མཚམས་ཆེན་དྲི་མེད་གཙུག་ཕུད།

[ཟླ་ཚེས། 2014-02-16 22:44:44][རྩོམ་པ་པོ། དགེ་བཤེས་བསྟན་འཛིན་འབྲུག་གྲགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

                                                                  མཚམས་ཆེན་དྲི་མེད་གཙུག་ཕུད་ཀྱི་ངོ་སྤྲོད་མདོར་བསྡུས།
       དྲི་མེད་གཙུག་ཕུད་ནི་བོད་ལྗོངས་ནག་ཆུ་ས་ཁུལ། འབྲི་རུ་རྫོང་། གཡོན་ཤོག་ཤང་། བུར་འཛོམས་གྲོང་ཚོའི་ནང་། ཡབ་རབ་སོ་བཀྲ་ཤིས་དར་རྒྱས་དང་། ཡུམ་སེ་བཟའ་བུ་མོ་གཉིས་ལ་སྲས་ལྕམ་དྲལ་ལྔ་འཁྲུངས་པའི་གསུམ་པ་དེ་ཡིན། ཁོང་བོད་ཤིང་ལུག་སྤྱི་ལོ་༡༩༥༥ལོར་སྐུ་འཁྲུངས། དགུང་ལོ་བཞིའི་ཐོག་མ་ཡུམ་འདས་གྲོངས་སུ་ཕྱིན་པས། སྲུ་མོ་བཙུན་མ་དཔལ་སྒྲོན་གྱིས་བཙའ་རྫི་གནང་ཞིང་ཁོང་འཁྲུངས་དུས་སྲུ་མོ་དེའི་རྨི་ལམ་ལ་ཁྱིམ་ནང་དར་དཀར་པོས་ཁེངས་པ་ཞིག་རྨིས་པས་ཁོང་གི་མཚན་ལ་དར་བུ་ཞེས་གསོལ། དེ་ནས་ལོ་མང་རིང་བྱིས་པ་རྣམ་གཡེང་དང་ལེ་ལོའི་དབང་དུ་གྱུར། ༡༩༦༩ལོར་ཤང་བཙུགས་སློབ་གྲྭར་སོང་ནས་བོད་ཡིག་ཀ་ཁ་གཙོས་འབྲི་ཀློག་གི་སློབ་སྦྱོང་འགོ་བརྩམས། ལོ་དེའི་ལོ་སྨད་ལ་གྱེན་ལོག་དང་མཉམ་འབྲེལ་ཟེར་བའི་ཤོག་ཁ་གཉིས་ཟིང་ཆའི་རྐྱེན་གྱིས་སློབ་གྲྭར་བསྐྱོད་རྒྱུར་བར་ཆད་བྱུང་། དེ་ནས་མི་དམངས་ཀུང་ཧྲི་མ་ཚུགས་བར་རང་བཞིན་གྱི་རྣམ་གཡེང་དང་ལེ་ལོའི་དབང་དུ་སོང་། ༡༩༧༤ལོར་མི་དམངས་ཀུང་ཧྲི་བཙུགས་དུས། འབྲི་རུ་རྫོང་། སེན་ཚ་ཆུས་ལ་རྩིས་པའི་སློབ་གྲྭ་བཙུགས་པས། དེར་ལོ་གཅིག་རིང་རྩིས་པའི་སློབ་སྦྱོང་བྱས་པས། དེ་ནས་རུ་ཁག་གི་རྩིས་པ་བསྐོས་པས། དེ་ནས་ལོ་རེ་བཞིན་རུ་ཁག་གི་ལོ་འཁོར་རྩིས་ཁྲ་བྱུང་སོང་ལྷག་བསྡད་སྐོར་