གླིང་སྨན་གཡུང་དྲུང་བཀྲ་ཤིས་ཀྱི་བགྲོ་གླེང་གཏམ་བཤད།

[ཟླ་ཚེས། 2017-04-27 10:17:37][རྩོམ་པ་པོ། གླིང་སྨན་གཡུང་དྲུང་བཀྲ་ཤིས།][རྩོམ་ཁུངས། ཀྲུང་གོའི་བོད་ཀྱི་ཡིག་གཟུགས་དྲ་བ།][ཀློག་གྲངས། ]

གླིང་སྨན་གཡུང་དྲུང་བཀྲ་ཤིས་ལགས་ཀྱིས་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་བགྲོ་གླེང་ཚོགས་འདུ་སྐབས་དང་པོར་ཕུལ་བའི་སྙན་ཞུ།
55.jpg

   ཐོག་མར་ཕྲན་ལ་མཁས་དབང་མང་པོ་ཞིག་དང་ཞལ་མཇལ་གསུང་ཐོས་པའི་བགོ་སྐལ་བླ་ན་མེད་པ་ཐོབ་པ་དེ་ལ་འདི་ནས་ཆེད་དུ་གོ་སྒྲིག་མཁན་ལ་སྙིང་ཁོང་རུས་པའི་གཏིང་ནས་བཀའ་དྲིན་བླ་ན་མཐོ་ཞུ་བ་ཡིན། དེ་དང་ཆབས་ཅིག་རྒྱལ་ཡོངས་ཡིག་གཟུགས་སྐབས་དང་པོའི་ཚོགས་འདུར་ཕེབས་པའི་མཁས་དབང་རྣམ་པའི་མདུན་དུ་བོད་རང་ས་ནས་དར་བའི་ཡི་གེ་དང་ཡིག་གཟུགས་འཕེལ་རིམ་སྐོར་གྱི་དཔྱད་གཏམ་ཐུང་ངུ་ཞིག་ཀྱང་སྙན་སེང་ཚུལ་དུ་ཞུ་འདོད་པ་ཡིན།

