ཉག་རོང་དབལ་ཁྱུང་དགོན་པའི་བཀའ་འགྱུར་འདི་རིག་གསར་གྱི་སྐབས་ཉར་ཚགས་གང་འདྲ་མཛད་ཚུལ།

[ཟླ་ཚེས། 2022-04-09 12:35:12][རྩོམ་པ་པོ།  བྱ་བཏང་སྤྲུལ་སྐུ་ཤེས་རབ་བློ་གྲོས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

རྩོམ་པ་པོ། བྱ་བཏང་སྤྲུལ་སྐུ་ཤེས་རབ་བློ་གྲོས།

བསྐལ་སྟོང་སངས་རྒྱས་སྟོང་གི་གཙུག་ན་རྒྱལ། །
རྩོད་ལྡན་འགྲོ་འདུལ་དམུ་རིགས་གཤེན་ལྷའི་སྲས། ། 
བཀའ་ཡི་འཁོར་ལོ་རིམ་པ་གསུམ་གྱི་བོན། །
གང་དགོས་དེ་ལྟར་གསུང་པའི་གཤེན་རྒྱལ་ཞབས་ལ་འདུད། །
ཞེས་མཆོད་པར་བརྗོད་ནས།  བདག་ཅག་གི་སྟོན་པའི་བཀའ་འདི་ད་ལྟའི་བར་གནས་ཐུབ་པའི་སྐོར་བཤད་པ་ལ། དང་པོ་བཀའ་བསྡུ་བཅུ་གསུམ་གྱིས་རིམ་བཞིན་མདོ་འབུམ་རྒྱུད་མཛོད་བཞིར་ཕྱེས་ཏེ་བསྡུས།  དེ་ནས་སྟག་གཟིག་འོལ་མོ་ལུང་རིང་ལ་འཛམ་གླིང་མཁས་པའི་རྒྱན་དྲུག་ལྷ་ཀླུ་མི་ཡི་གཤེན་གསུམ་དང་ལི་ཤུ་སྟག་རིང་ལ་སོགས་ཕེབས་ནས་རྫུ་འཕྲུལ་ལྡན་པའི་སྐྱེས་ཆེན་ཚོས་རང་རང་ཡུལ་ལ་གདན་དྲངས་ཏེ་ཞང་སྐད་ལས་བོད་སྐད་དུ་བསྒྱུར་བའོ།།  དེ་ནས་བོད་ཁ་བའི་ལྗོངས་འདིར་གཡུང་དྲུང་བོན་གྱི་བསྟན་པ་སྤྱི་དང། ཁྱད་པར་དུ་རྒྱལ་བའི་བཀའ་རིན་པོ་ཆེ་འདི་དུས་ཀྱི་འཕོ་འགྱུར་གཉན་འཕྲང་ཆེན་པོ་གསུམ་གྱི་རིང་། གོད་ཆག་མ་ཤོར་ལྷག་ཐུབ་པ་ནི་དངོས་ཡོད་མི་དང་དངོས་མེད་དཀོན་མཆོག་རྣམ་གསུམ་གྱི་བླིན་རླབས་མ་སྲིང་མཁའ་འགྲོའི་ནུས་རྩལ་ཡིན་པ་ཤེས་ཐུབ། གོད་ཆག་དང་པོ་རྒྱལ་པོ་གྲི་གུམ་གྱི་སྐབས་དང་།  གཉིས་པ་མཁན་སློབ་ཆོས་གསུམ་དང་གསུམ་པ་རིག་གསར་གྱི་སྐབས་ཡིན་ནོ།།   དང་པོ་གཉིས་པ་བོན་གྱི་རྒྱལ་རབས་སྔ་ཕྱི་བར་གསུམ་དར་ནུབ་ཀྱི་སྐོར་མང་བས་དེར་གསལ། རིག་གསར་གྱི་གོང་འོག་སྟོད་སྨད་བར་གསུམ་ལ་བཀའ་འགྱུར་ལག་བྲིས་དང་ཟང་པར་ཤིང་པར་བཅས་མང་ན་ཡང་།  པོད་རེ་རེ་གཉིས་གཉིས་མ་གཏོགས་ཆ་ཚང་ཉར་ཚགས་བྱུང་བ་ཉག་རོང་དབལ་ཁྱུང་དགོན་ལས་མེད་པ་མངོན་གསུམ་ཚད་གྲུབ་ཡིན་ལུགས་མཁྱེན་གསལ་ལྟར་ལགས། ལར་དུས་ཀྱི་འཕོ་འགྱུར་སྐབས་ཐོག་མཐའ་བར་གསུམ་ལ་བཀའ་དྲིན་ཆེ་ཤོས་བོན་གཤེན་རིག་འཛིན་དག་གིས་སྟོན་པའི་བཀའ་བདག་པོ་མཛད་དེ་གྲི་གུམ་གྱི་སྐབས་མཁས་པ་མི་བཞི་དང་ཁོད་སྤུངས་དྲན་པ། ཁྲི་སྲོང་ཀྱི་སྐབས་དག་པོ་དྲན་པ་ཤ་རི་དབུ་ཆེན་དང་ལི་ཤུ་སྟག་རིང་སོགས་བོན་གཤེན་རིག་འཛིན་རྣམས་ཀྱིས་ཕར་སྦས་པ་དང་ཚུར་བཏོན་པ་བཅས་བོན་གྱི་རྒྱལ་རབས་དར་རྒྱས་གསལ་སྒྲོན་དང་།  གླིང་བཞི་བསྟན་པའི་འབྱུང་ཁུངས་ལེགས་བཤད་མཛོད། བསྒྲགས་བྱང་དང་བསྒྲགས་གླིང་སྲིད་པ་རྒྱུད་ཀྱི་ཁ་བྱང་།  བོན་གྱི་བསྟན་འབྱུང་ཕྱོགས་བསྡུས་ནས་གསལ་བས་འདིར་བསྐྱོར་ཟློས་བྱེད་པ་ངལ་བའི་རྒྱུའོ།།  