སློབ་སྦྱོང་དང་དེའི་ཞོར་བོད་ཡིག་འབྲི་ཀློག་གི་སྦྱོང་བརྩོན་མུ་མཐུད་བྱས། དེ་རྗེས་དམིགས་བསལ་བུར་འཛོམས་ཀུང་ཧྲིའི་རུ་ཁག་བདུན་གྱི་རྩིས་པ་དང་ཀྲུའུ་རིན་གཞོན་པ། གུང་གཞོན་སྡེ་ཚོགས་བཅས་ཀྱི་ལས་འགན་བསྐོ་བཞག་བྱས་པས། འགན་འཁྲིའི་ལམ་ལུགས་མ་བསྒྱུར་བར་དུ་རང་འཁྲིའི་ལས་འགན་ཁུར་དུ་བཞེས། འགན་འཁྲིའི་ལམ་ལུགས་སྤྲད་ལོ་ནས་བཟུང་བུར་འཛོམས་ཀུང་ཧྲིའི་ཏང་ཀྲི་པུའུ་ཧྲུ་ཅི་གཞོན་པ་དང་། ཀུང་ཧྲིའི་ཀྲུའུ་རིན་རྒན་པའི་འགན་ཁུར། དེ་ནས་ཡབ་རྒན་དང་ཉེ་འབྲེལ་རྣམས་ཀྱིས་ངེས་པར་དུ་འཇིག་རྟེན་གཉེན་སྒྲིག་བྱེད་དེ་ཁྱིམ་ཐབས་འཛིན་དགོས་པའི་ཁ་ད་བསླབ་བྱ་དང་འབོད་བསྐུལ་ནན་པོ་བྱས་ཀྱང་། དེ་ནི་ཁོང་གིས་མོས་མཐུན་དེ་ཙམ་མེད་སྟབས་ཁས་ལེན་རྩ་བ་ནས་བྱས་མེད། རྒྱུ་མཚན་ནི་ཁོང་ཆུང་སྐྱེས་ནས་ད་བར་མི་ལུས་ཆུད་ཟོས་ལྟ་བུ་སོང་ལ་དོན་མེད་ཀྱི་མི་ཚེ་ཟད། འཁོར་བ་སྤངས་ནས་རབ་ཏུ་བྱུང་བ་ཞིག་བྱུང་ན་སྙམ་པའི་འདུན་པ་མང་དུ་བྱུང་རུང་སྐབས་དེར་གོ་སྐབས་དང་བྱ་ཐབས་བྲལ། 
      དེ་ནས་ཁོང་དགུང་ལོ་སོ་གསུམ་ཐོག་རྒྱལ་ཁབ་ཀྱི་སྲིད་ཇུས་ཆུས་གཏོར་ཤང་བཙུགས་སྐབས། སྔར་བུར་འཛོམས་ཀུང་ཧྲི་དང་། བ་ཐང་ཀུང་ཧྲི། སེན་ཚ་ཀུང་ཧྲི། ཀྲོན་རྫོང་ཀུང་ཧྲི་བཞི་ཟླ་སྒྲིལ་བཏང་ནས་གཡོན་ཤོག་ཤང་བཟོས་པས། ཤང་དེའི་ཤང་ཀྲང་རྒན་པ་འདེམས་ཐོན་བྱུང་སྐབས། ཁོང་གིས་དེ་སྔོན་རང་གི་ཤེས་ཡོན་དང་འཇོན་ཐང་གང་ཡོད་སྲིད་གཞུང་དང་མི་དམངས་ལ་ཞབས་ཞུ་བསྒྲུབ་པ་ཡིན། ད་ལན་ཤང་ཀྲང་འདེམས་ཐོན་བྱུང་བ་དེ། སྤྱིར་སྲིད་གཞུང་དང་མི་དམངས་ཀྱིས་ཕྲན་ལ་ཡིད་ཆེས་དང་རྒྱབ་སྐྱོར་གནང་བ་ལ་བཀའ་དྲིན་ཆེ་ཡང་། ད་ལན་རང་ངོས་ནས་ཤང་ཀྲང་གི་ལས་འགན་དེ་དགོངས་ཞུ་བྱ་རྒྱུའི་སེམས་ཐག་བཅད་པ་ཡིན། ཤང་ཀྲང་དགོངས་ཞུ་དགོས་དོན་ནི། གཅིག་ནི་ཆུང་ནས་ད་བར་དལ་འབྱོར་གྱི་མི་ལུས་རྩ་ཆེན་འདི་ཞེས་དོན་ཡོད་བསྟན་རྒྱུ་མེད་པ་དང་། གཉིས་ནི་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལ་ཞེན་པ་ལོག་ཅིང་འཇིག་རྟེན་གྱི་བྱ་བ་ལ་སྐྱོ་ཤས་སྐྱེས། གསུམ་ནི་སྐབས་དེར་བོན་གྱི་བླ་མ་ཉམས་རྟོགས་རྒྱུད་ལ་འཁྲུངས་ཤིང་མཚན་སྙན་རླུང་ལྟར་ཁྱབ་པའི་ཀོང་ཡུལ་དབུས་ཕུག་གི་མཚམས་པ་ནོར་སྐྱབས་རིན་པོ་ཆེ་དང་། ཧོར་སེ་ཆེན་སྦྲ་ཆེན་རྫོང་གི་རག་ཤི་རྟོགས་ལྡན་དྲི་མེད་གཡུང་དྲུང་རྣམ་གཉིས་ཀྱི་མཚན་ཙམ་ཐོས་པས་ལུས་བ་སྤུ་གཟེངས། མིག་མཆི་མ་འཁྲུགས་པས་རང་བཞིན་གྱི་དད་པ་ཚད་མེད་ཞིག་སྐྱེས་ལ། སྐབས་དེར་ནག་ཆུ་ཁར་སྐམ་ཞིག་སྐལ་བཟང་ཉི་མ་རིན་པོ་ཆེ་ལ་ཕྲན་རང་དགེ་སྦྱོར་གཤའ་མ་ཞིག་བསྒྲུབ་བསམ་པས། རྩ་བའི་བླ་མ་ནོར་སྐྱབས་དང་རག་ཤི་རྟོགས་ལྡན་རྣམ་གཉིས་སུ་བསྟེན་རྒྱུར་སྲུང་རྟགས་མོ་ལུང་ཞུས་པས་རག་ཤི་རྟོགས་ལྡན་ལ་ལྷ་བླའི་ལུང་རྟགས་བབས་པར་བརྟེན། ཁོང་དགུང་ལོ་སོ་གསུམ་ཐོག་ངེས་འབྱུང་དྲག་པོའི་རྐྱེན་བསྐུལ་ཏེ་འཁོར་བ་དང་རང་ཡུལ་གཉེན་ཉེ་འབྲེལ། རྒྱུ་ནོར་ལོངས་སྤྱོད་སོགས་སྙིང་པོ་གང་ཡང་མེད་པ་འཇིག་རྟེན་སྒྱུ་མའི་གཟུགས་བརྙན་དུ་མཐོང་སྟེ་གཏན་གྱི་འདུན་མ་དལ་འབྱོར་དོན་ཡོད་དང་དགེ་བ་ལས་ཞིག་བརྩོན་རྒྱུར་སེམས་ཐག་བཅད་དེ་ཕ་ཡུལ་ནས་ཁ་བྲལ་ཏེ། ཁོང་དང་གྲོགས་མཆེད་ཚུལ་ཁྲིམས་བློ་གྲོས། གྲྭ་འཁྲུལ་མེད་རང་གྲོལ། ཚུལ་ཁྲིམས་དར་རྒྱས་རྣམས་ཐོག་མར་དཔལ་གཤེན་བསྟན་ཀླུ་ཕུག་དགོན་ལ་བསླབ་པ་གསུམ་གྱིས་སྐུས་བཙུན་པའི་ངེས་པ་དོན་གྱི་རྣལ་འབྱོར་རག་ཤི་རྟོགས་ལྡན་དྲི་མེད་གཡུང་དྲུང་གི་གསེར་ཞལ་མཇལ། དེ་ནས་ཁོང་རྣམས་རག་ཤི་རྟོགས་ལྡན་གྱི་མདུན་ནས། ཨ་ཁྲིད་བཀའ་ལུང་རྒྱ་མཚོའི་ཁྲིད་ལུང་ཞུས་ནས་སྔོན་འགྲོ་འབུམ་དགུ་བསགས་སྦྱོང་དང་། འཕོ་ཁྲིད་སོགས་ཞུས། དེ་ནས་གོང་གི་ཕ་ཡུལ་གྱི་གྲོགས་མཆེད་རྣམས་རང་ཡུལ་ལ་ཕྱིར་ལོག་བྱས་སྐབས་ཁོང་ཕ་ཡུལ་ལ་ཕྱིར་ལོག་དགོས་ཚུལ་རེ་བ་ནན་པོ་བྱས་ཀྱང་། དེ་ནས་ང་དགེ་སྦྱོར་ཡང་དག་ཞིག་བསྒྲུབ་བསམ་པས་ཕ་ཡུལ་ཟང་ཟིང་གི་འདུ་ར་ལ་ང་མི་འགྲོ་གསུངས། དེ་ནས་༡༩༨༩ལོ་ནས་བཟུང་། རག་ཤི་རྟོགས་ལྡན་མདུན་ནས་རབ་བྱུང་བསྒྲུབ་པས་མཚན་ལ་དྲི་མེད་གཙུག་ཕུད་ཅེས་གསོལ། དེའི་ལོར་རྩ་རླུང་འཕྲུལ་འཁོར་ཆ་ཚང་སྦྱངས་པ་བྱས། དེ་རྗེས་ཀུན་གསལ་སྙིང་པོའི་མདུན་ནས་ཧྰུྃ་སྦྱོང་ཞེ་དགུ་གཅིག་སྦྱོང་། དེ་ནས་རིགས་དྲུག་རང་སྦྱོང་དང་འཁོར་འདས་རུ་ཤན་སྦྱངས་པ་བྱས། ༡༩༩༠ལོར་འཁོར་བུ་ཆུང་གི་ནད་ཡམས་རྐྱེན་གྱིས་ཞ་གྲུམ་གྱི་ན་ཚ་ཕོག་ནས་ལོ་ཕྱེད་ལྷག་རིང་ཉམས་ལེན་ལ་བར་ཆད་བྱུང་། དེ་ནས་དེའི་ལོ་སྨད་ཙམ་ན་རྩ་བླ་རྟོགས་ལྡན་རིན་པོ་ཆེ་ལ་འདིར་མི་སྣ་འབྲེལ་གཏུགས་མང་བ་དང་ཟང་ཟིང་ཆེ་བར་བརྟེན། ཁོང་དབེན་གནས་མདའ་རྒྱང་རི་ཁྲོད་ལ་མཚམས་བསྙེན་བསྒྲུབ་འགྲོ་རྒྱུར་བཀའ་འདྲི་ཞུས་པས་རྩ་བའི་བླ་མས་བཀའི་གནང་བ་ཐོབ།

 

                                                      

              བྲག་རི་འདི་མཚམས་ཆེན་རིན་པོ་ཆེ་མཚམས་བཞུགས་སའི་མདའ་རྒྱང་བྲག་རི།

                                      ཕྲན་དང་རོང་ཤར་མཚམས་པ། མདའ་རྒྱང་མཚམས་པ་རྣམ་གཉིས། ལུང་བཟང་ལྷ་རི་ཤེལ་བྲག་གི་མཚམས་པ་རྣམས།

