ཧོར་སྦྲ་ཆེན་མངའ་ཁུལ་སོག་གཡུང་དྲུང་གླིང་ངམ་ལྕགས་ཟམ་གཡུང་དྲུང་གླིང་དགོན་ལོ་རྒྱུས་ཅུང་ཙམ་དཔྱད་པ།

[ཟླ་ཚེས། 2021-04-08 20:56:28][རྩོམ་པ་པོ། སྒོ་སྤེ་བོན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

  སོག་གཡུང་དྲུང་གླིང་ངམ་ལྕགས་ཟམ་གཡུང་དྲུང་གླིང་ཞེས་པའི་དགོན་དེ་ཉིད་ཐོག་མར་བླ་དཔོན་དམ་པ་སུ་ཞིག་གིས་དུས་རབས་གང་ཞིག་གི་ནང་ཕྱག་བཏབ་ཡོད་མེད་ཞིབ་གསལ་ཞུ་མི་ཤེས་ཀྱང་《ནག་ཆུའི་ལོ་རྒྱུས་རིག་དེབ་ནང་》ལས། “ཁྱུང་ནག་ཀླུ་རྒྱལ་”ཟེར་བ་ཞིག་གིས། “སོག་གཡུང་དྲུང་གླིང་དགོན་ཕྱག་བཏབ་”ཞེས་གསལ་བ་ལས་ཞིབ་ཕྲའི་ཁྱུང་ནག་ཀླུ་རྒྱལ་ཞེས་པའི་ལོ་རྒྱུས་ཁ་གསལ་ཅན་ཞིག་མ་མཐོང་ཀྱང་《ཁྱུང་རབས་ལོ་རྒྱུས་གསེར་གྱི་མེ་ལོང་》ནང་དུ་དུས་རབས་བདུན་པའི་ནང་སྐོར་ཙམ་ལ་བྱུང་བའི་“ཁྱུང་པོ་གྱེར་ཆེན་ཟླ་མེད་”དང་“ར་སངས་ཁྲེ་ནེ་ཁོད་”གཉིས་ཀྱི་སྲས་རྒྱུད་“ཚེ་དཔུང་ཟླ་བ་རྒྱལ་མཚན་”མདུས་ནས་རྫོག་ཆེན་སྙན་རྒྱུད་ཞུས་པའི་ཁྱུང་པོ་ར་སངས་“ཀླུ་རྒྱལ་”ཞེས་པ་ཞིག་གསལ་ཡོད་པས་དེ་ཉིད་ཡིན་མིན་དཔྱད་གཞི་ཙམ་བཏོན་བ་ལས་མཐའ་གཅིག་ཏུ་མ་ངེས། མདོར་ན་དགོན་དེ་ཉིད་དུས་རབས་བཅུ་གཉིས་པའི་ནང་གྲྭ་ཚང་གླིང་བཞི་དང་འདུས་གྲྭ་སྟོང་ཕྲག་གཉིས་ལྷག་ཡོད་པ་དང་ཚོགས་དུང་གླིང་བཞིར་མ་གཏོང་བར་འཚོགས་མི་ཐུབ་པའི་དེ་འདྲའི་རྒྱ་ཆེན་ཡོད་པར་དཔལ་ཚུལ་བསྟན་འབྱུང་ལས་གསལ་བའི་དགོན་ཆེན་དེའི་བླ་རབ་རིམ་བྱུང་ཁ་གསལ་བཤད་པ་དཀའ་ཀྱང་། 《དཔལ་ཚུལ་བསྟན་འབྱུང་》ནང་འཁོད་“མཁན་བཙུན་ནམ་མཁའ་འོད་ཟེར། མངའ་རིས་བསོད་ནམས་རྒྱལ་མཚན། ཁྱུང་སྒོམ་དཔལ་འབྱོར་ལྷུན་གྲུབ། ཁྱུང་དཔོན་དགེ། ཁྱུང་དཔོན་རིས་(སམ་དཔོན་དབུས)ཁྱུང་སྟོན་གཡུང་དྲུང་འོད་ཟེར། ཞུ་བཙུན་གཡུང་དྲུང་ཁྲི་འོད། ཞུ་ཁྲི་འོད་རྒྱལ་མཚན་སོགས་ཞུ་ཚང་དང་ཁྱུང་གི་བླ་བྲང་ཁག་གཉིས་བཞུགས་ཁར་འབྲུག་སྟག་ཚང་གི་བླ་མ་རྣམས་དང་གཞན་ཡང་མཁས་གྲུབ་མང་དུ་བྱོན་པའི་ཧ་ཅང་གཞི་རྒྱ་ཆེ་བའི་དགོན་ཆེན་དེ་ཉིད་ཡུལ་དུས་གང་ཞིག་ལ་འཇིག་པ་དང་རྐྱེན་ངན་ཇི་ལྟར་འཕྲད་པ། རྩ་བརླག་གཏོང་མཁན་སུ་ཡིན་མིན་སོགས་ལ་དགོངས་བཞེད་མི་མཐུན་པ་འགའ་ཞིག་ཡོད་པ་སྟེ། ལ་ལས་སོག་པོ་དོར་རྟ་ནག་པོས་གཏོར་ཚུལ་དང་། ལ་ལས་སོག་པོ་གུ་ཤྲི་བསྟན་འཛིན་ཆོས་རྒྱལ་གཏོར་ཞེས་པ་དང་། ལ་ལས་ཇུས་གར་བའི་དམག་གིས་གཏོར་ཟེར་བ་སོགས་ཅུང་མི་མཐུན་ལ། དེ་དག་གི་བར་ལོ་རབས་དུ་མའི་ཁྱད་པར་ཆེ་བས་གནད་དོན་དེ་སོགས་ལ་ལོ་རྒྱུས་མང་པོ་ཞིག་ལ་འབྲེལ་བ་ངེས་ཅན་ཡོད་པའི་ཆ་ནས་དཔྱད་པ་ནན་པོ་ཞིག་དགོས་པ་གལ་ཆེ།

  ལར་ལོ་རྒྱུས་ཐོག་སོག་པོའི་དམག་བོད་ལ་གཏོར་བཅམ་འཕྲོག་གསུམ་དང་། བསད་རྨས་བསྲེགས་གསུམ་གྱི་བྱ་ངན་ཐེངས་མང་སྤེལ་ཡོད་ཀྱང་། གཙོ་བོའི་དམག་ཤུགས་ཆེ་ཤོས་ཐེངས་གསུམ་ཙམ་སྤེལ་ཡོད་པ་གོང་སྨྲ་གསུམ་དེ་ཡིན་པ་རེད། དེར་བརྟེན་ཁོ་བོས་དགོན་དེ་ཉིད་སོག་པོས་ཐེངས་གཉིས་གཏོར་བར་ངོས་འཛིན་གྱི་ཡོད་ལ་དང་པོ་ནི་དཔལ་ཚུལ་བསྟན་འབྱུང་ནང་འཁོད་“ཁྱུང་དཔོན་དགེ་”དང་“དཔོན་དབུས་”རྣམ་གཉིས་སོག་གཡུང་དྲུང་གླིང་གི་བསྟན་བདག་གནང་སྟེ་བཞུགས་པའི་སྐབས་ཧོར་གོ་གདན་རྒྱལ་པོའི་དམག་དཔོན་དོར་རྟ་ནག་པོའི་དམག་དཔུང་བོད་དུ་ལྷག་པའི་དུས་སྐབས་ཆགས་འཇིག་ཐེངས་གཅིག་སོང་བར་རྒྱུ་མཚན་ཆེ་བ་མཐོང་། གང་ཡིན་ཞེས་ན་རྒྱ་བོད་དེབ་ཐེར་ཁག་དང་ལྷག་པར་དུ་མདོ་སྟོད་《གཅུང་རབས་འབེལ་གཏམ་》ཞེས་པའི་ནང་གསལ་“རབ་བྱུང་གསུམ་པའི་ལྕགས་བྱི་སྤྱི་ལོ་༡༢༤༠ལོར་ཧོར་གོ་དན་རྒྱལ་པོའི་དམག་དཔུང་ཁྲི་གསུམ། དམག་དཔོན་དོར་རྟ་ནག་པོ་ཞེས་པས་མཐོང་ཚད་བསད་པས་གོ་ཚད་སྐྲག སྡིག་ལ་རྔམ་པོ་ཆེ་བྱེད་པའི་མི་བསྲུན་པ་དེ་དང་ལི་བྱི་ཏ་སོགས་སྔ་རྗེས་སུ་བཏང་སྟེ། ཧོར་དམག་གིས་བོད་ཀྱི་ས་མཚམས་ནས་འགོ་བཟུང་། འཐབ་པ་རྣམས་བསད། བྲོས་པ་རྣམས་དེད། ལུས་པ་རྣམས་མངའ་འོག་བསྡུས་ནས་སྡུག་གྱོང་མནར་གཅོད་ཚད་མེད་ཀྱི་ངང་ནས། མདོ་སྟོད་(ཁྱུང་)དཔོན་དབུས་སོགས་བོད་མི་འཐབ་པ་རྣམས་བསད། ཁྱུང་དབུས་ཤེས་རབ་རྒྱལ་མཚན་སོགས་བྲོས་པ་རྣམས་དེད། ཁྱུང་ཨ་བླ་ནང་ཆེན་གྲགས་པ་རྣམས་བྲན་དུ་བཀོལ་ནས། ཁྱུང་པོའི་སྐུ་མཁར་ལྷ་རྩེ་རྫོང་དུ་ཨོ་ལོད་ཐའི་ཇི་སོགས་ས་སྲུང་དམག་གཏན་སྡོད་བྱས་ནས། དཀར་ཤོད་དམ་གཅུང་པ་རུ་གཟུ་རྫོང་མདོའི་རྫོང་དང་། གཟུ་རླངས་མདོའི་ལྷ་ཁང་། ལྕང་མདོའི་ལྷ་ཁང་། པུ་ལེ(སྤུ་ལ)ཁའི་ལྷ་ཁང་སོགས་བོན་དགོན་དང་། རྙིང་མ་བའི་དགོན་སོགས་མེར་བསྲེགས་ནས་དབུས་སུ་དམག་དཔུང་བཏེགས་ཏེ། རྭ་སྒྲེང་དུ་སེར་མོ་ལྔ་བརྒྱ་བསད། རྒྱལ་ལྷ་ཁང་གི་གླིང་ལོག་ཀྱང་དེ་དུས་བྱུང་སྟེ། སོག་སྟོང་སོགས་སྐྱ་སེར་ལྔ་བརྒྱ་བཀུམས་ནས། ཤར་དཀོན་པོ་ནས། ནུབ་བལ་པོ། ལྷོ་མོན་ཚུན་ཆོད་དུ་བཙན་མཁར་སུམ་ཅུ་སོ་དགུ་གཏོར་ནས་བྲན་དུ་བཀོལ་”ཞེས་བརྗོད་པ་ལྟར་ཧོར་གོ་དན་རྒྱལ་པོའི་དམག་དཔོན་དོར་རྟ་ནག་པོས་སྣེ་ཁྲིད་པའི་སོག་དམག་བོད་དུ་གཅོད་སྐབས། འདི་ཁུལ་ཁྱུང་དཔོན་དབུས་དང་ཁྱུང་དབུས་ཤེས་རབ་རྒྱལ་མཚན། ཁྱུང་ཨ་བླ་ནང་ཆེན་གྲགས་པ། ཁྱུང་པོའི་སྐུ་མཁར་ལྷ་རྩེ་རྫོང་དུ་ཨོ་ལོད་ཐཱ་ཇཱི་སོགས་ས་སྲུང་དམག་གཏན་སྡོད་བྱས་ནས་བོད་མི་རྣམས་བསད་དེད་དང་བྲན་བཀོལ་མཁར་རྫོང་བདག་གཟུང་བྱས་པ་སོགས་གསལ་བོ་རེད་འདུག་པས་དེའི་རྒྱུ་རྐྱེན་ནི་《ཁྱུང་རབས་སོགས་》ལས་སྔོན་ཚེ་ཞང་ཞུང་སྟོང་རྒྱུང་མཐུ་ཆེན་གནམ་མཚོའི་དོ་གླིང་དུ་སྒྲུབ་པ་བཞུགས་སྐབས་མཚོ་ལ་གནས་པའི་ཀླུ་བདུད་ཕྲག་དོག་སྐྱེས་ཏེ་མཚོ་འཚུར་བ་དང་མཚོ་ཐོག་ཏུ་བུད་པ་སོགས་ཆོ་འཕྲུལ་བསྟན་པ་དང་། དེ་ཚེ་སྟོང་རྒྱུང་གིས་ཕུར་པ་བཏབ་ནས་བསྒྲལ་བའི་འཆི་ཁ་ལ་ངས་ཁྱོད་སྲོག་ལན་ཐེངས་གསུམ་རྙོགས་ཟེར་ནས་དམོད་ངན་བོས་ནས་ཤི། དེའི་རྒྱུ་འབྲས་དང་འབྲེལ་བར། སྟོང་རྒྱུང་ཀླུ་སྲིན་བསྒྲལ་བའི་རྣམ་ཤེས་སོག་པོའི་མི་ཆེན་དོར་རྟ་དང་ཡེ་དོར་གཉིས་སུ་སྐྱེས། ཁྱུང་དཔོན་དགེ་དང་དཔོན་དབུས་གཉིས་སྟོང་རྒྱུང་གི་སྤྲུལ་པ་དང་། ཀླུ་བདུད་ཀྱིས་རྣམ་ཤེས་ནི་ཧོར་གྱི་མི་ཆེན་དོར་རྟ་དང་ཡེ་དོར་གཉིས་སུ་སྐྱེས་ཞེས་གསལ་བ་མ་ཚད་“སྟོང་རྒྱུང་རྒྱ་གར་ཡུལ་དུ་འདས། སྤྲུལ་པ་བོད་ཡུལ་སྐུ་གཉིས་འཁྲུངས་”པ་དང་“ཁྱུང་དཔོན་དགེ་དང་དཔོན་དབུས་གཉིས་ཡིན་”ཞེས་པ་དང་། ཡང་《དབྱར་གྱི་ལྡེ་མིག་འབྲིང་པོ་》ལས། “ཁྱུང་པོ་དགེ་བའི་མཚན་ཅན་འབྱུང་། སྟོང་རྒྱུང་མཐུ་ཆེན་སྤྲུལ་པ་ཡིན་”ཞེས་དང་། ཡང་《སྲིད་པ་རྒྱུད་ཀྱི་ཁ་བྱང་》ལས་“ངའི་མཆོག་གི་སྤྲུལ་པ་ལས། ཁྱུང་པོ་དཔོན་དགེ་བྱ་བ་འབྱུང་། བསྐྱེད་རྫོགས་ས་ལམ་དོན་རྟོགས་ཅིང་། གྲུབ་རྟགས་དུ་རུ་ཁ་ལ་སྟོན་”ཞེས་སོགས་གསལ་བའི་སྟོང་རྒྱུང་སྤྲུལ་པ་ཁྱུང་དཔོན་དགེ་དང་དཔོན་དབུས་གཉིས་ཡིན་པ་དང་ཀླུ་སྲིན་རྣམ་ཤེས་དོར་རྟ་དང་ཡེ་དོར་གཉིས་སོགས་སྐྱེས་བ་བླངས་པ་གསལ་ཞིང་ཀླུ་བདུད་བསྒྲལ་བའི་འཆི་ཁ་དམོད་ངན་སྲོག་ལན་ཐེངས་གསུམ་རྙོགས་ཞེས་བོས་པའི་རྒྱུ་འབྲས་དང་འབྲེལ། འཕྲལ་རྐྱེན་ནི་《ཁྱུང་རབས་གསེར་སྒམ་མ་དཔེ་ཡིག་རྙིང་》ལས། ཁྱུང་ཨ་བླ་རབས་བྱུང་བཞི་པའི་“གླང་ལོ་ལོར་སྐུ་འཁྲུངས་དགུང་ལོ་དྲུག་ཐོག་ཧོར་གོ་ལྡན་རྒྱལ་པོའི་དམག་དཔོན་དོར་རྟ་དང་ཡེ་དོར་གཉིས་ཀྱིས་སྣེ་ཕྲིད་པའི་དམག་དཔུང་བོད་དུ་གཅོད་སྐབས། ཁྱུང་པོས་སྔོན་དུས་མདོ་སྨད་ནས་ཡར་ཁྲིད་པའི་མི་སྡེ་ཁྲོམ་ཚང་ཤོག་ཁའི་ཨ་རྡི་བྱ་བས་ཁྱུང་པོའི་ཁྱི་བརྡུང་། ཁྱུང་པོའི་གྲྭ་པས་སྤྲང་པོ་བརྡུང་བས་ཕྱིས་སྤྲང་པོ་ཁོས་སོག་པོའི་གསེར་ཡིག་དང་དངུལ་བྲེ། ཁྱི་བཅས་བརྐུས་ནས་ཁྱུང་པོའི་རྟ་རེའི་ནང་དུ་སྦས། ཁོ་རང་ལོགས་སུ་བྲོས་ནས་སོག་པོ་ལ་གསེར་ཡིག་སོགས་ཁྱུང་པོའི་བརྐུས་འདུག་ཅེས་བཤད་པས། སོག་པོས་སྔོན་ནས་ལས་འབྲེལ་ཡོད་པ་མ་ཚད་དེའི་གོང་དུ་སོག་པོས་ཁྱུང་པོའི་མངའ་ཁུལ་གྱི་ཞིང་འབྲོག་ཐོན་རྫས་རྟ་ནོར་མི་རྒྱུ་སོགས་དང་ཁྲལ་འུ་ལག་ཤུགས་ཆེན་བཀོལ་བ། ཁ་ཤས་མ་འབྱོར་བས་ཁོང་ཁྲོ་ལངས་ནས་ཁྱུང་པོའི་མངའ་ཐང་ཆེན་པོ་ཡོད་པ་དེ་རྩ་མེད་བཟོ་འདོད་སྔར་ནས་ངན་སེམས་ཡོད་པས་དེ་ལ་བསྙད་ནས་སོག་པོའི་དམག་གིས་ཁྱུང་པོའི་མཐའ་བསྐོར་བས། ཁྱུང་པོས་ཞི་ཐབས་ཀྱི་གྲོས་དང་ཞུ་བ་བཤགས་པ་ལ་སོགས་བྱས་ཀྱང་གང་ལའང་ངོ་མ་བལྟས། དེ་ནས་ཁྱུང་རབས་《གསེར་སྒམ་མ་》དང་《ཁྱུང་པོ་རྒོད་ཚང་པའི་གདུང་རབས་》གཉིས་མཐུན་པར་“ཧོར་དམག་རྣམས་ཀྱིས་ཁྱུང་དཔོན་དབུས་དང་དཔོན་དགེ་གཉིས་དབུས་ཀྱི་བྱི་ལུང་མདའ་ནས་བཟུང་ཞིང་བྱང་རིལ་དུ་སྐུ་བགྲང་”(ཞེས་བརྗོད་པའི་ས་ཆ་ངོས་འཛིན་དཔྱད་ཁུལ་བྱས་པ་ནི་“དབུས་ཀྱི་བྱེ་ལུང་”ཞེས་པ་ནི་ཁྱུང་པོ་བསོད་འབར་ཉམས་ལེན་བཞུགས་གནས་རྒོད་ཚང་ཞེས་པའི་དེང་དྲུག་ཅུ་ཚོ་པའི་སར་བྱེ་ལུང་ཞེས་བརྗོད་པའི་ལུང་ཁ་ཤར་དུ་བཏད་པའི་ཡོངས་ཤིང་རྒྱ་ཆེ་བའི་ས་ཆ་དེར་མཚེར་རྒན་དོན་ལ་ཏིག། ཐལ་རྒན་དགུང་ལ་འཚུལ་ཞེས་པའི་དཔེ་ལྟར་ཡོད་འདུག་པས་དེར་ཡིན་པ་རེད། “མདའ་”ཞེས་པའི་ས་ཆ་དེ་ནི་གོང་གི་བྱེ་ལུང་ལུང་པའི་ལུང་མདོ་དང་ཆུ་མདོ་ནས་རིམ་པར་རྒྱུད་པའི་མདོ་དམ་མདའ་ལ་སོག་གཡུང་དྲུང་གླིང་ཆགས་པའི་ས་ཆ་གཡས་གཡོན་དུ་བླ་མ་ཁྱུང་དབུས་རྣམ་གཉིས་འཛིན་བཟུང་བྱས་ཡོད་པ་རེད། “བྱང་རི་”ཞེས་པའི་ས་ཆ་ནི་གཡུང་དྲུང་གླིང་དགོན་ནས་ཡིས་གཞུང་དུ་འགྲོ་བའི་ལམ་བར་“བྱང་རི་འགུལ་”ཞེས་བརྗོད་པའི་ས་དེར་ཡིན་པར་སྙམ། སྐབས་དེར་ཧོར་དམག་རྣམས་ཀྱིས་དཔོན་དབུས་སྐེ་མཚོན་གྱིས་བཅད་ཀྱང་མ་ཆོད་ཅིང་། དཔོན་དགེ་ཁོང་གིས་ཕྱག་གཡས་ཀྱི་སྲིན་མཛུག་ལ་ཚེམས་སོ་རྒྱབ་ནས་རྨར་གཏོང་སྟེ་ཁྲག་ནམ་མཁའ་ལ་མཆོད་ནས་གཡུང་དྲུང་བོན་གྱི་བསྟན་པ་ནུབ། སྲིད་པ་རྒྱལ་མོས་ར་མདའ་ཟློག་ཅེས་གསུངས་ནས་བླ་མ་དེ་གཉིས་ཐུགས་ཞི་བ་དང་དྲག་པོའི་ཚུལ་དུ་ཡོད་པ་ལས། དཔོན་དབུས་ཀྱིས་དེ་རིང་ཐུགས་བསྐྱེད་མ་ལོག་ཐུགས་ཞི་བར་མཛོད། འདི་སྔོན་གྱི་སྲོག་གི་ལན་ཆགས་ཡིན་པས་དགོངས་པ་གློད་ནས་ལུས་སྦྱིན་པ་ཐོན་གསུངས་ནས་དབུ་ཞྭ་གཉིས་ཕྱག་གིས་ཕུད་ནས་ཐང་ལ་བཞག། དགོངས་པ་གློད་པས་དབུ་ཆད་དོ། དེ་ནས་བོན་སྐྱོན་ཐམས་ཅད་ས་དེར་འདུ་ཚོགས་བྱུང་བའི་དབུས་དཀྱིལ་སྲིད་པ་རྒྱལ་མོ་དབུ་རྒྱ་ཕྱག་སྟོང་མས་ནམ་མཁའ་གང་བ་ཙམ་བྱུང་ནས་ལུང་བསྟན། ཡུལ་དེ་གའི་འོ་བརྒྱད་ལུག་རྫི་ལ་ཁྱོད་ཀྱིས་བྱང་ཕྱོགས་སུ་ཁ་རྒྱུ་ནས་བཅོལ་བསྐུལ་གཡབ་རྡེབ་ཀྱིས་གསུངས་པས། ལུག་རྫིས། ཁྱུང་དཔོན་དགེ་དཔོན་དབུས་ཧོར་གྱིས་དཀྲོངས་། གཡུང་དྲུང་བོན་གྱི་བསྟན་པ་སྣུབས། མ་སྲིད་པ་རྒྱལ་མོས་ར་མདའ་ཟློག་ཅེས་བོས་པས། སྲིད་རྒྱལ་གྱིས་སེར་བ་ཐོག་རྒོད་ཕབ་སྟེ་ཧོར་དམག་ཐམས་ཅད་བསད། འོ་བརྒྱད་ལུག་རྫི་(དངོས་མིང་རོག་པོ་ཟེར་)གཙོས་པའི་ཡུལ་མིས་ལུག་གི་རིལ་མས་སྐུ་གདུང་བཞུས་པས་རྟེན་ཞི་ཁྲོ་རྒྱབ་སྤྲོད་བྱུང་ཞེས་ཁྱུང་རབས་སོགས་ལས་གསལ་ཡོད། ཧོར་དམག་ཡུལ་འདིར་བྱུང་སྐབས་ཁྱུང་པོ་རྒྱལ་ཚ་སྤུན་དྲུག་གི་ཆུང་ཤོས་སྟོན་འབར་གྱིས་སྲས་གཡོག་མོ་ཨ་མཚོ་བཟའ་ལ་ནང་ཆེན་གྲགས་པ་རྒྱལ་མཚན་འཁྲུངས། ཁོང་ཁྱུང་པོ་ཚོ་གཅིག་གིས་ཁྱེར་ནས་ནང་ཆེན་ལ་བྲོས། སྟོན་འབར་སྲས་ཁྱུང་པོ་བསོད་ནམས་རྒྱལ་མཚན་དང་བསོད་འབར་སོགས་ཁྱང་པོ་མང་རབས་གཅིག་འབྲི་གུང་གཅུང་རིན་པོ་ཆེ་ལ་སྐྱབས་བཅོལ་བར་བྲོས་པ་དང་། ཧོར་དམག་ཚོ་ཁག་གཅིག་གིས་ཁྱུང་དབུས་རིན་པོ་ཆེ་ཤེས་རབ་རྒྱལ་མཚན་དེད་པས། ཁྱུང་དབུས་རིན་པོ་ཆེས་རྟ་རྗེ་ལྡིང་ཁྱུང་ལ་བཅིབས་ནས་ལྷོ་རྔུལ་ཆུ་རྒྱུད་ལ་བྲོས་ཏེ་ནགས་ཚལ་གསེབ་ཏུ་བྲག་དཀར་པོ་ཞིག་གི་རྩེར་ཕེབས་པས་སོག་པོའི་དམག་གིས་མ་མཐོང་། གནས་དེར་ཆུ་མེད་ཀྱང་ཁྱུང་དབུས་རིན་པོ་ཆེས་བྲག་ལ་སྦ་ལྕག་གདབ་པའི་ཤུལ་ལས་ཆུ་རྡུལ་བ་དང་། དེར་ཡུན་རིང་བཞུགས་པས་ཁྱུང་དབུས་རྫོང་གྲགས་པ་དང་ས་ཆ་དེའི་གཡས་གཡོན་དུ་བླ་མའི་ཞབས་རྗེས་དང་རྟ་ཡི་རྗེས་སོགས་ཡོད་པ་དེར་ཕྱིས་སུ་ཆོས་པ་རྣམས་ཀྱིས་གེ་སར་མི་རྟའི་ཞབས་རྗེས་འབོད་སྲོལ་གྲགས་པའི་ས་ཆ་དེ་ད་སྐབས་སོག་རྫོང་ཁོངས་སྔར་རལ་གསུམ་མམ་རྡ་ཧེ་འབོད་པའི་སར་ཡོད། སོག་དམག་བོད་དུ་ལྷག་པའི་དུས་ཚོད་༡༢༤༠ལོར་ཡིན་པ་ཡོངས་སུ་གྲགས་པ་དེ་དང་དེང་དུས་དྲྭ་ཐོག་ཏུ་འགྲོ་བཞིན་པའི་ཁྱུང་རབས་གསེར་སྒམ་མ་ལས་ཁྱུང་ཨ་བླ་མེ་གླང་༡༢༡༧ལོར་སྐུ་འཁྲུངས་པའི་དགུང་ལོ་དྲུག་ཆུ་རྟ་༡༢༢༢ལོར་ཡིན་པར་གསལ་བ་གཉིས་ཀྱི་བར་ཅུང་ཙམ་ཞལ་མི་མཐུན་དཔྱད་པ་ནི་གོང་བརྗོད་ཁྱུང་རབས་གསེར་སྒམ་ཡིག་རྙིང་མ་དཔེ་ལས། “ཨ་བླ་གླང་ལོ་དགུང་ལོ་དྲུག་ནས་སོག་པོས་ཁྱེར་བས་མི་ལོ་བཅུ་གསུམ་རིང་སོག་པོར་ལུས། དགུང་ལོ་བཅུ་དགུའི་སྐབས་སོག་ཡུལ་ནས་ཐོན་ཏེ་རག་ཐག་སྐོར་དུ་ཚུར་ཕེབས་”ཞེས་གསལ་བ་མ་ཚད་ཁྱུང་རབས་གཞན་ནག་ཆུའི་ལོ་རྒྱུས་རིག་གནས་དཔྱད་གཞི་འདོན་ཐེངས་ཉེར་གཅིག་པའི་ནང་། ཁྱུང་པོ་ཨ་བླ་གླང་ལོ་བ་ལོ་དགུར་ཧོར་གྱིས་ཁྱེར་རྗེས་རང་རེའི་ཁྱུང་སྡེ་རྣམས་ཀྱིས་ཧོར་སོག་ཡུལ་དུ་ཨ་བླ་བསུ་བར་སོང་སྐབས་ཐང་དཀྱིལ་དུ་རྟ་རྫི་བ་ཞིག་ཡོད་པ་དེ་ལ་ཁྱུང་ཨ་བླ་ཤེས་སམ་ཞེས་དྲིས་པས། དེས་ཨ་བླ་ང་ཡིན་ཁྱོད་ཚོས་མི་ཤེས་སམ་ཞེས་བཤད། ཁོང་ཚོས་ཡབ་ཀྱི་ཕྱག་གྲི་ཁྱེར་ཡོད་པ་དེ་ཕུལ་བས་དེས་འདི་ངའི་ཡབ་ཀྱི་ཕྱག་གྲི་རེད་ཟེར་བ་དང་། ཡང་ཁོང་ཚོའི་ལྷན་དུ་ཨ་བླ་ཆུང་དུས་སྙོར་སྐྱོང་གནང་མཁན་བུ་རྫི་རྒན་མོ་དེ་ཉིད་ཡོད་པས་དེས་ལྟ་བཅུག་པས་དེས་ཨ་བླ་ཆུང་དུས་དབུ་ཐོད་ལ་བྱིན་ནུ་ཞིག་ཡོད་རེད་ཟེར་བཞིན་ལྟས་པས་བྱིན་ནུ་ཁྱེར་བསྐྱེས་ཡོད་པས་ཕན་ཚུན་ར་འཕྲོད་དེ་རང་ཡུལ་དུ་གདན་དྲངས། ཕྱིན་དྲང་སྲོང་སྐུ་ཚེ་མཐར་ཕྱིན་དགུང་ལོ་གྱ་གསུམ་ཕག་ལོ་ལོར་ལྷ་བློན་གེ་གླིང་གང་དུ་འདས་ཞེས་གསལ་བས། དྲྭ་ཐོག་ཁྱུང་རབས་གསེར་སྒམ་མ་དེ་ཡང་བཅོས་པ་རེད་བདེན་པར་མ་མཐོང་། ལར་“ཨ་བླ་གླང་ལོ་”ཞེས་པ་དེ་ཡང་ས་གླང་༡༢༢༩ལོར་བཅོས་པ་དང་“ལོ་དགུ་ཧོར་གྱིས་ཁྱེར་”ཞེས་པ་གཉིས་དང་མཐུན་པར་དཔྱད་ན་གོང་སྨྲས་བོད་ཀྱི་ལོ་རྒྱུས་ཡིག་རིག་ཁག་ལས་ཧོར་དམག་༡༢༤༠ལོར་བོད་ལ་སོང་ཟེར་བ་བཅས་ཅུང་ཙམ་འགྲིག་ཆེ་བས་མཐོང་། མ་གཞི་“ཨ་བླ་གླང་ལོ་”ཡིན་ཟེར་བ་དེ་དང་“ལོ་དྲུག་”དང་“དགུ་”ཞེས་གཉིས་གང་རུང་སྟེང་“ཧོར་དམག་གིས་ཁྱེར་”ཟེར་བ་དང་། “ལོ་རྒྱུས་ཡིག་རིགས་ཁག་ནང་”གསལ་བའི་དོར་རྟའི་དམག་བོད་དུ་ལྷག་པའི་དུས་ཚིག་ལོ་གཉིས་མ་འགྲིག་བཞིན་དུ་བསྒྲིགས་དགོས་བྱུང་བས་ཟུར་མཁས་རྣམས་ཀྱིས་དཔྱད་ཞིབ་འཚལ། དོར་རྟའི་དམག་དཔུང་གིས་ཁྱུང་པོའི་བླ་དཔོན་རྣམས་ལ་གཏོར་བཅོམ་བྱུང་བ་གོང་བརྗོད་ལྟར་ཡིན་པས་སོག་གཡུང་དྲུང་གླིང་དགོན་ཐེངས་གཅིག་ཉམས་ཆགས་སོང་ཡོད་པ་གསལ་བོར་མཁྱེན་སྙམ།

  གཉིས་པ་བརླགས་པའི་ལྕགས་ཟམ་གཡུང་དྲུང་གླིང་ཞེས་པ་ནི། གཉན་རོང་ཆབ་མདོ་དགོན་དང་ཨ་གྲགས་སྣང་གསལ་དགོན་གཉིས་ཀྱིས་དགོན་དེབ་ནང་དང་དམོངས་ཁྲོད་རྒས་པ་ཚོའི་བཤད་བསྒྲོས་སོགས་མཐུན་པར་ཁྱུང་ཨ་བླ་ཤ་བ་རང་གྲོལ་གྱིས་སོག་གཡུང་དྲུང་གླིང་དགོན་དེ་ཉིད་ཕྱག་བཏབ་པ་ཡིན་པའི་ལོ་རྒྱུས་ཡིག་ངག་གཉིས་མཐུན་པས་དེ་ལ་དཔྱད་ན། ཐོག་མར་ཕྱག་བཏབ་པའི་དུས་ཀྱི་ཆ་ནས་མི་ཐད་མོད། གོང་བརྗོད་ཁྱུང་ཨ་བླ་དགུང་ལོ་བཅོ་བརྒྱད་ཐོག་ཧོར་ཡུལ་ནས་ཚུར་ཕེབས་རྗེས་སོག་གཡུང་དྲུང་གླིང་དགོན་དེ་ཉིད་ཁྱུང་ཨ་བླ་ཤ་བ་རང་གྲོལ་མཆོག་གིས་སླར་གསོ་བྱས་པ་སྣང་། དེ་རྗེས་སོག་ཆུའི་ལྕགས་ཟམ་ཀརྨ་པ་སྐུ་འཕྲེང་གསུམ་པ་རང་བྱུང་རྡོ་རྗེ་དེ་ཉིད་ཁམས་ཁུལ་ཕེབས་ལམ“སོག་ཆུ་ཞེས་པའི་ཆུ་ཆེན་དེར་འགྲོ་བ་རྣམས་བགྲོད་དཀའ་ཞིང་ཚེ་སྲོག་ལ་ཉེན་ཁ་ཆེ་བར་གཟིགས་ཏེ་རབས་བྱུང་དྲུག་པའི་ས་སྦྲུལ་༡༣༢༩ལོར་ལྕགས་ཟམ་གསར་དུ་བཙུགས། ”ཞེས་པའི་ཆུ་ཆེན་དེ་སོག་གཡུང་དྲུང་གླིང་ཆགས་སའི་ཟུར་གྱི་ཆུ་མོ་དེ་ལ་ཟེར། སོག་ཆུ་ལྕགས་ཟམ་བཙུགས་རྗེས་རིམ་བཞིན་དགོན་མིང་ལ་འགྱུར་བ་བྱུང་ནས་ལྕགས་ཟམ་གཡུང་དྲུང་གླིང་ཞེས་འབོད་སྲོལ་བྱུང་བ་གསལ་པོ་རེད། ལྕགས་ཟམ་བཙུགས་རྗེས་གཡུང་དྲུང་གླིང་དགོན་ཡོད་པའི་དན་རྟགས་དཔལ་ཚུལ་བསྟན་འབྱུང་ལས་སོག་གཡུང་དྲུང་གླིང་“དང་པོ་ཞུ་ཚང་གིས་ཕྱག་བཏབ་པ་མིན་ཡང་བར་དུ་ཞུ་ཚང་གི་གདན་ས་ཞིག་ཏུ་གྱུར་ཅིང་། ཞུ་བཙུན་གཡུང་དྲུང་ཁྲི་འོད་སོགས་བཞུགས་”ཞེས་པའི་ཞུ་བཙུན་གཡུང་དྲུང་ཁྲི་འོད་མཆོག་དགོན་འདིར་ནམ་བཞུགས་ཁ་གསལ་ཞིག་མེད་ཀྱང་ཞུ་དགོན་གདན་ས་འོག་མ་ཁྲ་རྒན་ཉི་ཕུག་དགོན་གྱི་《དཀར་ཆག་ལོ་རྒྱུས་ལས་》རབས་བྱུང་བདུན་པའི་ས་ཡོས་༡༣༩༩ལོར་ཁྲ་ཆགས་མེད་བཀྲ་ཤིས་རྒྱལ་མཚན་གྱིས་ཁྲ་རྒན་ཉི་ཕུག་སླར་གསོ་མཛད་པའི་དགོན་དེའི་བསྟན་པ་ཡུན་རིང་གནས་མཆད་དུ་ཁྲ་དགོན་མཁན་ཚུལ་ཁྲིམས་མཐར་ཕྱིན་གྱིས་བརྩམས་པའི་《དཔལ་གཤེན་བསྟན་ཁྲ་དགོན་ཀུན་གྲགས་གླིང་གི་ཕྱི་ནང་གི་རྟེན་དང་བརྟེན་པའི་ལོ་རྒྱུས་གཡུ་ཤུག་སྔོན་མོའི་བསུང་ཞིམ་ཞེས་བྱ་བ་བཞུགས་སོ་》ཞེས་པའི་ནང་འཁོད་ལས་“ཁྲ་ཆགས་མེད་བཀྲ་ཤིས་རྒྱལ་མཚན་གྱིས་”རྩ་བའི་བླ་མ་ཞུ་རི་ཞིང་རྒྱལ་བའི་སྲས་པོ་གཡུང་དྲུང་བསྟན་པའི་རྒྱལ་མཚན་གྱི་དྲུང་དུ་ཕེབས་ཏེ་མ་འོངས་ཁྲ་དགོན་དུ་བསྟན་པ་འཛིན་སྐྱོང་སྤེལ་བའི་བདག་པོ་བཀའ་དྲིན་ཞུས་པས་ཞལ་བཞེས་ཐོབ། གཟོད་མར་གདན་ས་རུ་ཕེབས་འགྱུར་གནང་མཚམས་རྗེ་འགྲོ་བའི་མགོན་པོ་དེ་ཉིད་ཡངས་དབེན་ཉི་མའི་སྒྲུབ་ཕུག་ཏུ་དགོངས་པ་མཁའ་བསྐྱོད་དུ་གཤེགས་ཏེ་སྣང་ཁམས་འཇའ་འོད་ཟེར་གྱིས་གང་ཞིང་། གདུང་ལས་རིང་བསྲེལ་དང་ཡིག་འབྲུ་དུ་མར་བྱུང་བ་དང་དབུ་ཐོད་ལས་དུང་དཀར་འབུར་དུ་དོད་པ་སོགས་དད་རྟེན་དུ་བཞུགས་པ་དེ་ཉིད་ད་ལྟ་ཨ་མདོ་ཤར་ཁོག་རིན་སྤུངས་དགོན་དུ་བཞུགས་པའི་ལོ་རྒྱུས་དང་ཁྲ་དགོན་རྒྱུད་འཛིན་ཞུ་ཚང་གཡུང་དྲུང་ཁྲི་འོད་དང་བསྟན་པ་དབང་གྲགས་གཉིས་བྱོན་པའི་ནང་ཞུ་གཡུང་དྲུང་ཁྲི་འོད་ཀྱིས་གྲྭ་ས་བར་མ་སོག་ལྕགས་ཟམ་གཡུང་དྲུང་གླིང་དུ་བསྟན་པ་བསྐྱངས་ཤིང་བཞུགས་པ་དང་ཞུ་བསྟན་པ་དབང་གྲགས་དགོན་འདིའི་བསྟན་བདག་ཏུ་མཛད་”ཅེས་གསལ་བ་དང་། འབྲི་རུ་རྒྱས་ཤོད་གསའ་མདའ་བོན་དགོན་ལོ་རྒྱུས་ཡིག་ཆ་ལས་སྤྱི་ལོ་༡༤༦༥ལོ་ཙམ་ལས་ཞུ་བཙུན་གཡུང་དྲུང་ཁྲི་འོད་རིན་པོ་ཆེ་མཆོག་གིས་རྒྱས་ཤོད་གསའ་མདའ་བོན་དགོན་ཕྱག་བཏབ་སྟེ་དགོན་དེའི་ཆོ་གའི་གྱེར་འདོན་བོན་རྙིང་མའི་དབང་ལྡན་ཞུ་ཡི་རིང་ལུགས་འཛིན་པའི་“སོག་ཟམ་ལུགས་”བརྗོད་པའི་ཞུ་ཁྲི་འོད་གཡུང་དྲུང་གླིང་བཞུགས་པའི་དུས་ཚོད་གོང་གི་ཁྲ་རྒན་ཉི་ཕུག་དགོན་སྤྱི་ལོ་༡༣༩༩ལོར་སླར་གསོ་བྱུང་རྗེས་༡༤༦༥ལོར་རྒྱས་ཤོད་གསའ་མདའ་བོན་དགོན་ཕྱག་བཏབ་པའི་བར་གྱི་རྒྱུད་རིམ་ནང་ཞུ་བཙུན་གཡུང་དྲུང་ཁྲི་འོད་རིན་པོ་ཆེ་མཆོག་སོག་ལྕགས་ཟམ་གཡུང་དྲུང་གླིང་དགོན་དུ་བཞུགས་པ་གསལ་བོ་རེད། མཐར་སོག་ལྕགས་ཟམ་གཡུང་དྲུང་གླིང་དགོན་དེ་ཡང་འདི་《ཁུལ་ཡུལ་མི་རྒན་པ་རྣམས་ཀྱིས་》“འབུག་སྟག་(འབྲུག་སྟག་)ཤེས་རབ་དང་བ་ཡོ་མཚམས་པ་རྣམ་གཉིས་སྐུ་དུས་སོག་རྟ་ཁྲས་གཏོར་”ཞེས་པའི་ཁ་རྒྱུད་གླེང་སྲོལ་མགྲིན་གཅིག་ཏུ་སྨྲ་བའི་བླ་མ་རྣམ་གཉིས་《གེ་ཁོད་གསང་བ་དྲགས་ཆེན་གྱི་བརྒྱུད་པའི་གསོལ་འདེབས་》ལས། “བསྟན་པ་རྒྱལ་མཚན་འཛིན་པའི་ཕོ་བྲོང་དུ། རྨ་སྟོན་ཤེལ་སེང་དབྱིལ་སྟོན་ཁྱུང་རྒོད་རྩལ། འགྲོ་མགོན་བློ་གྲོས་འབྲུག་སྟག་ཤེས་རབ་དང་། བ་ཡོ་མཚམས་པ་མཉམ་མེད་རྒྱལ་བ་དང་། ”ཞེས་བརྒྱུད་པའི་གསོལ་འདེབས་འདི་ཉིད་སྟོད་ལུང་འབྲི་ལུང་དགོན་དུ་མཛད་པ་མ་ཟད་མཇུག་གི་ཡིག་ཆུང་ལ་དཔྱད་ན་སྟོད་ལུང་འབྲི་ལུང་དགོན་གཏོར་བརླག་མ་སོང་བའི་གོང་དུ་མཛད་པ་གསལ་རེད་འདུག། འབྲུག་སྟག་ཤེས་རབ་དང་བ་ཡོ་མཚམས་པ་རྣམ་གཉིས་སྟོད་ལུང་འབྲི་ལུང་དགོན་མ་གཏོར་བའི་གོང་གི་བླ་མ་ཡིན་པ་ར་སྤྲོད་བྱེད་ཐོབ་ཀྱང་། སྟོད་ལུང་འབྲི་ལུང་དགོན་དེ་ཉིད་གཏོར་བརླག་སོང་བའི་དུས་རབས་དང་ལོ་གྲངས་བཅས་ད་བར་ཁ་གསལ་དུས་ཚོད་གཏན་ཁེལ་ཅན་ཞིག་ཡིག་ཆ་མ་རྙེད། ད་ལྟ་སྟོད་ལུང་འབྲི་ལུང་དགོན་པའི་ཡུལ་མི་རྒན་པ་རྣམས་ཀྱིས་བཤད་བསྒྲོས་སོག་པོ་ཇུན་གར་དམག་གིས་གཏོར་ཟེར་བ་ལས་སོག་དམག་གཞན་མས་གཏོར་བའི་ལོ་རྒྱུས་མེད་པའི་ཁར་དེང་གི་《འགོ་པ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་རིན་པོ་ཆེས་བྲིས་པའི་སྟོད་ལུང་འབྲི་ལུང་དགོན་པའི་ལོ་དུས་དཔྱད་པ་》ཞེས་པའི་དཔྱད་རྩོམ་ལས་སྟོད་ལུང་འབྲི་ལུང་དགོན་ནི་ཞང་སྟོན་དམ་པ་ཚུལ་ཤེས་ཀྱིས་དུས་རབས་བཅུ་གཉིས་པའི་དུས་མགོར་ཙམ་ལ་རྣམ་དག་འདུལ་བའི་དགོན་སྡེ་གསར་དུ་འཛུགས་པའི་དགོན་དེར་“སྤྱི་ལོ་༡༧༡༨ལོར་ཇུན་གར་དམག་གིས་གཏོར་བ་ངེས་ཏེ་”ཞེས་པར་གོང་གི་བགྲེས་པོ་ཚོའི་ཞལ་གསུང་བཞིན་སོག་ལྕགས་ཟམ་གཡུང་དྲུང་གླིང་དགོན་སོག་པོ་རྟ་ཁྲ་ཞེས་པ་ཞིག་གིས་སོག་ཇུན་གར་དམག་བོད་དུ་མ་སོང་བའི་སྔོན་དུ་གཏོར་བ་ཐད་མི་མཚམས་མོད། སོག་པོ་རྟ་ཁྲ་ཞེས་པའི་དམག་དཔུང་བོད་དུ་ཡོང་བའི་དུས་ཚོད་“གཙང་པ་སྡེ་སྲིད་བསྟན་སྐྱོང་དབང་པོས་ཁལ་ཁ་ཆོག་ཐུ་ལ་རྒྱབ་བརྟེན་བཅོལ་ཏེ་སོ་སོའི་ནུས་པ་གང་ཡོད་བོད་ནང་ཁུལ་འཐབ་འཁྲུག་བསླངས་ཏེ་སོག་པོའི་ཁལ་ཁ་ཆོག་མཐུ་ལ་རྒྱབ་བརྟེན་བཅོལ་བའི་རོགས་རམ་ཆོག་ཐུའི་དམག་བོད་ལ་ཡོང་བའི་ལམ་བར་མེ་གླང་སྤྱི་ལོ་༡༦༣༧ལོར་གུ་ཤྲི་བསྟན་འཛིན་འབོད་པས་ཁལ་ཁ་ཆོག་ཐུའི་དམག་ཆམ་ལ་ཕབ་ཅིང་རིམ་བཞིན་བོད་ལ་འབྱོར་ནས་༡༦༤༢ལོར་ཏཱ་ལ་ལྔ་པ་དགེ་ལུགས་དགེ་ལྡན་པའི་ཁྲི་ལ་བསྐོས་པའི་ལོ་རྒྱུས་སོགས་གསལ་བས་གོང་གི་སོག་པོ་རྟ་ཁྲ་ཅན་ཞེས་པ་སོག་པོ་ཆོག་ཐུའི་ཇག་དམག་ལ་གོ་དགོས་པས་རྒྱུ་མཚན་ནི་མདོ་ཁམས་དགེ་འབྲོང་ལོ་རྒྱུས་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་སྐྲུན་པའི་ནང་ཆེན་རྒྱལ་རབས་ལས་ཆོག་ཐུའི་དམག་ལ་རྟ་ཁྲ་ཅན་ཞེས་ཡིག་ཐོག་ཏུ་འཁོད་པ་ཕལ་ཆེར་དེ་ལྟར་བྲིས་འདུག་ཅེས་སོ། དགོན་དེའི་བསྟན་གཙོ་ཁག་གཅིག་དགེ་ལུང་དགོན་པ་བན་བོན་དགོན་ཁག་བདུན་གྱི་ཤུལ་ལྷག་གཅིག་བསྡུས་བྱས་ནས་བྱུང་བའི་《སོག་ཙན་དན་དགོན་གྱི་ལོ་རྒྱུས་》ལས། “བོན་དགོན་གཡུང་དྲུང་གླིང་གི་རྟེན་གཙོ་དངུལ་སྐུ་སྟོང་པ་གཤེན་རབ་དང་། གསུང་རྟེན་ཁམ་ཆེན་པོད་དགུ། དུང་རག་གཤོག་ཅན་རང་འཕུར་བྱུང་པ་ཞེས་པ་གཅིག། གན་ཇི་ར་གསེར་འཕྲུ་ཀོར་བཞག་པ་གཅིག་”བཅས་ཡོད་པར་བཞད་དོ། ཙན་དན་དགོན་ཕྱག་བཏབ་པའི་ལོ་ཚིག་ཁ་གསལ་ཅན་གྱི་ཡིག་ཆ་མ་མཐོང་ནའང་ལྔ་པ་ཆེན་པོས་སྤྱི་ལོ་༡༦༦༨ལོར་བཀའ་བསྟན་བསྩལ་བ་འབེ་གསེར་ལས་བཤད། ལྷག་པར་དུ་ཙན་དན་དགོན་ཏཱ་ལ་ལྔ་པ་ལ་སོག་པོ་གུ་ཤྲི་བསྟན་འཛིན་ཆོས་རྒྱལ་འབོད་པས་ཁམས་རྫོང་དྲུག་ཕུལ་བའི་ནང་རེ་དཀར་སོག་གསུམ་ལ་རྫོང་གསུམ་ཡོད་པར་ཁམས་ཀྱི་དགེ་ལྡན་རྣམ་གསུམ་ཞེས་བརྗོད་པ་རོང་པོ་རབ་བརྟན་དགོན་དང་། གཅུང་པ་ཆོས་འཁོར་དགོན། སོག་ཙན་དན་དགོན་གསུམ་ཡིན་པ་རེད། ད་དུང་སོག་པོ་ཇུན་གར་དམག་བོད་དུ་མ་ཡོང་བའི་སྔོན་ལྕགས་ཟམ་གཡུང་དྲུང་གླིང་གཏོར་བའི་ལོ་རྒྱུས་གཉན་རོང་《ཆབ་མདོ་དགོན་དཔལ་གཤེན་བསྟན་རྣམ་རྒྱལ་གླིང་གི་ལོ་རྒྱུས་》ལས། “དུས་རབས་བཅུ་གཅིག་པའི་མགོར་ཁྱུང་ཨ་བརླ་གྲགས་པ་དང་། ཤྭ་བ་རོང་གྲོལ་ཟེར་བ་རྣམ་གཉིས་”ཞེས་པ་དེ་ཡང་ནོར་བ་རེད་ཁྱུང་ཨ་བརླ་དང་ཤྭ་བ་རོང་གྲོལ་འབོད་པ་མི་གཅིག་ཡིན་པ་དང་ཁྱུང་རབས་གསེར་སྒམ་མ་ལས་དུས་རབས་བཅུ་གཉིས་པའི་ནང་སྐུ་འཁྲུངས་ཞེས་གོང་དུ་ཞུས་ཟིན། ཁོང་གིས་“གདན་ས་སོག་གཡུང་དྲུང་གླིང་”ཞེས་པ་དེར་“རབས་བྱུང་བཅུ་གཅིག་པའི་ཆུ་རྟ་སྤྱི་ལོ་༡༦༤༢ལོར་སོག་པོའི་དམག་གིས་གཏོར་བརླག་བཏང་རྗེས་ཡུལ་གྱི་བླ་དཔོན་དང་ཚོ་སྡེ་ཉུང་ཤས་ཕྱོགས་མེད་ཡུལ་གྱར་བྱས་མཐར་ཁྱུང་པོ་མི་དཔོན་སངས་རྒྱས་སྐྱབས་ཀྱིས་ཤག་སེབ་བཀྲ་ལ་གནས་གཞི་བཟུང་སྟེ་རི་ཆེན་རྫོང་དཀར་ཕྱག་བཏབ། དེ་ཡང་སོག་པོ་ཇུན་གར་བས་གཏོར་བའི་ཚོ་སྡེ་རྣམས་གདང་ལའི་ཁྱུང་རྫོང་དུ་གནས་སྤོས་”ཞེས་བརྗོད་པས། ཆུ་རྟ་༡༦༤༢་ལོར་སོག་དམག་གི་གཏོར་ཞེས་པའི་སོག་དམག་དེ་སོག་རྟ་ཁྲ་ཅན་ལ་གོ་དགོས། ཡང་ཧོར་ཡེ་ཐ་ལུང་བཟང་ཤེལ་བྲག་རི་དགོན་ནང་བསྟན་དུ་གྱུར་བའི་སོག་ལྕགས་ཟམ་གཡུང་དྲུང་གླིང་གི་སྟོན་སྐུ་མེ་ཐུབ་ཏུ་བཞུགས་པའི་མེ་འབར་ཞིག་དང་། གནམ་ཕྱི་གུང་རྒྱལ་གྱི་སྐུ་ལི་མ་ཞིག་དང་བླ་ཆུང་སྒེར་པ་བཅུ་གསུམ་གྱི་ནང་གསེས་ཨུ་རི་བླ་མའི་དབུ་ཐོད་ཨ་ཡིག་རང་བྱོན་ཅན་སོགས་རྟེན་བྱིན་ཅན་འགའ་ཡེ་ཐ་ཚོ་པས་བདག་ཐོབ་བྱུང་བའི་སྐུ་གསུང་ཐུགས་རྟེན་རྣམས་དང་བཅས་དངོས་སོགས་དགོན་གྱི་བསྟན་གཙོ་རུ་ཕུལ་ནས་ཡེ་ཐ་ཇིང་གིར་དཔོན་རབས་དྲུག་པ་དམར་ཆེན་ཆོས་འབུམ་དཔོན་དང་ལྕམ་ཁའོ་བཟའ་ཚེ་དཔལ་ཆོས་མཚོ་གཉིས་ཀྱི་སྲས་གཤེན་ཆེན་པོས་ལུང་གི་ཟིན་པའི་བོད་རྒྱལ་མུ་ཁྲའི་སྤྲུལ་པ་ཧོར་བླ་མུ་ཁྲི་རྒྱལ་བ་ཚུལ་ཁྲིམས་གཅིག་པུ་ཆེན་ཡབ་སྲས་བྱིན་གྱིས་བརླབས་པའི་གནས་མཆོག་ལུང་བཟང་ལྷ་རི་ཤེལ་བྲག་གི་དབེན་གནས་མདུས་སུ་ཡེ་ཐ་དཔོན་སྡེའི་མཆོད་གནས་སྐྱབས་ཅིག་(གཡུང་དྲུང་དཔལ་གྱི་)རི་དགོན་དཀར་པོ་ཕྱག་བཏབ་སྟེ་ཧོར་བླ་མཆོག་གིས་རི་དགོན་དེར་དབེན་གནས་སུ་མཛད་དེ་ཚེ་གཅིག་སྒོམ་བསྒྲུབ་དབང་ཆེན་སྤྱི་སྤུངས་ཡི་དམ་ལྷ་རུ་བསྒྲུབས་ཤིང་མཁས་པའི་བྱ་བ་གསུམ་གྱིས་དབེན་པའི་རི་དགོན་བསྐྱངས་བར་བཞུགས་པའི་རེ་དགོན་དེ་ཉིད་ལ་“ཏཱ་ལ་བདུན་པ་སྐལ་བཟང་རྒྱ་མཚོ་ཁམས་མགར་ཐང་ནས་ཡར་ཕེབས་ལམ་ཡེ་དཔོན་ཆོས་འབུམ་ཀྱིས་གསོལ་རས་ཞུས་པའི་བོན་ལུགས་ཀྱི་རེ་དགོན་དེ་ཉིད་རྒྱུད་འཁྱོངས་བྱས་དགོས་པའི་གཏན་ཚིགས་ཀྱིས་བཀའ་རྟེན་བསྩལ་”ཞེས་ལོ་རྒྱུས་དང་བསྟན་རྩིས་ཀུན་ལས་གསལ་བའི་བཀའ་རྟེན་བསྩལ་བའི་དུས་ཚོད་ཁ་གསལ་མ་མཐོང་ཡང་། གསར་བྲིས་ལུང་དཀར་དགོན་གྱི་ལོ་རྒྱུས་ཡིག་ཆ་ལས་“སྤྱི་ལོ་༡༧༢༤ལོར་བསྩལ་བ་”ཞེས་ཀྱང་དེ་ནི་གང་ཞིག་དཔྱད་པ་མ་ངན། ལར་ཏཱ་ལ་བདུན་པ་སྐལ་བཟང་རྒྱ་མཚོ་མདོ་སྨད་ཁམས་ནས་ཡར་ཆིབས་ཁ་བསྒྱུར་ནས་སྔ་རྗེས་གཉིས་སུ་ཕེབས་ཀྱང་སྔོན་མ་སྤྱི་ལོ་༡༧༢༠ལོ་ཙམ་ལས་ཕེབས་པའི་ཡར་ལམ་ཁོང་གི་རང་རྣམ་ལས་འདི་ཁུལ་ནས་ཕེབས་པ་མི་གསལ་མོད། འདི་ཁུལ་ནས་ཡར་ཕེབས་པ་ཡིན་རུང་སྐབས་དེར་ཁོང་སྲིད་ཀྱི་འགན་བཞེས་ཡོད་པ་མིན་མོད། དེར་བརྟེན་གོང་གི་རེ་དགོན་བཀའ་བསྟན་བསྩལ་བ་ཟེར་ན་བདེན་པར་མ་མཐོང་། གུས་པས་དཔྱད་ཞིབ་བྱས་པའི་ཁྲོད་དུ་ཏཱ་ལ་བདུན་པའི་རང་རྣམ་(ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་བཏབ་པའི་ཤོག་གྲངས་༣༡༡ནང་ལས་)སྤྱི་ལོ་༡༧༣༥ལོ་ཙམ་ལས་མདོ་སྨད་ནས་ཡར་ཆིབས་ཁ་བསྒྱུར་ཏེ་ཕེབས་པའི་ལམ་བར་ཁྲོམ་ཚང་ཐུགས་རྗེའི་འཕྲང་དམར་ཆུ་རབ་ནས་རྒྱུད་དེ་སོག་དགའ་ལྡན་འཕེལ་རྒྱས་གླིང་དུ་གཅོད་པའི་ལམ་བར་ཧོར་ཆོས་འབུམ་དཔོན་དང་། ཀྱུང་པ་(གཅུང་པ་)ལྷ་དར་སོགས་ནས་ཟང་ཟིང་གི་འབུལ་བ་དང་བཅས་མཇལ་ཁ་ཞུས། ཁོ་པ་ཚོར་བཀའ་ཆོས་ཀྱང་བསྩལ་ནས་ཝལ་ཝལ་(ཝེར་ཝེར་)ཐང་དུ་ཕེབས་སྐབས་སོག་དགའ་ལྡན་འཕེལ་རྒྱས་གླིང་གི་ཆིབས་བསུ་བ་འབྱོར་བའི་ལོ་རྒྱུས་གསལ་བས་ལོར་དེར་བཀའ་བསྟན་བསྩལ་ཡོད་པར་དཔྱད། གོང་དུ་ཧོར་བླ་མཆོག་ནི་སྤུ་ལའི་དུས་དེབ་ནང་ལས། སྤུ་ལ་བླ་མ་བཀྲ་ཤིས་རྣམ་རྒྱལ་གྱི་སྲས་ཚེ་བརྟན་དབང་རྒྱལ་དང་ཚེ་དབང་ཕུན་ཚོགས་གཉིས་དང་ཁུ་བོ་བསྟན་འཛིན་ཕུན་ཚོགས་“གསུམ་གྱིས་རབ་བྱུང་བཅུ་གཉིས་ཤིང་ཁྱི་༡༦༩༤ལོར་ཁམས་བརྒྱད་སྟོང་ཕྲག་བརྒྱད་པ་དབུ་གསེར་འབུར་མ་ཅན་དག་བཞེངས་གནང་གྲུབ་སྐབས་ཧོར་བླ་མཆོག་གདན་དྲངས་ནས་མངའ་དབུལ་རབ་གནས་དང་དཀར་ཆག་ཤིས་བརྗོད་སྨོན་ཚིག་བཅས་མཛད་དེ་མཚན་ལ་ཁམས་ཆེན་བཀྲ་ཤིས་རྒྱན་ཆེན་ཞེས་གསོལ་”ཞེས་པ་དེའི་ལོ་གྲངས་མི་མཐུན་པ་རེད། གང་ཡིན་ཞེས་ན་ཧོར་བླ་མུ་ཁྲི་རྒྱལ་བ་ཚུལ་ཁྲིམས་མཆོག་གི་སྐུ་དུས་ཤིང་ཁྱི་ཞེས་པའི་ལོ་དེ་སྤྱི་ལོ་༡༧༥༤ཤིང་ཁྱི་ལོར་གཉིས་གོང་འོག་འཁྱུག་སོང་བ་རེད། གོང་གི་རེ་དགོན་དེའི་ཆོ་གའི་ཕྱག་ལན་དེ་སྔོན་སོག་ལྕགས་ཟམ་གཡུང་དྲུང་གླིང་གི་ཞུ་ལུགས་གཞིར་བཟུང་ཐོག་ཧོར་བླ་མཆོག་གིས་གསར་གཏོད་གནང་བའི་ཞུ་ལུགས་ཀྱི་གྱེར་འཕྲིན་ཆ་ལག་ཆ་རྐྱེན་ཁ་ཤས་ཡོད་པ་སྟེ། དེང་དུས་ཞུ་ལུགས་སྐོར་གླིང་སྐབས་ཧོར་བླ་མུ་ཁྲིའི་ལུགས་ཞེས་ངག་དོན་གཉིས་ཀར་གནས་པའོ། མཐར་ཧོར་བླ་ཞིང་བཤེགས་རྗེས་རྒྱུད་འཛིན་ཚུལ་མཐུན་ཞིག་མ་བྱུང་བས་ཉམས་ངན་དུ་ཕྱིན་པའི་ཤུལ་སྦྲ་ཆེན་རྫོང་བླ་ཞི་(སླས་གཞི་)གྲོང་རྡལ་གྲོང་ཚོ་༡༩སར་ལུང་བཟང་ནང་སྤྱི་ལི་༡༣ཙམ་ཕེབས་ན་མཇལ་ཐུབ། ༡༧༡༥ལོར་ལུང་བཟང་ལྷ་རི་ཤེལ་བྲག་དགོན་ཕྱག་མ་བཏབ་བའི་སྔོན་གོང་དུ་བརྗོད་ཟིན་པའི་ལོ་རྒྱུས་ཁག་ལ་གོང་འོག་བསྒྲིགས་སྟེ་གཟིགས་ན་སོག་ལྕགས་ཟམ་གཡུང་དྲུང་གླིང་དགོན་སོག་པོ་ཇུན་གར་དམག་བོད་དུ་མ་བྱུང་བའི་སྔོན་དུ་གཏོར་སོང་བ་གསལ་པོ་རེད་འདུག་གོ། གོང་དུ་ཧོར་བླ་མུ་ཁྲི་རྒྱལ་བ་ཚུལ་ཁྲིམས་མཆོག་ཞིང་བཤེགས་མཚམས་རི་དགོན་སྐྱོང་མཁན་འདི་ཡིན་ཞེས་མ་བྱུང་རྐྱེན་ཉམས་འཐོར་སོང་རྗེས་བོད་རབ་བྱུང་བཅུ་བཞི་པའི་ས་འབྲུག་སྤྱི་ལོ་༡༨༠༨ལོར་ཡེ་ཐ་བེ་ཧུའི་མ་ཡུམ་ཁྱུང་མོ་བཟང་དགའ་(བཙུན་མིང་ཤེས་རབ་བཟང་མོ་)དང་སྲས་བེ་ཧུ་ནོར་བུ་ཚེ་རྒྱལ། ཨུ་རི་ཁང་པའི་བླ་མ། དབྲ་ཁྱུང་རྒྱལ་བ་བསྟན་འཛིན་སོགས་ཀྱིས་གཡུ་ལུང་དགོན་མི་གཡོ་བསམ་གཏན་གླིང་ཕྱག་བཏབ། དེ་ནས་ཧོར་སྤྱི་ཚེ་རིང་རབ་བརྟན་ནས་ཡེ་ཐ་དཔོན་སྡེའི་དགོན་དེར་བླ་ཆུང་སྒེར་པ་བཅུ་གསུམ་གྱི་ནང་ཚན་དཀར་ཤོད་བོན་སྤུ་ལ་བླ་མ་དང་ཨུ་རི་བླ་མ་གཉིས་ཀྱི་དགོན་བདག་འོག་ཡེ་ཐ་དཔོན་སྡེའི་བསྟན་སྲིད་དགོས་ཁར་འཚོ་ཁུལ་སོ་སོས་ཞབས་འདེགས་ཞུ་འོས་བཅས་འཁོད་པའི་གཏན་ཚིག་ལ་རྟ་ཕྱག་ཧོ་ཐོག་ཐུའི་འགོ་མཆན་གྱིས་གཡུ་ལུང་དགོན་ཞེས་པའི་བཀའ་རྟེན་བསྩལ་བ་ནས་བཟུང་དབྲ་ཁྱུང་རྒྱལ་བ་བསྟན་འཛིན་ནས་སྤུ་ལ་བླ་མ་རིམ་བྱོན་རྒྱུན་བཞུགས་ཐུགས་ཁོམ་མ་བྱུང་ནའང་། ལོ་གསུམ་རེའི་མཚམས་སུ་ལས་སྣེ་བཀོད་སྒྲིག་ཐག་གཅོད་སྐབས་ཞལ་ཕེབས་གནང་གི་ཡོད་པ་དང་རྒྱུན་བཞུགས་ཨུ་རི་བླ་མ་ཁྲི་པ་རིན་པོ་ཆེ་ཡིན་པས་དགོན་འདིའི་བླ་རབས་དང་པོ་ཡིན། ཁོང་ནི་གསར་བྲིས་ལུང་དཀར་དགོན་པའི་ལོ་རྒྱུས་ཡིག་ཆ་ལས་“རབ་བྱུང་༡༤པའི་ལོར་བོད་མེ་བྱ་༡༨༣༧ལོར་སྐུ་འཁྲུངས་”ཞེས་བརྗོད་པར་དེ་ལྟར་མ་ཡིན་རབ་བྱུང་༡༣པའི་མེ་བྱ་༡༧༧༧ལོར་སྐུ་འཁྲུངས་ཤིང་མཚན་གཞན་ལ་ཤེས་བསྟན་ཞེས་སུ་འབོད་ཅིང་དེ་ཉིད་ཀྱིས་རྒྱུན་ལྡན་བླ་མའི་ཁྲི་འཛིན་དུ་བཞུགས་པ་དང་བཞུགས་པའི་སྐབས་དྲེའུ་དམར་མོའི་སྨན་སྐུ་རབ་གནས་མཛད་སྐབས་མཚན་མོར་སྒྲུབ་ཁང་ལྷ་མཆོད་བ་ཡན་སྦྱིན་པ་མཆོག་གིས་དྲེའུ་སྐད་ལྷང་ལྷང་གསན་པ་དང་ཕྱི་ཉིན་སྒྲུབ་ཁང་ནང་དྲེའུ་རྗེས་ཀྱིས་ཁྱབ་པར་བཤད། དེ་རྗེས་བླ་རབས་གཉིས་པ་ཨུ་རི་རབ་འབྱམས་པ་བསོད་ནམས་གཡུང་དྲུང་མཆོག་ནི་རབ་བྱུང་བཅུ་བཞི་པའི་ས་ཡོས་༡༨༡༩ལོར་སྐུ་འཁྲུངས་པ་དང་རྒྱལ་བ་སྨན་རིར་ཕེབས་ཤིང་མདོ་སྔགས་སེམས་གསུམ་གྱི་གཞུང་ལུགས་སློབ་སྦྱོན་གནང་བས་སྨན་རི་བླ་མ་ཁྲི་པའི་གྲལ་དུ་གནས་ཤིང་འབྲས་ཡུལ་སྐྱེ་ཚལ་དུ་མཚན་ཉིད་དགེ་བཤེས་དམ་བཅའི་སྐབས་སྨན་རི་བ་ཤོར་སོང་ཟེར་བའི་སྙན་གྲགས་དང་ཆབས་ཅིག་ས་སྐྱའི་རྔ་བོ་ཆེ་བརྡུང་ཞེས་པའི་མཚན་སྙན་གྲགས་པ་ཆེ། མཚན་གཞན་ཚུལ་ཁྲིམས་རྣམ་དག་ཞེས་འབོད། གོང་བརྗོད་ཧོར་སྤྱིའི་བཀའ་རྟེན་རྒྱབ་གནོན་དུ། སྤུ་ལ་དགོན་གྱི་ཡིག་ཆ་ལས་“རབ་བྱུང་བཅོ་ལྔ་པའི་ཤིང་ཡོས་༡༩༡༥ལོར་ཡེ་ཐ་བེ་ཧུ་རྒྱ་བྱིན་དབང་པོས་རྒྱབ་གནོན་སྦྱིན་”ཞེས་གསལ་བ་དེ་ཡང་ནོར་བ་རེད། བེ་ཧུ་རྒྱ་བྱིན་དབང་པོའི་སྐུ་དུས་ཤིང་ཡོས་ལོ་དེ་རབ་བྱུང་བཅུ་བཞི་པའི་༡༨༥༥ལོར་ཁེལ་ཡོད། ལོ་དེར་ཁེལ་བའི་དན་རྟགས་《གཏེར་སྟོན་བདེ་ཆེན་གླིང་པའི་རྣམ་ཐར་》ལས་ཁོང་དགུ་ལོ་སོ་ལྔ་མེ་ཡོས་༡༨༦༧ལོར་“ཡེ་ཐ་བེ་ཧུ་ལྷ་མཁར་བསྟན་རྒྱལ་(ལམ་ནོར་བུ་ལྷ་མཁར)མཆོད་གནས་སུ་ཕེབས་ཞེས་གསལ་བས་བེ་ཧུ་ནོར་བུ་ཚེ་རྒྱལ་ཞེས་མ་གསལ་བས། སྐབས་དེར་ཡབ་ཆེན་རྒྱ་བྱིན་དབང་པོ་འདས་ནས་སྲས་ནོར་བུ་ལྷ་མཁར་ཡེ་དཔོན་གྱི་ཁྲི་ལ་བཞུགས་པས་སྲས་ཀྱི་མཚན་དམོས་པ་རེད། མ་ཚད་རབ་བྱུང་བཅོ་ལྔ་པའི་ཤིང་ཡོས་༡༩༡༥ལོར་བེ་ཧུ་བརྒྱ་བྱིན་དབང་པོས་སྐུ་ཚེ་འདས་པ་མ་ཚད་སྲས་ནོར་བུ་ལྷ་མཁར་དཔོན་འགན་བཞེས་ནས་འདས་པ་རེད། དེའི་སྲས་ནོར་བུ་དབང་རྒྱལ་དང་ཚེ་དབང་བསྟན་འཛིན་སྐུ་མཆེད་གཉིས་སྔ་རྗེས་སུ་ཡེ་ཐ་དཔོན་ཙམ་མ་ཚད་ཧོར་སྤྱིའི་གོ་གནས་འཛིན་ནས་སྐུ་ཚེ་འདས་པས། ད་དུང་བརྒྱ་བྱིན་དབང་པོ་བཞུགས་པ་བཤད་ན་བདེན་པར་མ་མཐོང་། གཡུ་ལུང་དགོན་དུ་གཏེར་སྟོན་བདེ་ཆེན་གླིང་པ་མཆོག་གི་གོང་ལོ་དེར་ལུང་བསྟན་གནང་བ་འདི་ལྟར་སྟེ། “སེར་པོ་ཧོར་གྱི་ས་གནས་འདིར། བདེ་བས་བདེ་སྐྱིད་འབྱུང་བ་དཀའ། བསྟན་པ་བོན་ཀྱང་གས་ཆགས་ཆེ། དེ་ཡི་ལན་འདིས་སེར་སྐྱ་རྣམས། འགོང་པོ་གདོན་གྱིས་བསླུས་པས། གང་ཟག་ཁྱོད་འདྲའི་འགྲོ་དོན་དཀའ། འོན་ཀྱང་རྒྱལ་བའི་སྨོན་ལམ་མཐའ། བཙན་པས་མི་ནུབ་མི་ཡི་དབང་།”ཞེས་མཚམས་སུ་ཡུལ་དེའི་གཞི་བདག་ནག་ཕྱོགས་ཀྱི་བར་ཆད་དང་དཀར་ཕྱོགས་ཀྱི་སྡོང་གྲོགས་བྱེད་པ་སོགས་ཀྱི་སྐབས་བེ་ཧུ་རིན་པོ་ཆེའི་བསྟན་དང་སྐུ་ཚེའི་ལུང་བསྟན་ཡོད་པ་བརྡ་ཐིམ་པ་ཞེས་གསུངས་པ་ལྟར་ཕྱི་ལོར་ས་འབྲུག་༡༨༦༨ལོའི་ཟླ་༡༢པའི་ཚེས་༢༦ཉིན་གཡུ་ལུང་དགོན་མི་གཡོ་བསམ་གཏན་གླིང་ཁ་བའི་ཤྭ་རུད་གངས་ཉིལ་གནོད་འཚེས་བརླགས་པར་གྱུར་བའི་སྐབས། དགོན་དེར་སེར་མོ་དང་རབ་བྱུང་གྲངས་དྲུག་ཅུའི་སྐོར་ཡོད་སྐད་དང་ཆོ་ག་ཕྱག་ལེན་གྱི་སྐོར་ནི་བྲུ་ཞུ་སྤེ་མ་བྱེད་པའི་བཤད་སྲོལ་གྲགས། དགོན་དེའི་ཆགས་ཤུལ་ནི་ད་ལྟ་སྦྲ་ཆེན་རྫོང་བྱ་མང་(ཇ་མོང་)ཤང་ཁོངས་གཡུ་ལུང་ནང་ཞེས་གསལ་པོ་ཡོད། གཡུ་ལུང་སྐབས་ཨར་ལས་སྲིད་ཁྲིམས་པ་ཨ་རིག་རྒན་པོ་འགུ་རུ་རྣམ་རྒྱལ་དང་དགོན་གྱི་བན་དཔོན་རྒོད་ཚ་བློན་རྒན་རྒྱལ་པོ་གཡུལ་རྒྱལ་ཞེས་པ་གཉིས་ལ་གཡུ་དགོན་གྱི་ཚོགས་འཚོགས་སྐབས་བསྐལ་ཕར་སྤྲད་སྲོལ་ཡོད་པའི་རྒན་རབ་ཚོའི་ངག་རྒྱུད་བཤད་པར་དེ་ཡང་ལྡན་ཤས་ཆེ། འདི་ཁུལ་ཡོངས་གྲགས་སུ་རྒོད་ཚ་བློན་རྒན་ནམ་གཡུ་ལུང་བློན་རྒན་ཞེས་བརྗོད་པར་དམིག་གསར་གཡུ་ལུང་དགོན་དང་རྒོད་ཚ་བློན་རྒན་བར་འབྲེལ་བ་ངན་ཅན་ཡོད་པར་སེམས་སོ། རྒོད་ཚ་བློན་རྒན་དངོས་མིང་རྒྱལ་པོ་གཡུལ་རྒྱལ་ཟེར།

  གཡུང་ལུང་དགོན་བརླག་འཐོར་སོང་བའི་གནས་ཚུལ་ཡེ་ཐ་བེ་ཧུ་ནོར་བུ་ལྷ་མཁར་གྱིས་ཧོར་སྤྱི་རྣམ་རྒྱལ་དབང་འདུས་ལ་སྙན་སེང་ཞུས་པའི་བཀའ་འབྲེལ་ཧོར་སྤྱི་རྣམ་རྒྱལ་དབང་འདུན་དང་། བེ་ཧུ་ནོར་བུ་ལྷ་མཁར། དབུ་རི་བསྟན་འཛིན་དབང་རྒྱལ། དབྲ་ཁྱུང་སྐལ་བཟང་དབང་གྲགས་སོགས་བླ་དཔོན་འོག་སྡེ་མཉམ་རུབ་ཀྱིས་དེ་སྔོན་སྤྱི་ལོ་༡༨༦༥ལོར་《སྨན་རི་མཁན་ཆེན་འགྲོ་མགོན་ཤེས་རབ་གཡུང་དྲུང་》དེ་ཉིད་འདི་ཕྱོགས་སུ་གདུལ་བྱ་ཕེབས་བསྐྱོད་གནང་བའི་ཞལ་གསུངས་ཡེ་ཐའི་ལུང་དཀར་ཁ་རུ་དགོན་སྡེ་ཞིག་ཕྱག་བཏབ་ན་ཤིན་ཏུ་ལེགས་གསུངས་བའི་ས་གནས་དེ་རུ་གཡུ་ལུང་དགོན་ཆགས་འཇིགས་སོང་མཚམས་ནང་རྟེན་དུང་འཕར་ཆུང་དེ་ཡོངས་འཕུར་ཏེ་ད་ལྟའི་ལུང་དགོན་གྱི་ལྷོ་ཕྱོགས་བྲག་ལ་བབ་པའི་(རྗེས་ཤུལ་ད་ལྟ་མཇལ་རྒྱུ་ཡོད་པའི་)ས་ཆ་དེར་རྟེ་འབྲེལ་དུ་འཛོམ་པ་སོགས་ཀྱིས་གཡོ་ཟུར་མེད་པར་སྤྱི་ལོ་༡༨༧༠ལྕགས་རྟ་ལོར་ལུང་དཀར་དགོན་པ་ཕྱག་བཏབ། སྐབས་དེར་ཧོར་སྤྱི་ནས་ཡེ་ཐ་དཔོན་སྡེའི་བསྟན་སྲིད་ལ་དགོངས་བཞེས་ཉམས་གསོའི་ཞལ་འདེབས་འབྲི་གྲུས་མ་ཉི་ཤུ་ཐམ་པ་དང་རྒྱ་དངུལ་རྡོ་ཚད་གཅིག་བཅས་གནང་བ་མ་ཚད་ཡེ་ཐ་བེ་ཧུ་ལ་བྱང་རྒྱུད་དགོན་མེད་ཀྱི་སྡེ་(སྒང་རུ་)ལ་ཁྲལ་བཀལ་ནས་བསྐུར་འདེད་བྱས་དགོས་པའི་བཀའ་རྒྱ་གཙང་ཕེབས་མཛད་སྐད། དགོན་དེ་ཉིད་ལ་ཡེ་ཐ་བེ་ནོར་ལྷ་མཁར་གྱིས་སྤུ་ལ་དགོན་གྱི་ཡིག་ཆེ་ལས་“རབ་བྱུང་བཅུ་དྲུག་པའི་ཤིང་ཁྱི་༡༩༣༥ལོར་“ཞབས་འདེགས་བསྩལ་”ཞེས་བརྗོད་པས་དེ་ཡང་ནོར་བ་རེད། བེ་ཧུ་ནོར་བུ་ལྷ་མཁར་ཞལ་བཞུགས་སྐབས་ཤིང་ཁྱི་ལོར་ཞེས་པ་དེ་ཡང་སྤྱི་ལོ་༡༨༧༤ཤིང་ཁྱི་ལོ་འཁེལ་ཡོད། ལུང་དཀར་དགོན་ཕྱག་བཏབ་རྗེས་སྐུ་གསོབ་ཀྱི་བསྟན་བདག་ཆེ་བ་གསུམ་ནི། རྨ་པོམ་རའི་སྐུ་གསོབ་ཀྱི་བསྟན་བདག་ཨ་རིག་དྲེད་རྒན་འབུ་ཏྲིག་ཞེས་པའི་གྲི་དེ་ཕུལ་ནས་སྐུ་གསོབ་ཀྱི་བསྟན་བདག་དང་། མི་བདུད་སྐུ་གསོབ་ཀྱི་བསྟན་བདག་རྒོད་སྤེའི་ཇ་སྒམ་དགུ་གཅོད་ཞེས་པའི་གྲི་དེ་ཕུལ་ནས་སྐུ་གསོབ་ཀྱི་བསྟན་བདག། རྒྱལ་པོ་ཤེལ་ཁྲབ་ཀྱི་སྐུ་གསོབ་བསྟན་བདག་གཡོ་ལག་ལུག་བརྒྱའི་བལ་ཁུལ་དགུ་གཅོད་ཞེས་པའི་གྲི་དེ་ཕུལ་ཏེ་སྐུ་གསོབ་ཀྱི་བསྟན་བདག་དང་གསུམ་གཙོས་པའི་ལྷ་སྡེ་ཡོན་ཀྱི་མཆོད་འབུལ་གཏོང་ཕོད་འོག་ལྷ་ཁང་དང་སྐུ་གསུང་ཐུགས་རྟེན་སོགས་གང་ལ་གང་མཚམས་བཞེངས་གྲུབ་རྗེས་གླང་ལོའི་བོད་ཟླ་༩ཚེས་༢༣ཉིན་ཉག་གཏེར་གསང་སྔགས་གླིང་པ་དང་མཁའ་འགྲོ་བདེ་ཆེན་དབང་མོ། མེ་སྟོན་ཀུན་དགའ་རྒྱལ་མཚན་བཅས་ཕེབས་ནས་རྩ་གསུམ་བྱིན་བརླབས་སྐུ་གསུམ་ཁྲོ་རྒྱལ་གྱི་གནས་གསང་བྲག་ནོར་བུ་ལྷ་རྩེ་ནས་ཟབ་གཏེར་བཞེས་ཏེ་གནས་སྒོ་ཕྱེས་ནས་བསྐོར་ལམ་གསར་གཏོད་དང་གནས་བཤད་མ་སྲིང་མཁའ་འགྲོའི་ལུང་བསྟན་ཡིག་གེ་ཕབ་བྲིས་སོགས་མཛད་དེ་གྲྭ་ས་ནང་བཞིན་རིག་ལམ་མཚན་ཉིད་གཞུང་ཆེན་གྱི་དབུ་ཚུགས་མཐར་དགོན་དེ་ཉིད་༡༩༦༦ལོར་རིག་གསར་དུས་འགྱུར་གྱི་མིང་ཙམ་མེད་པར་གྱུར།

  དེ་ལྟར་དཔྱད་ཁུལ་རྒོད་མིང་གླང་རིགས་བསྟན་ཀུན་ནས་སྤྱི་ལོ་༢༠༢༡ལོའི་ཟླ་༤ཚེས་༧ཉིན་བ་ཆེས་རྫོང་ཁུལ་ཇ་མོང་ཤང་ཁོངས་རོང་ཆེན་འཕྲང་ངན་སྣ་ཁུག་རང་ཚང་དུ་བྲིས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།