ད་ལན་འཆད་རྒྱུ་གཙོ་བོ་ཉག་རོང་དབལ་ཁྱུང་དགོན་པའི་བཀའ་འགྱུར་འདི་རིག་གསར་གྱི་སྐབས་ཉར་ཚགས་གང་འདྲ་མཛད་ཚུལ་ཞིག་ཞུ་འདོད་བྱུང་སོང་།  བཀའ་འགྱུར་འདི་ཡིས་སྐོར་སྔར་ཉིས་་སྟོང་བཅོ་ལྔ་གཡས་གཡོན་ལ་ཁོ་བོས་བྲིས་པའི་བཀའ་འགྱུར་སྐོར་གླེང་པ་ཞེས་པའི་རྩོམ་ཡིག་དེ་ཧི་མ་ལ་ཡའི་དྲ་ཐོག་ཏུ་ཡོད་ཀྱང་དེར་ཉག་རོང་བོན་གཤེན་དཔའ་བོ་རྣམས་ཀྱིས་བགྲང་བྱ་བཅུ་ཕྲག་གཉིས་རིང་དཀའ་སྡུག་ཇི་ལྟར་མཛད་ཚུལ་མ་གསལ་སྟབས།  ཡང་བསྐྱར་ཞུ་རྒྱུར། བཀའ་འདི་ཉག་གཏེར་གསང་སྔགས་གླིང་པ་ཡབ་ཡུམ་གཉིས་ལ་ཧོར་སྦྲ་ཆེན་ནས་ག་རྒྱ་དཀོན་མཆོག་རྒྱལ་མཚན་གྱིས་བོན་ཐ་ཚབ་ཤི་ཚང་གི་བཀའ་འགྱུར་དེ་འཕྲོག་སྟེ་ཕུལ་བའི་ལོ་རྒྱུས་གཞན་ལས་གསལ། ག་ཚབ་གཉིས་འཁྲུག་པའི་སྐོར་འདིར་བཤད་པ་དོན་ཆེར་མེད།
སྤྱིར་བོན་གྱི་བཀའ་འགྱུར་དེང་དུས་པོད་གཅིག་བརྒྱ་བདུན་བཅུ་དོན་བརྒྱད་ཀྱི་བདག་ཉིད་ཅན་ནི་བོན་གྱི་བཀའ་འགྱུར་ཕྱོགས་སྒྲིགས་ཐེངས་དང་པོ་མཛད་མཁན་ཀུན་གྲོལ་འཇའ་ཚོན་སྙིང་པོ་ཡིན་ལ་དེའི་གོང་མདོ་འབུམ་རྒྱུད་མཛོད་བཞིར་ཕྱེ་ཡང་དེ་བཞི་ཕྱོགས་བསྒྲིགས་བྱས་པ་མེད། ཀུན་གྲོལ་འཇའ་ཚོན་སྙིང་པོ་རྒྱལ་རོང་ཁྲོ་ཆེན་རྒྱལ་པོ་ཚེ་བསྟན་དཔལ་འབྱོར་མཆོག་གིས་ཀུན་སློང་ལྷག་བསམ་དུང་ལས་དཀར་བའི་རྗེས་འཛིན་ཀུན་དགའ་ནོར་བུས་མདོ་སྔགས་རྒྱུད་སྡེ་མ་ལུས་བཞེངས་པ་དང། ས་སྐྱོང་ཆེན་པོ་རབ་བརྟན་སློབ་དཔོན་རིན་པོ་ཆེས་ཐུགས་ཁུར་མཛད་དེ་རབ་བརྟན་རྒྱལ་པོ་ནམ་མཁའི་མཚན་ཅན་སོགས་ཀྱིས་གཡུང་དྲུང་བོན་གྱི་བསྟན་པའི་དར་ཆེན་ས་གསུམ་གཡོས་ཏེ་མདོ་འབུམ་རྒྱུད་མཛོད་བཀའ་རྣམས་ཕྱོགས་བསྒྲིགས་མཛད་པའོ།།
པོད་གྲངས་དྲུག་བརྒྱ་ལྷག་ཙམ་བཞེངས་ནས་དེ་དུས་བསྟན་པའི་སྦྱིན་བདག་ཆེན་པོ་རབ་བརྟན་རྒྱལ་པོ་དང་ཁྲོ་སྐྱབས་རྒྱལ་པོ་གཉིས་ཀྱིས་བཀའ་འགྱུར་ཕྱོགས་བསྒྲིགས་མཛད་མཁན་ཀུན་གྲོལ་གྲགས་པ་གདན་དྲངས་དཀར་ཆགས་དང་པོ་མཛད་པས་སོ།།  ཀུན་གྲོལ་ནས་བཀའ་མ་ཡིན་པའི་བཀའ་བརྟེན་འམ་ཡང་ན་བཀའ་གསར་སྤྲུལ་སྐུ་རྣམ་བཞིའི་གསུང་འབུམ་མང་རྐྱེན་དེ་རྗེས་རྒྱལ་རོང་རྒྱལ་པོ་ཚོས་མཁན་ཆེན་ཉི་མ་གདན་འདྲེན་ཞུས་ཏེ་བཀའ་ཟང་མ་མ་གཏོགས་གཞན་དག་བཞག་མེད་པས་དཀར་ཆགས་ཐེངས་གཉིས་པའོ།    