༡ དང་པོ་བོད་ཀྱི་ཡི་གེ་སྟོན་པ་གཤེན་རབ་ཀྱི་གོང་ནས་ཡོད་པར་བསྟན་པ་སྟེ། འཕྲུལ་ཡིག་བཞི་བཅུ་འབྱུང་ས། གཏོ་རྒྱལ་ཡེ་མཁྱེན་གྱི་སྐབས། གཡུང་དྲུང་བོན་གྱི་ཞི་ཁྲོའི་སྤྱན་དབྱེའི་འབྲུ་དོན་སྐབས་སུ་གསལ་བ་དང་ངོས་ནས་བསྒྲིགས་པའི་དཔེ་གཟུགས་ནང་དུའང་འབྲེལ་ཡོད་ནང་དོན་འཁོད་པ་ཞུས་ཡོད།
༢ སྟོན་པ་གཤེན་རབ་སྐབས་ཀྱི་ཡི་གེ་བྱུང་ཚུལ་ནི་སྟོན་པ་གཤེན་རབ་ཀྱི་སློབ་མ་འཛམ་གླིང་བསྟན་པའི་རྒྱན་དྲུག་ལས་ཡི་གེ་མཁས་པ་ཡི་གེ་འཕྲུལ་ཆུང་གིས་སྟོན་པས་བསྟན་པ་དེ་གཟུགས་སུ་ཕབ་ཚུལ་བོན་གཞུང་ཕལ་ཆེར་གྱི་ལྟ་བ་ཡིན་པ།
༣ དེ་ཡང་སྤུངས་སོ་ཆེ་ཆུང་དང་སྨར་ཆེ་ཆུང་། གཙོ་བོ་སྨར་ཆེ་ཆུང་ཐོག་ནས་ཡི་གེའི་བྱུང་བ་བཤད་པར་བྱེད། སྨར་ཆེན་ལས་དབུ་ཆེན་ནམ་གཟབ་ཏུ་བསྒྱུར། སྨར་ཆུང་འབྲུ་མར་ལ་བསྒྱུར། ཡིག་སྣ་འབྲུ་མ་ལས་བརྩམས་སོ་ཞེས་སོགས་དེང་དུས་འབྲུ་མ་དེ་ཁྱུང་ཡུལ་ཁམས་སུ་དར་ཁྱབ་ཤིན་ཏུ་ཆེ་བ་དངོས་པོའི་བདེན་དཔང་ཡིན།
༤ སྲོང་བཙན་གོང་དུ་ཡི་གེ་ཡོད་པའི་གཟུ་དཔང་དེ་བོན་གྱི་སྲིད་པའི་མཛོད་ཕུགས་ལྟ་བུས་བྱེད་བཞིན་ཡོད་པ་དང་། དེ་གཡུང་དྲུང་བོན་གྱི་བཀའ་འགྱུར་ཁོངས་སུ་འདུས་ཡོད། ས་གནས་གཙང་བྱེ་མ་གཡུང་དྲུང་ལྷ་རྩེ་ཞེས་འབྲོང་པ་རྫོང་དང་ཐག་ཉེ་ས་དེར་བསྒྱུར་བ་དང་། མཛོད་ཕུགས་སྒྱུར་བ་པོ་ནི་ཞང་ཞུང་མཁས་པ་སྟོང་རྒྱུང་མཐུ་ཆེན་དང་། བོད་མཁས་པ་ཤ་རི་དབུ་ཆེན་གཉིས་ཡིན་པ་དང་། སྒྱུར་བའི་ཚུལ་ནི་ཞང་ཞུང་སྨར་གྱི་སྐད་ལས་སྤུ་རྒྱལ་བོད་ཀྱི་སྐད་དུ་བསྒྱུར་བ་དང་ཞང་ཞུང་སྨར་གྱི་གཟུགས་ལས་སྤུ་རྒྱལ་བོད་ཀྱི་ཡི་གེའི་གཟུགས་སུ་བསྒྱུར་བར་གྲགས། དུས་ཚོད་ནི་བསྟན་རྩིས་ལས་གསལ་བ་ལྟར་ཡིན།
༥ སྲོང་བཙན་ཡར་སྔོན་ལ་ཡི་གེ་ཡོད་པ་དམ་པའི་ཆོས་ཀྱི་གཞུང་ལུགས་དུ་མར་བཞེད་དེ། བཙུན་པ་རིན་ཆེན་ཚུལ་ཁྲིམས་ཀྱིས་མཛད་པའི་རིག་གནས་ལྔ་ཡི་རྣམ་བཤད་མདོར་བསྡུས་བཞི་པ་ལས། བཅོམ་ལྡན་འདས་མྱ་ངན་ལས་འདས་པར་གྱུར་པ་ན། བཀའ་སྡུད་པ་པོ་དག་གིས་མདོ་སྡེ་ནི་སིནྡྷུའི་སྐད་ཀྱིས