློབ་དཔོན་གྱི་མིང་ཙམ་ཁུར་ཏེ་དགོན་ཕྱི་ནང་གི་རྟེན་བཞེངས་དང་འདུས་སྡེ་ལ་སློབ་ཁྲིད་སྐྱོང་བའི་ཁུལ་དུ་གནས། བྲུ་འཆི་མེད་ཚེ་རིང་ནི་སྤྱི་ལོ་༡༩༦༤ལོར་སྐྱེས་ཤིང་ཆུང་དུས་སེམས་རྒྱུད་ལྷོད་ཅིང་དགེ་བ་ལ་མོས་པ་ཆེ་བ་ཞིག་ཡོད་ལ། ཕ་བསོད་ནམས་སྟོབས་རྒྱལ་དྲུང་ནས་ཡོན་ཏན་གཞི་མ་ཡི་གེ་འབྲི་ཀློག་སྦྱངས་ནས་གྲོང་ཆོག་སེར་མོ་བ་ཞིག་ཏུ་གྱུར། རག་ཤི་རྟོགས་ལྡན་མདུན་དུ་སྔོན་འགྲོ་དངོས་གཞི་ཁྲིད་གདམ་ཞུས་ཏེ་སྦྱོང་བརྩོན་དང་རྒྱུན་དུ་ཁ་འདོན་སྙིང་པོ་དགེ་སྦྱོར་ཆད་མེད་གནང་། ཁོང་གི་རིག་གནས་གཙོ་བོ་ཡི་གེ་འབྲི་ཀློག་དང་། ཚེམ་དྲུབ་འབུར་དོད། གྱང་ཁང་བཟོ་བསྐྲུན། རྟ་དང་ནོར་གྱི་སྒ་སྟན་སོགས་མཁོ་ཆས། ངག་རིག་གླུ་དབྱངས་འགྱུར་ཁུག་དང་གླིང་བུ་འབུད་རྒྱུ་སོགས་ཤེས་ལ། གྲོང་ཚོའི་ཕྱུགས་ཟོག་སྨན་པ་ཡིན་སྟབས་འབྲོག་དམངས་ཀྱི་དགོས་མཁོ་ལྟར་ཕྱུགས་བཅོས་ཆག་བཅིངས་སོགས་བྱེད་ཀྱི་ཡོད། ཁོང་གི་བུ་རྒྱུད་ནོར་བུ་ཀུན་དར་དང་། སྟོབས་མཆོག་རྒྱལ། མདོ་སྔགས་རྒྱལ་མཚན་དང་གསུམ། བུ་མོ་ཚེ་རིང་གང་འཛོམ། བསོད་ནམས་ཆོས་དཔལ། མཚོ་ཆེན། ཡོན་ཏན་ལྷ་མོ་བཅས་དང་། དེ་དག་ལས་ཚེ་རིང་གང་འཛོམ་ལས་གཞན་པའི་མ་གཡོ་བཟའ་དར་ལྕམ་མཚོ། སྟོབས་མཆོག་རྒྱལ་ནི་གྲོང་ཆོག་སེར་མོ་ཞིག་ཡིན། མདོ་སྔགས་རྒྱལ་མཚན་ནི་རབ་ཏུ་བྱུང་སྟེ་ཀླུ་དགོན་བཤད་གྲྭ་ཞུགས་ནས་སློབ་སྦྱོང་བྱེད་བཞིན་པ། ནོར་བུ་ཀུན་དར་དང་སྟོབས་མཆོག་རྒྱལ་གཉིས་ཀྱི་བུ་རྒྱུད་ཚེ་དབང་རིན་ཆེན་དང་། ལུང་རིག་རྒྱ་མཚོ། བུ་མོ་བྱམས་མ་གཡང་ཆེན། བྱམས་མ་མཚོ་བཅས། དེ་དག་གི་མ་ནི་ཞུ་བཟའ་ལྷ་ལྕམ་མཚོ་ཡིན། ཁྱིམ་རྒྱུད་འདི་ཡི་ལོ་ཟླ་དུས་མཆོད་ནི་ཡི་དམ་ཕུར་ནག་དང་། སྟག་ལ། བྱམས་མ། གསོལ་ཁ། དམིག་གསལ་ལོ་རེ་བཞིན་ཞི་ཁྲོ་ཆད་མེད་བྱེད་ཀྱི་ཡོད་ལ། ཁྱིམ་རྒྱུད་འདིའི་རྒྱུད་པ་བྲུ་སྟག་དར་མ་ནས་ད་བར་མིང་ཟུར་དར་ཞེས་པ་ཞིག་འདོགས་སྲོལ་ཆགས་ཡོད་པས་ལོ་རྒྱུས་ཀྱི་དཔང་རྟགས་དང་དར་གུད་མི་ཡོང་བའི་རྟེན་འབྲེལ་བཟང་པོ་ཞིག་ཡིན་པ་ངོས་འཛིན་བྱེད་སྲོལ་འདུག །ད་ལྟ་གནས་ཡུལ་སྦྲ་ཆེན་རྫོང་། བོན་ཐ་ཤང་གྲོང་ཚོ་བཅུ་ཡི་ནང་ཚན་དགའ་མོ་གྲོང་ཚོ་དང་། སོས་ཀ་འདུག་ས་ནི་རྒྱབ་རི་ཡུལ་ལྷ་རྫ་འབུར་རག་ཡུ་དང་མཚོ་མོ་གཡུ་མཚོ་གཉིས་ཀྱི་བར་མཚོ་གདོང་ཁུག་སོ། དགུན་ཁར་དགའ་མཚེར་ཁ་ཡིན། དབྱར་ཁ་གླང་མ་ལུང་ཞེས་པ་རི་ལུང་རྒྱ་ཆེར་ཡོད་པའི་ས་ཆ་དེར་ཡིན། བྲུ་སྦྲ་རྒན་ཚང་བོན་ཐ་ལ་གཞིས་ཆགས་ནས་ད་བར་མི་རབ་བཅུ་ཕྲག་ལྷག་ཕྱིན་ཡོད། ལོ་རྒྱུས་ཀྱི་ཚིག་གསུམ་མ་ཤེས་ན། ཕ་ཨ་མྱེ་ཡིན་ཡང་ངོ་མི་ཤེས། ཞེས་པའི་ཟེར་སྲོལ་ལྟར་ཏང་གི་སྲིད་ཇུས་བཟང་པོའི་འོག་ཏུ་བྲུ་སྦྲ་རྒན་བསོད་ནམས་སྟོབས་རྒྱལ་ཚང་གི་ལོ་རྒྱུས་འདི་དག་གུས་པ་བྲུ་གཡུང་དྲུང་ཡེ་ཤེས་ཀྱིས་ཡིག་ཆ་དང་ངག་རྒྱུན་དོན་དངོས་བཅས་ལ་གཞི་བཟུང་སྟེ་སྤྱི་ལོ་༢༠༢༦ལོར་མདའ་རྒྱང་རྩེ་རྫོང་རི་ཁྲོད་དུ་བྲིས།

བྲུ་བསོད་ནམས་སྟོབས་རྒྱལ་དང་བྲུ་དར་བརྟེན་གཉིས་ཀྱི་རྒྱུད་པ་དང་ལྷན་འཛོམས་པར་རིས།
ལས་དང་རྒྱུ་འབྲས་བདེན་དཔང་སྙིང་ལ་འཆང་། །
བོན་དང་འཇིག་རྟེན་བྱ་བ་མཐའ་རུ་ཕྱིན། །
བྲུ་ཡི་མི་རྒྱུད་རིམ་པར་འཕེལ་བ་འདི། །
དགེ་ལེགས་དཔལ་གྱིས་རྟག་ཏུ་འཚོ་བར་ཤོག །
བོན་དང་འཇིག་རྟེན་བྱ་བ་མཐའ་རུ་ཕྱིན། །
བྲུ་ཡི་མི་རྒྱུད་རིམ་པར་འཕེལ་བ་འདི། །
དགེ་ལེགས་དཔལ་གྱིས་རྟག་ཏུ་འཚོ་བར་ཤོག །