ད་ལྟའི་ཉག་གཏེར་གསང་སྔགས་གླིང་པའི་བཀའ་འགྱུར་པོད་གཅིག་བརྒྱ་བདུན་ཅུ་དོན་བརྒྱད་ཀྱི་དཀར་ཆགས་སུ་ལ་བསྐལ་བཟང་བསྟན་པའི་རྒྱལ་མཚན་གྱིས་མཛད་དོ།  མདོར་ན་རིག་གསར་སྐབས་ཉག་རོང་དབལ་ཁྱུང་དགོན་པའི་བཀའ་འགྱུར་འདི་མ་གཏོགས་སྟོད་སྨད་ཤར་གསུམ་ལ་པོད་རེ་གཉིས་ལས་ཆ་ཚང་མེད་དུས་འདི་ལྷག་ཐུབ་པའི་རྒྱུ་མཚན་གང་འདྲ་ཡིན་ནམ་སྙམ་པའི་དོགས་འདྲི་གནང་མཁན་སུ་མེད་སྟབས་ད་རེས་འདི་བཤད་པའི་བསྐལ་པ་བདག་ལ་བབས་ཡོད་མདོག་འདུག་པས་འཛམ་གླིང་ཕྱི་ནང་ཀུན་དང་ཁྱད་པར་དུ་བོད་མི་ས་ཡ་དྲུག་དང་།  ཡང་སྒོས་གཡུང་དྲུང་བོན་གྱི་སྐྱ་སེར་ཕོ་མོ་རྣམས་ལ་ངོ་སྤྲོད་གསལ་གདབ་ཞིག་ཞུས་ན།  ཕྱི་ལོག་གི་མི་རྣམས་ཀྱི་བསམ་ཚུལ་དང་བཤད་ཚུལ་ལ་ཉན་དུས་མཁའ་འགྲོ་རིན་པོ་ཆེ་མཁའ་སྤྱོད་དབང་མོའི་བདག་གཉེར་མཛད་ཡོད་ཆགས་ལས་གཞན་གསལ་ཁ་གང་ཡང་མེད།   དབལ་ཁྱུང་དགོན་གྱི་བོན་གཤེན་ཁྱིམ་འཛིན་པ་དག་གིས་ང་ཚོས་སྲོག་ལ་ཐུག་ཀྱང་བཀའ་འདི་ཡི་ཆེད་དུ་དཀའ་ལས་རྒྱབ་ན་རྒྱལ་ཁ་ཐུབ་མིན་ལུང་བསྟན་ཞུས་དུས་ཁོང་རིན་པོ་ཆེས་དཔའ་བོ་རྣམས་ལ་སེམས་གསོ་དང་མ་སྲིངམཁའ་འགྲོ་དང་བོན་སྐྱོང་བསྲུང་མ་ལ་དམ་བདར་མཛད་པའི་ལོ་རྒྱུས་འདུག་མ་གཏོགས། ཁོང་རིན་པོ་ཆེ་སྐབས་དེ་དུས་ཉག་གཏེར་གསང་གླིང་གིས་གསང་ཡུམ་མཁའ་འགྲོ་དབང་མོའི་ཡང་སྲིད་ཁྲི་འདོན་བྱས་པ་དང་བླ་ཆེན་མི་གྲགས་ཀྱི་སྲས་མོ་ཡིན་པས་མངའ་བདག་གི་གྲལ་རིམ་མཐོ་རྐྱེན་བཀའ་འགྱུར་བདག་པོ་བྱེད་རྒྱུ་ལྟ་ཅི་ཁོང་གི་རྒྱུ་ནོར་དཔལ་འབྱོར་ལྷ་སྐུ་བསྟན་བསྲུང་ཚང་མ་བདག་དབང་མེད་པ་དང་མི་ཆོག་པའི་གནས་སུ་གྱར་ཡོད། དེར་བརྟེན་ལྔ་བཅུ་ང་དགུ་ལོ་མདོ་སྨད་ནས་ཟིང་འཁྲུག་སློང་པས་དགོན་པའི་ཕྱི་ནང་ཚང་མ་གཏོར་རྒྱུའི་ལྟ་གོན་སྐབས་གསང་སྔགས་གླིང་པའི་དངོས་སློབ་གཡུང་དྲུང་རྒྱལ་མཚན་གྱི་ཞལ་བཀོད་ལྟར་རྟ་ནག་བོན་གཤེན།
བསོད་ནམས་དཔལ་ལྡན་ཨ་གྲང་བོན་གཤེན་བློ་རྒྱ་གཉིས་ཀྱིས་དབལ་ཁྱུང་དགོན་རྙིང་ལྷ་ཁང་ནང་ནས་མཚན་མོ་གཅིག་ལ་རྣམ་པ་གཉིས་ཀྱིས་བཀའ་རིན་པོ་ཆེ་ཕྱིར་གདན་དྲངས་ཏེ་ཉིན་ཤས་རིང་དུད་ཚང་ཞིག་ལ་བཅོལ། དེ་ནས་ས་ཆ་གཞན་ལ་སྤོ་རྒྱུའི་གྲ་སྒྲིག་མཛད་སྐབས་དབལ་ལོ་བོན་གཤེན་ཤེས་རབ་དབང་ལྡན་དང། འབུ་གང་བོན་གཤེན་ཀུན་བཟང་རྡོ་རྗེ་བཅས་ཁོང་རྣམ་པ་བཞི་ཡིས་བཀའ་འགྱུར་ཉར་ཚགས་བྱེད་པ་ལ་སྲོག་ལ་ཐུག་ཀྱང་ཕྱིར་ནུད་མི་བྱེད་པའི་དམ་བཅའ་བཀའ་འགྱུར་མདུན་ལས་བཞག་སྟེ་ཀུན་བཟང་རྡོ་རྗེས་སར་བོ་ལི་མགོ་ལ་པོད་སུམ་ཅུ་སྦས་ཡོད་དེ་འཕྲོ་དབལ་ལུང་ལ་ཟླ་ཤས་བཞག་ཡང་མང་བའི་རྐྱེན་གྱིས་ཉར་མ་ཕོད་དེ་གཞན་རི་མགོ་དང་བྲག་གཡས་དང་བྲག་འགོ་རྒྱབ་དང་ཤིང་ནག་གསེབ་བྲག་ཁུང་གང་ཡོད་སར་པོ་ཏི་བཅུ་ཕྲག་བྱས་ནས་གཏེར་སྦས་བཞག  