་བྲིས་སོ། ཞེས་པ་ནས་བོད་ཀྱི་ཡུལ་དུ་ཐེག་པ་གསུམ་བོད་སྐད་ཀྱིས་བྲིས་སོ། ཞེས་ཕལ་ཆེར་གནམ་གྱི་ཁྲི་བདུན་སྐབས་འཁེལ་བར་བཤད། སློབ་དཔོན་པདྨའི་ཞལ་ནས། རྒྱ་གར་ཆོས་རྣམས་བོད་དུ་བསྒྱུར་བའི་ཚེ། ཀ་ཁ་སུམ་ཅུ་བོད་ལ་དཔེ་རུ་བླངས། ཞེས་དང་། མ་ཎི་བཀའ་འབུམ་དུ། བོད་ཡིག་གིས་བྲིས་པའི་མདོ་སྡེ་ཟ་མ་ཏོག་དང་། སྤང་ཀོང་ཕྱག་བརྒྱ་མ། མ་ཎི་ཡིག་དྲུག་སོགས་གསུངས་ཡོད་པ་ལོ་ཚིགས་ལྷ་ཐོ་ཐོ་རི་གཉན་བཙན་སྐབས་སུ་འཁེལ་གྱི་ཡོད་པར་སྣང་།
༦ རིམ་བཞིན་དུས་རབས་བདུན་པ་དང་བརྒྱད་པར་ཡིག་མཁན་མང་དག་ཞིག་བྱུང་ནས་སྐད་གསར་བཅད་དང་ཡིག་གཟུགས་འཕེལ་རྒྱས་བཏང་ཞིང་རྒྱ་ཁྱབ་ཏུ་སོང་བར་གྲགས། ཁྱུང་ཡུལ་ཁམས་སུ་ཕྱིས་དུས་ཡོངས་ཁྱབ་ཏུ་གྲགས་པའི་ཁྱུང་པོ་གཡུ་ཁྲི་བྱུང་ནས་ཡིག་གཟུགས་ལ་འཆར་གཞི་གཅིག་གྱུར་མང་དུ་བཟོས་པར་སྣང་བ་དང་། དེ་རྗེས་དུས་རབས་༡༤ནང་ཁྱུང་ཡུལ་དུ་འཁྲུངས་པའི་སྤྲུལ་སྐུ་བློ་ལྡན་སྙིང་པོས་ཡིག་གཟུགས་འཕེལ་རྒྱས་བཏང་བ་དང་དཀར་རུའི་ཁམས་དང་སྟ་རེའི་ལུགས་སོགས་ཁོང་གི་མཛད་པ་མང་དུ་མཇལ་རྒྱུ་འདུག ད་ཆ་ཁྱུང་ཡུལ་ཁམས་སུ་བྲིས་ཀྱི་གཟུགས་མང་དུ་རྒྱུན་འཛིན་དང་དར་སྤེལ་གཏོང་བཞིན་ཡོད་པ་ལས་གཙོ་བོ་མགར་བའི་ཁམས་དང་། ག་གཟིའི་ཁམས། དགོངས་རྟོགས། སྒོ་ཧྲང་། སྟ་རེའི་ཁམས། དཀར་རུའི་ཁམས། མ་ནིའི་ཁམས་སོགས་ཡིན། དེ་དག་རྒྱུན་འཛིན་དང་ལྷན་དུ་རྨང་གཞིའི་རིག་པ་དག་སློབ་སའི་སྒེར་བཙུགས་ཀྱི་སློབ་གཉེར་ར་བ་ཆེ་ཆུང་མ་འདྲ་བ་འགའ་རེ་ཡིག་གཟུགས་ལ་མཁས་པ་དང་དགའ་བ་མང་པོས་འཛུགས་གཉེར་བགྱིས་དང་བགྱི་མུས་སུ་མཆིས། གཞུང་ནས་དངོས་མེད་རིག་གནས་ཤུལ་བཞག་ཁོངས་སུ་འཇོག་ཐབས་ཀྱི་འབད་བརྩོན་ཡང་བགྱི་དང་བགྱི་མུས་ཡིན་པ་བཅས་ཡིན། མ་འོངས་ཡག་ཐོག་ཡག་བརྩེགས་ཡོང་བར་འདིར་བཞུགས་མཁས་དབང་རྣམ་པའི་མདུན་ནས་བཀའ་སློབ་ལམ་སྟོན་ཇི་སྙེད་ཡོང་བའི་རེ་བ་སྙིང་ནས་ཞུ་བ་ཡིན།

བཀའ་དྲིན་ཆེ། བཀྲ་ཤིས་བདེ་ལེགས།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།