དེ་རྗེས་ལོ་ཟླ་ཞག་གྲངས་མི་གསལ་ཡང་རྣམ་པ་བཞི་ཡི་ཁར་བླ་མ་གཡུང་དྲུང་དོན་འགྲུབ། ཉག་བླ་གཡུང་དྲུང་བསྟན་འཛིན་གྱི་ཚ་བོ་བསོད་ནམས་མགོན་པོ་དང་། རྟ་ནག་བོན་གཤེན་ཨ་རྡོ། གནས་དབྱེན་བོན་གཤེན་བསྐལ་བཟང་སྨོན་ལམ། ཚེ་འབུམ་བོན་གཤེན་ནོར་བུ་བསྟན་འཛིན། འབུ་གང་བོན་གཤེན་བསོད་ནམ་ཡེ་ཤེས། ནོར་རས་ཚང་རྒན་པོ་ཚུལ་ཁྲིམས་རྡོ་རྗེ་དང་བདུན་སྣོན་པས་སྔ་བར་ཕྱི་བར་གསུམ་དུ་བཀའ་འགྱུར་ཉར་ཚགས་གནང་མཁན་དྲོང་སྲོང་གཡུང་དྲུང་རྒྱལ་མཚན་གཙོས་རྣམ་པ་བཅུ་གཉིས་ཀྱིས་གཅིག་དགུ་བདུན་ཅུ་དོན་དྲུག་བར་རང་སྲོག་རྒྱབ་ལ་དོར་ཏེ་ལོ་ངོ་བཅོ་བརྒྱད་ཀྱི་རིང་དཀའ་སྡུག་བསམ་མཐའ་བྲལ་བའི་གནས་ཚུལ་སྨོས་ཅི་དགོས།  ད་དུང་མིང་མ་འཁོད་པའི་བཀའ་འགྱུར་རོགས་བཅོལ་མཁན་ཡོད་སྲིད་ཡང་མི་ཤེས་སྟབས་དགོངས་དག་ཞུ།   བླ་མ་གཡུང་དྲུང་དོན་འགྲུབ་ཟེར་མཁན་འདི་ཉག་མི་རྣམས་ཀྱི་ཤེས་མོད་ཕྱི་མིས་གསལ་པོ་མི་ཤེས་བས་ཁོང་ཕྱིས་སུ་དབལ་ཁྱུང་དགོན་པའི་བླ་མ་ཡིན་ལ་དེ་སྔོན་བཀའ་འགྱུར་ཉར་ཚགས་མཛད་མཁན་གཙོ་བོ་དང་ཤང་གི་ལས་བྱེད་པ་ཡང་ཡིན།    ཁོ་ཚོས་བཀའ་འགྱུར་དེ་ས་འོག་དང་བྲག་ཁུང་སོགས་ལ་སྦས་ཡོད་ཀྱང་དུས་ཚོད་ཛ་དྲག་པོ་དང་མི་ཕར་ཆེར་ཡིད་ཆེས་བཀའ་བས།  ཉར་ཚགས་མཁན་ཕན་ཚུན་ཡང་ནས་ཡང་དུ་མནའ་བགག་དམ་བཅའ་བྱེད་ཀྱི་ཡོད།  གཞན་གྱི་མི་ལ་དོགས་ཟོན་ཏེ་ལོ་དང་ཟླ་བ་མཛད་ནས་གང་བཤད་སྦས་གནས་སུ་ཕྱིན་ཏེ་བཙའ་རྫི་སྐོར་ལ་གནོད་སྐྱོན་མེ་ཆུ་ས་རླུང་གི་འཇིག་པ་སོགས་མང་བས་དཀའ་ལས་ཚད་མེད་མྱོང་བའི་ལོ་རྒྱུས་ཡོད་ན་ཡང་ཡིག་ཚོགས་མང་བས་མ་བྲིས་སོ།  བཀའ་འགྱུར་འདི་ཡི་དོན་མི་སྲོག་མང་པོ་ཤོར་བའི་སྔར་བཤད་སྲོལ་ཡོད་ཀྱང་དེ་རྫུན་ཚིག་ཁོ་ན་ལས་སྲོག་ཤོར་བའི་དོན་རྐྱེན་གང་ཡང་མི་འདུག  བདུན་ཅུ་དོན་དྲུག་ལོར་མི་དམངས་ཀུང་ཧྲི་འམ་མཉམ་ལས་གི་ལས་འགུལ་གྱི་སྐབས་ཞིག་ལ། བླ་མ་གཡུང་དྲུང་དོན་འགྲུབ་ཀྱིས་བཀོད་སྒྲིག་ལྟར་སྔར་གཏེར་སྦས་པ་ཚང་མ་ཚུར་བསྡུས་ཏེ་དབལ་ཁྱུང་དགོན་དུ་ཆ་ཚང་མིན་གཟིགས་ཞིབ་གནང་ཚེ་པོད་གཅིག་མ་གཏོགས་ཚང་ཡོད།  པོད་གཅིག་དེ་ཐར་མདོ་ཡིན་ལ་དེ་སྔར་གྲྭ་པ་གཞན་གྱིས་ཁུར་ཏེ་རྗེས་སུ་སྤྲད་འདུག  ཨ་ཁུ་གཡུང་དྲུང་རྒྱལ་མཚན་གཙོས་བཀའ་འགྱུར་ཉར་ཚགས་པ་རྣམ་པ་བཅུ་གཉིས་ཀྱིས་ན་སོས་ཤི་སློང་གི་དགའ་དགའ་སྤྲོ་སྤྲོ་མཛད་འདུག དེར་ཟླ་ཤས་མ་གཏོགས་སྲིད་ཇུས་ཚ་མོ་ཡོད་པས་ཉར་མ་ཕོད་ནས་དབལ་ལུང་སར་བོན་གཤེན་ཤེས་རབ་དབང་ལྡན་ཉེ་བའི་སར་ཤིང་སྒམ་ཆེན་པོ་ཁ་ཤས་བཟོས་ཏེ་ཡང་བསྐྱར་སྦས་འདུག འདི་དུས་མའོ་ཀྲུའུ་ཞི་སྐུ་གཤེགས་པ་དང་རྒྱལ་ཡོངས་མི་དམངས་ལ་དཀའ་སྡུག་རྩོད་འཛིང་ཆེ་སྟབས་དམངས་ཁྲོད་ལ་ཡང་དེ་ལྟར་མི་སེམས་གདོན་ཤུགས་ཀྱི་རྣོ་ངར་དབལ་ཚ་བས་བླ་མ་ག་གེ་མོ་ཞིག་གིས་བཀའ་འགྱུར་དེར་སྦས་ཚུལ་ཧ་གོ་བས་སྲིད་གཞུང་ལ་ཡར་ཞུ་ཐེངས་མང་བྱས་རྐྱེན་སྲིད་གཞུང་ནས་རྩད་གཅོད་གྲ་སྒྲིག་སྟ་གོན་སྐབས་ལ་ཤང་གི་འགོ་ཁྲིད་མཐོ་ཤོས་གཡུང་དྲུང་ཚེ་རིང་ཟེར་མཁན་དཔལ་ལྡན་ཡེ་ཤེས་དགོན་པའི་ལྷ་སྡེའི་ཁོངས་གཏོགས་ཞིག་སྟེ་ཁོང་དད་འདུན་ལྷག་བསམ་ཡོད་པའི་སྐྱེས་ཆེན་ཞིིག་ཡིན་པ་སྨོས་མེད་ལ་ཁོང་གིས་བླ་མ་གཡུང་དྲུང་དོན་འགྲུབ་ལ་ལྐོག་ཆ་གཏང་ནས་ཁོང་སར་མགྱོག་པོར་ཤོག་ཟེར་བ་ལྟར་བླ་མ་ཁོང་གཉིས་ཐུན་མིན་གྱི་གྲོགས་པོ་ཡིན་པ་དང་བླ་མ་དེ་དུས་ཤང་གི་རྩིས་པ་དང་ལས་བྱེད་དྲག་གྲལ་ཡིན་ལ་བླ་མ་ཡང་བློ་ཁོག་དང་ཤེས་རིག་ཡོད་པས་ཁོང་རྣམ་གཉིས་ཐུགས་གྲོས་མཛད་དེ་བླ་མས་ཤང་ཀྲང་གཡུང་དྲུང་ཚེ་རིང་ལ་ཡར་ཞུ་བྱས་ཏེ་ཤང་གི་འགོ་ཁྲིད་མང་པོས་ཧ་གོ་བས་ངོས་ལེན་ཞུ་ནས་ཁོ་ཚོས་ཉེས་པ་ཚབས་ཆེན་བསགས་འདུག་ཟེར་ནས་བཀའ་འགྱུར་མེ་ལ་བསྲེག་དགོས་ཞེས་པའི་གཡུང་དྲུང་ཚེ་རིང་གིས་བརྡ་ཐོ་ཐོངས་ཤོག་ང་ཚོས་བཀའ་འགྱུར་མིན་པའི་དཔེ་ཆ་མང་པོ་གྲ་སྒྲིག་བྱེད་དེ་མེ་ལ་བསྲེག་ཡོང་ཞུས་པས་དོན་སྨིན་བྱུང་།  བླ་མས་གོང་གི་བཀའ་འགྱུར་ཉར་ཚགས་མཁན་དཔའ་བོ་ཚོ་ལ་གྲོས་བསྡུར་མཛད་སྐབས་ཁོང་ཚོས་བཤད་པ་རྒྱལ་བའི་བཀའ་འདི་ལོ་ངོ་བཅོ་བརྒྱད་རིང་ལ་ལུས་སྲོག་འབེན་དུ་བཙུག་པ་ཡིན་ལ།  ད་དུང་ཡང་ང་ཚོ་ཤི་ཐེངས་ག་ཚོད་དགོས་ན་བྱེད་ཟེར་བའི་གྲོས་མཐུན་པ་མ་ཟད་བཀའ་འགྱུར་འདི་ཉར་ཚགས་སྔར་ལས་ཟབ་རུ་མི་གཏང་རེ་བཤད་པས་དམ་བཅའ་བཞག་ཡོད་ལ་དཔེ་ཆ་རྙིང་པ་བསྡུ་རུག་མཛད་སྐབས་གོང་གི་ཚེ་འབུམ་ཚང་ནོར་བུ་བསྟན་འཛིན་མཆོག་གིས་གསུང་པ་ང་ཚོ་འབུམ་ཁམས་ཆེན་ཆ་མ་ཚང་བ་པོད་སུམ་ཅུ་ཡན་མན་ཡོད་དེ་ཚོ་མེ་ལ་བསྲེག་དུས་གོ་ཆོད་ན་བཀའ་འགྱུར་འདི་ཡི་ཆེད་དུ་གཏོང་གསུང་པ་དང་གཞན་ཡང་གསང་སྔགས་ཀྱི་ཆོ་ག་སྒྲུབ་སྐོར་མདོ་འབུམ་གཟུངས་གསུམ་མང་པོ་བསྡུ་རུག་པོད་བཞི་བཅུ་གཡས་གཡོན་གྲ་སྒྲིག་མཛད་དེ་བླ་མ་གཡུང་དྲུང་དོན་འགྲུབ་རིན་པོ་ཆེས་ཆུས་ཀྲང་གཡུང་དྲུང་ཚེ་རིང་ལ་ཞུ་བ་དེ་འདྲ་བྱས་པས་ལེགས་པའི་གཏམ་བཟང་ཐོས་ཏེ་འགོ་ཁྲིད་དང་མང་ཚོགས་ལ་ཁྱབ་བསྒྲགས་བྱས་འདུག་ཉག་རོང་དབལ་ཁྱུང་དགོན་པའི་བཀའ་འགྱུར་དེ་མི་ངན་ཁ་ཤས་གིས་ཉར་བསྡད་པ་སྲིད་ཇུས་དང་མ་མཐུན་པས་དེ་རིང་ཚང་མ་ཤོག་ལྟོས་ཤིག་ཟེར་ནས་དཔེ་ཆ་ཚང་མ་མེ་ལ་བསྲེག་འདུག སྐབས་དེ་དུས་འགོ་ཁྲིད་བཟང་པོ་གཡུང་དྲུང་ཚེ་རིང་དང་བླ་མ་ནི་བུ་ཐབས་ཡོད་མཁན་ཐབས་དང་ཐུགས་རྗེ་བློ་ཁོག་ཆེ་བ་དེ་ལྟ་བུ་ཞིག་མེད་ན་དཔའ་བོ་བཅུ་གཉིས་པོས་ལོ་ངོ་བཅོ་བརྒྱད་རིང་སྡུག་དཀའ་ལས་རྒྱབ་ཚད་སྟོང་ཟད་འགྲོ་རྒྱུ་ཐག་ཆོད་འདུག་ཞུ། དེར་བརྟེན་དུས་དེ་ནས་བཟུང་ཆོས་དད་རང་མོས་ཟེར་བ་མ་ཚེས་བར་ཁོང་རྣམ་པ་བདེ་བདེ་ལྷོད་ལྷོད་ཀྱི་འཚོ་བ་རོལ་ཐུབ་པ་བྱུང་བཞག  གྲོགས་པོ་རྣམ་པ་ཚོར་དྲི་བ་ཞིག་ལ།  ཉག་རོང་དབལ་ཁྱུང་དགོན་པའི་བླ་མ་བོན་གཤེན་རྣམས་ཀྱིས་དེ་འདྲའི་སྡུག་དཀའ་ལས་རྒྱག་ཐུབ་པ་དེ།  གང་འདྲ་ཞིག་ཡིན་ནམ།  རྒྱལ་ཕྱི་ནང་ཀུན་ལ་ཡོད་པའི་ཁྲི་མཐོ་པོའི་སྟེང་ལ་འགྱིང་བའི་བླ་སྤྲུལ་དགེ་བཤེས་མཁན་པོ་དང་གྲྭ་པ་མཁན་མོ་བཙུན་མ་མཁའ་འགྲོ་གྲུབ་ཆེན་དང་གྲུབ་ཆུང་སེར་སྐྱ་ཕོ་མོ་ཚང་མས་བསམ་བློ་ནན་པོ་ཞིག་ཐོངས་དང་། འདི་ཁོང་ཚོས་བོད་ཁ་བའི་ལྗོངས་ལ་འདི་མ་གཏོགས་མ་ལྷག་པ་གོ་བ་རེད་དམ།  དེ་མ་རེད་ཡང་ན་འདི་ད་ལྟ་ཉར་ཚགས་ཐུབ་ན་མ་འོང་པ་ཁོ་ཚོས་པར་སྐྲུན་རིམ་པ་མང་པོ་བྱེད་དེ་ཚོང་ལས་ཁེ་སྤོགས་ཀྱིས་སྒོར་མོ་བསྡུ་རྒྱུའི་ཆེད་ཡིན་ནམ། དེ་ཡང་རྩ་བ་ཉིད་ནས་མ་རེད་ མིན་ན་རྗེས་མ་ང་ཚོ་མགོ་རྣ་ཅོག་ཐོབ་གོ་གནས་འཛམ་བུ་གླིང་ལ་ཁྱབ་བསྒྲགས་བྱེད་རྒྱུའི་དམིགས་ཡུལ་ཡིན་ནམ། དེ་བས་ཀྱང་མ་རེད་ཡང་ན་ཚེ་འདི་དང་ཕྱི་མ་བར་དོ་ལ་དགེ་བ་དང་རང་ཉིད་མཐོ་རིས་དང་ཐར་པ་ཐོབ་པའི་ཆེད་རེད་དམ་དེ་ཁོ་ན་མ་རེད། ད་ཁོང་ཚོས་བློ་ཐག་ཆོད་པ་གང་རེད་ཟེར་ན། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་སེམས་ཅན་གྱི་བདེ་སྐྱིད་ལ་བསམ་པ་མ་ཟད་བཀའ་འགྱུར་འདི་ཉག་གཏེར་གསང་སྔགས་གླིང་པ་ཡབ་ཡུམ་གཉིས་ཀྱི་སྐུ་ཤ་སྐུ་ཁྲག་དང་ཁྱད་མེད་བསམ་སྟེ་ལུས་སྲོག་ལྟོས་མེད་བྱས་པ་རེད་སྙམ།  མདོར་ན་མེས་པོ་དེ་དག་གི་བྱས་རྗེས་དང་བཀའ་དྲིན་ནི་སྤྱི་སྒེར་ཚང་མ་དང་ཁྱད་པར་དུ་གཡུང་དྲུང་བོན་གྱི་གྲུབ་མཐའ་ལ་སྟོན་པ་གཤེན་རབ་ཟེར་བའི་སྐད་གྲགས་ཅན་དེ་ལོ་རྒྱུས་དངོས་གཙོ་སྨྲ་བ་ལ་བཤད་དགོས་ན་ཚང་མ་རྫུན་ཚིག་མ་གཏོགས་བདེན་པ་ཅི་ཡང་མེད་པ་གྱུར་འདུག  མེས་པོ་ཚོའི་འདི་ལྟ་བུས་དཀའ་ལས་རྒྱབ་པ་དང་རྒྱབ་ན་ཡང་འབྲས་བུ་བཟང་པོ་འདི་འདྲ་སྨིན་ཚུལ་ཕྱི་ལོག་མི་ཡིས་མི་ཤེས་བ་ཁག་མེད། ཉག་ཁོག་གི་མི་རྣམས་ཀྱིས་འདི་མི་ཤེས་པ་གང་ཡིན་ནམ།  མྱི་སྐྱ་ཕོ་མོ་དག་སྐྱེས་སྟོབས་ཀྱི་ཤེས་རབ་དང་སྦྱོངས་སྟོབས་ཀྱི་ཡོན་ཏན་ཞན་དུས་དེ་ཡང་ཁག་མེད།  བླ་སྤྲུལ་མཁན་པོ་དགེ་བཤེས་བཙུན་པ་དང་བཙུན་མ་རྣམས་ཅི་རེད་ལེ་ཡིན་ནམ་ཡང་ན་དེ་སྐབས་སྐྱེས་ཆེན་མང་པོ་ཞིག་བཞུགས་ཡོད་རེད། ཁྱུང་པོ་བདུད་འདུལ། ཁྱུང་པོ་རི་ཁོད། སུ་ལ་གཡུང་དྲུང་དབང་རྒྱལ།  སྤྲུལ་སྐུ་ཨ་གཡུང། ཀུན་གྲོལ་ལྷ་སྲས།  མཁའ་སྤྱོད་དབང་མོ་སོགས་ཁོང་རྣམ་པས་མེས་པོ་འདི་དག་ལ་དཔའ་དར་དང་བྱ་དགའ་གཞན་ལ་ངོ་སྤྲོད་མི་མཛད་པ་གང་ཡིན་ནམ།  དངོས་གནས་བྱས་ན་མེས་པོ་དྲིན་ཆེན་ཚོའི་ལོ་རྒྱུས་ཡིག་ཚགས་རྒྱ་བོད་ཤན་སྦྱར་དང་བཀའ་འགྱུར་དཀར་ཆགས་ནང་ལ་བཞག་དགོས་ངེས་རེད་སྙམ།  དེ་སྔར་བླ་མ་དག་གིས་བཀའ་འགྱུར་པར་སྐྲུན་རིམ་པ་མང་པོ་བྱས་ཡོད་ལ་དེ་དུས་མི་དམངས་ལག་ནས་ཞལ་འདེབས་སྒོར་མོ་སྤྲད་མཁན་སྦྱིན་བདག་ཚོའི་མིང་རུས་ཚང་མ་བཀའ་འགྱུར་པོད་རེ་རེའི་མཇུག་ལ་བྲིས་འདུག  སྒོར་མོ་བརྒྱ་སྟོང་ཁྲི་ལ་ཉེ་བ་ཕུལ་མཁན་ཚོ་བཀའ་ནང་ལ་བཀོད་དགོས་ན་མེས་པོ་འདི་དག་གིས་མིང་རུས་བཀའ་འགྱུར་ནང་དང་དཀར་ཆགས་ནང་ལ་དེ་བས་ཀྱང་གི་འཁོད་དགོས་ངེས་རེད་སྙམ།  མདོ་ཚུར་བསྡུས་ན་བཀའ་འགྱུར་འདི་ལྟ་བུ་ཞིག་མེད་ན་བོན་པོ་ཚང་ཕ་མེད་བུ་དང་འགོ་དཔོན་མེད་པའི་འོག་སྡེ་སློབ་དཔོན་མེད་པའི་སློབ་བུ། དགེ་རྒན་མེད་པའི་དགེ་ཕྲུག་ནང་བཞིན་ཡོང་རྒྱུ་གོར་མ་ཆག  དེ་སྔར་གྲི་གུམ་དང་ཁྲི་སྲོང་སྐབས་བོན་མང་པོ་ཕར་སྦས་པ་དང་ཚུར་སྟོན་མཁན་ལ་གཏེར་སྟོན་ཞེས་བཏགས་འདུག  བོན་གཤེན་རིག་འཛིན་ཚོ་ལ་གཏེར་སྟོན་ལོས་ཟེར།  ཨ་ཙ་ར་མི་གསུམ་གསེར་རྐུ་མ་རྒྱག་མཁན་གཏེར་སྟོན་གཙོ་བོ་དང་པོ་ཡིན་པ་དང་།  གཞན་བན་དྷེ་མི་གསུམ་མར་པ་སོགས་ཁྱི་ར་བ་གསུམ་དེ་ཚོ་གཏེར་སྟོན་གི་གྲལ་ཡིན་ན་དབལ་ཁྱུང་དགོན་པའི་བོན་གཤེན་རྣམས་གཏེར་སྟོན་གྱི་གྲལ་མི་བཞག་པ་གང་རེད། གཏེར་སྟོན་གྱི་གྲལ་ཚུད་རྒྱུ་ཕར་ཞོག   མིང་ཙམ་ཡང་མེད་པ་ཐབས་སྐྱོ་པོ་ག་ཚོད་རེད་སྙམ།  གཞན་གྱི་མི་རིགས་གཞན་གྱི་གྲུབ་མཐའ་གཞན་གྱི་རྒྱལ་ཁབ་ཞིག་ཡིན་ན་མེས་པོ་ཚོ་ལ་ཐོབ་ཐང་དང་བྱ་དགའ་སྐུ་གསོན་པོ་ཡོད་ན་ཐུགས་རྗེ་ལེགས་འབུལ་ག་ཚོད་བྱེད་ཀྱི་རེད།  ཞིང་གཞན་ལ་གཤེགས་ཚེ་ཚོགས་བསགས་དང་མཆོད་འབུལ་ཅི་འདྲ་མཛད་ཀྱི་རེད།  འདང་ཞིག་རྒྱོབས་དང་གྲོགས་པོ་ཚོ།  གནས་སྐབས་ཞུ་རྒྱུ་དེ་ཙམ་ཡིན།  དེ་སྔར་བླ་མ་དང་ཚོང་ལས་པ་དག་གིས་པར་སྐྲུན་གྱི་རིམ་པ་གོང་འཕེལ་གནང་བར་མཁོ་འདོན་བསྐྲུན་པ་བསྟན་འགྲོ་ལ་ཕན་ཆེ་ན་ཡང་གོང་བཤད་ཀྱི་གནས་ཚུལ་དེ་དང་མི་འདྲ་བ་གནམ་ས་ལྟ་བུ་གྱུར་བ་དངོས་པོའི་གནས་ལུགས་རེད་སྙམ། པར་སྐྲུན་མཛད་མཁན་ཚོ་དཔེར་ན་ཕྱེད་ཀ་ལྷག་བསམ་ཡིན་སྲིད་ཡང་ཕྱེད་ཀ་ཀུན་དགའ་དོན་འགྲུབ་སྟེ་སྒོར་མོའི་ཆེད་ཡིན་པ་མངོན་སུམ་ཚད་གྲུབ་རེད།  དེར་བརྟེན་སླར་མ་འོངས་པ་ལ་མེས་པོ་རྣམ་པས་འོ་བརྒྱལ་དེ་འདྲ་ཞིག་གནང་གདའ་དུས་ཤོག་ཐོག་པར་སྐྲུན་འདི་དག་གནས་སྐབས་ཙམ་ལས་ཡུན་རིང་མི་སྡོད་པ་དཔེར་ན་སྔར་ཀུན་གྲོལ་ལྷ་སྲས་ཀྱིས་བཀའ་འགྱུར་པར་སྐྲུན་བྱེད་སྐབས་བདག་གི་མཐུན་རྐྱེན་རོགས་རམ་ཆེར་བྱས་པས་དེ་དུས་བཟོ་གྲའི་པར་དཔོན་གྱིས་བཤད་ན་འཕྲུལ་པར་ཤོག་ཐོག་རྒྱབ་པ་ཀུན་ལོ་བརྒྱ་ལས་མི་སྡོད་པ་འཕྲུལ་པར་ག་ཚོད་སྤུས་ཀ་ཅན་ཡིན་ན་ཡོད་མ་རེད་ཟེར། ཁོས་འཕྲུལ་པར་ཡི་གེ་འདི་ལོ་བདུན་ཅུ་ལ་འགན་ལེན་ཐུབ་ཟེར་བས། དེ་ལྟར་ན་ད་ང་ཚོ་ཤོག་ཐོག་འཕྲུལ་པར་དཔེ་ཆ་འདི་མང་སྐྱོན་མ་གཏོགས་ཉུང་སྐྱོན་མེད་པས་གད་སྙིགས་མང་པོ་སྤེལ་བ་ལས་བོན་མཉམ་འབྲེལ་ཐོག་ནས་མིག་རྒྱང་རིང་པོ་བསྟན་འགྲོ་གཉིས་ཀྱི་དོན་དུ་དངོས་གནས་འདི་ལ་ཐུགས་བསམ་བཞེས་མཁན་ཞིག་ཡོད་ན་རྒྱལ་བའི་བཀའ་རིན་པོ་འདི་ཤིང་པར་དང་ཟང་པར་གང་རུང་བརྐོ་ཐུབ་ན་གཤེན་རབ་ཀྱི་བསྟན་པའི་མཛེས་རྒྱན་དུ་གྱུར་བ་གདོན་མི་ཟའོ།།      
   ད་ལན་བདག་གིས་ཉག་རོང་དབལ་ཁྱུང་དགོན་པའི་བཀའ་འགྱུར་ཉར་ཚགས་མཛད་ལུགས་སྐོར་རག་རིམ་ཙམ་བཤད་པ་འདི་རྒྱ་ཆེའི་མང་ཚོགས་རྣམས་ལ་གསལ་གདབ་ཀྱི་ཚུལ་ལགས་ན་འགལ་འཁྲུལ་ཡོད་ན་དཀོན་མཆོག་གནས་བཞི་དང་བླ་མ་ཡི་དམ་བོན་སྐྱོངས་ཚོགས་ལ་མཐོལ། རྣམ་དཀར་དགེ་ཚོགས་མཆིས་ན་འགྲོ་ཀུན་ཡོངས་དང་བཀའ་འགྱུར་ཉར་ཚགས་མཁན་གོང་ཞུས་ཀྱི་མེས་པོ་རྣམས་ལ་མཆོད་པ་དང་འཁོར་གསུམ་དམིགས་མེད་ལ་ཟླའི་རྒྱས་གདབ་པའོ།།      
ཅེས་བོད་ལྕགས་བྱི་ལོའི་བོད་ཟླ་ལྔ་པའི་ཚེས་བཅུ་དགུ་ཉིན་ལྷ་ལྡན་ཉི་མའི་གྲོང་ནས་བྱ་བཏང་སྤྲུལ་མིང་པ་ཤེས་རབ་བློ་གྲོས་ནས་བྲིས། དགེའོ།། བཀྲ་ཤིས་སོ།།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།