        དེ་ནས་༡༩༩༡ལོ་ནས་བཟུང་ཐོག་མར་མདའ་རྒྱང་རི་ཁྲོད་ལ་ལོ་གཅིག་རིང་ཁྱུང་དམར་བསྙེན་བསྒྲུབ་ཀྱི་མཚམས་བཞུགས། དེ་ནས་༡༩༩༢ལོར་ལྷ་བླའི་ལུང་བརྟག་ལ་བརྟེན་ནས་མདའ་རྒྱང་ཚོང་དཔོན་བྲག་དེའུ་རྩ་རུ་འཇིག་རྟེན་གྱི་རྣམ་གཡེང་དང་འདུ་འཛིའི་ཟང་ཟིང་ཀུན་སྤངས་ཏེ་རི་དྭགས་རྨས་མ་བཞིན་དུ་གཅིག་པུར་བྲག་རུས་སྒལ་གཏད་ཀྱི་ཉམས་ལེན་རིགས་དྲུག་རང་སྦྱོང་འཁོར་འདས་རུ་ཤན་དང་འོད་གསལ་བདུན་སྐོར་བཅས་ཀྱི་མཚམས་སྒོ་བསྡམས། ༡༩༩༣ལོར་ངག་བཅད་གསེར་གྱི་ཐ་རམ་གྱི་ཁྲིད་ལུང་ཞུས་ནས་མདའ་རྒྱང་རི་ཁྲོད་གོང་གི་བྲག་རྩ་དུང་དཀར་རང་བྱོན་སྒྲུབ་ཕུག་ཏུ་དབྱར་དུས་བཅུད་ལེན་གྱི་གདམས་པ་གཙོ་བོར་འཛིན། དགུན་དུས་སུ་ཁྲིག་ཆོད་ཀྱི་ཉམས་ལེན་གཙོ་བོར་བྱས་ལ། སྟོན་དཔྱིད་གཉིས་ལ་ངག་བཅད་ཀྱི་མཚམས་སྒོ་བསྡམས་ལ། སྐབས་རེ་སྐྱོ་བསང་དུས་རྫོགས་པ་ཆེན་པོའི་གཞུང་ལུགས་ཉམས་ལེན་གྱི་སྐོར་ལ་ཐོས་བསམ་སྦྱོང་བརྩོན་གནང་ཞིང་། ཁྱད་པར་དུ་ཀུན་མཁྱེན་ཤར་རྫ་པའི་དབྱིངས་རིག་མཛོད་དེ་དྲི་མེད་རྣམ་དག་རིན་པོ་ཆེ་ལ་ཁྲིད་ལུང་ཞུས་ནས་ལོ་ངོ་བཅུ་གསུམ་རིང་མཚམས་བཞུགས་རྒྱུའི་ཁས་ལེན་དང་འབྲེལ་བཅད་རྒྱར་བཞུགས། དེ་ལྟར་ལོ་མང་རིང་བཅུད་ལེན་གྱི་གདམས་པ་ནི་ཀུན་མཁྱེན་ཤར་རྫ་པས་མཛད་པའི་སྐུ་གསུམ་བཅུད་ལེན་ལས་ཟྭ་ཚོད་ཀྱི་བཅུད་ལེན་གདམས་པ་བརྟེན་ཏེ་ཉིན་རེའི་ཚ་དྲོ་དུས་གསུམ་གྱི་ལྟོ་དུས་ལ། གཞི་ཟྭ་ཚོད་ལ་རྩམ་པ་ཐུར་མ་གང་ཙམ་བླུག་ནས་ལྟོ་དུས་རེར་དཀར་ཆུང་གང་ཙམ་གྱི་འཚོ་བ་བརྟེན་གནང་གི་ཡོད།
         མདོར་ན་མཚམས་ཆེན་དྲི་མེད་གཙུག་ཕུད་རིན་པོ་ཆེ། ༡༩༨༨ལོ་ནས་བཟུང་༢༠༡༤ལོ་བར་ལོ་ངོ་ཉི་ཤུ་རྩ་དྲུག་ལྷག་རིང་བསླབ་པ་གསུམ་གྱི་ནོར་བུའི་མཛོད་འཛིན་ཏེ། ལུང་ལས། སངས་རྒྱས་བསྟན་པ་ཚུལ་ཁྲིམས་ཡིན། ཚུལ་ཁྲིམས་མེད་ན་བསྟན་པ་མེད། ཅེས་གསུངས་པ་ལྟར། གཞི་ཚུལ་ཁྲིམས་རྣམ་པར་དག་པའི་སྐུས་བཙུན་ཞིང་། ལམ་ཉིན་མཚན་ལྟོས་མེད་ཏིང་འཛིན་ཟབ་མོའི་རྟ་ལ་ཆིབས་ཤིང་། འབྲས་བུ་མཐར་ཐུག་བླ་མེད་རྫོགས་པ་ཆེན་པོའི་ཉམས་ལེན་གྱི་ཤེས་རབ་ལ་སྐུ་ཚེའི་མཐའ་བཅོལ་བ་དེ་ནི། རྒྱལ་གཤེན་མི་ལུས་བསམ་ལེགས་ཀྱི་ཞལ་ནས། རྟགས་དང་མཚན་མ་ཀུན་གྱི་མཐོང་སར་བཞག ང་ཕྱིར་འབྲེང་ན་ང་བཞིན་འོང་བར་ངེས། ཞེས་གསུངས་པ་ལྟར། ངེས་པ་དོན་གྱི་རྣལ་འབྱོར་ཁོང་ནི་བློ་ཕུགས་བླ་མེད་རྫོགས་པ་ཆེན་པོ་གཏད་ཅིང་། ཚེ་གཅིག་ལུས་གཅིག་འཇའ་ལུས་འོད་སྐུར་དེངས་པའི་དམ་བཅའ་ཐུགས་དབུས་སུ་འཛིན་ནས། ཉིན་མཚན་ལྟོས་མེད་དགེ་སྦྱོར་ཆུ་བོའི་རྒྱུན་བཞིན་སྤྱོད་ཅིང་། མི་ཚེ་ཧྲིལ་པོར་སྒལ་རུས་བྲག་གཏད་ཀྱི་ཉམས་སུ་ལེན་པ་འདི་ནི། ཚིག་གི་བསྟོད་ཡུལ་དང་། འུད་བསྟོད་ཙམ་མ་ཡིན་པར་མིང་དོན་མཚུངས་པའི་དགེ་སྦྱོར་གཤའ་མ་བསྒྲུབ་མཁན་ཁོང་ནི། ཡུལ་མཆོག་གནས་བཞིའི་བསྟོད་པ་ལྟར། ཉིན་སྐར་ལྟ་བུ་དང་། ཨུད་འབར་ལྟ་བུ། གཞའ་ཚོན་ལྟ་བུ། ནོར་བུ་ལྟ་བུ་སོགས་དཀོན་བཞིའི་ཕྱག་ལས་བཤད་པ་ལྟར་གྱི་དོན་དེ་སྐྱེས་བུ་ཁོང་ལ་ལྡན་འདུག་ལ་རང་ཅག་སྙིགས་མ་ལྔ་བདོའི་རྟགས་མཚན་བདོག་པའི་སྐྱེ་བོ་ཀུན་དལ་འབྱོར་ཆུད་ཟོས་སུ་མ་གཏོང་བར་སྐྱེས་བུ་དམ་པ་ཁོང་ལྟ་བུ་ལ་ཁ་མིག་ཡར་བལྟ་གནང་རྒྱུ་དེ་གལ་ཆེན་ཞིག་ཏུ་འདུག་སྙམ། གུས་རང་འདི་ལོར་བོན་གྱི་ཚིག་མཛོད་ཆེན་མོ་རྩོམ་སྒྲིག་གི་ལས་ཀའི་ནང་དགོན་སྡེ་དང་རི་ཁྲོད་སོགས་ཀྱི་ཐ་སྙད་ཞིབ་འཇུག་དང་ལོ་རྒྱུས་འབྲི་སྐབས་དམིགས་བསལ་མདའ་རྒྱང་རི་ཁྲོད་ཀྱི་ལོ་རྒྱུས་ཞིབ་འཇུག་སྐབས། འདིར་འབྱོར་ནས་རྟགས་དང་རྟེན་འབྲེལ་ལེགས་པ་ཞིག་ལ། དུས་རྒྱུན་མཚམས་ཆེན་རིན་པོ་ཆེ་ལོ་རེའི་ནང་ཉིན་ཁ་ཤས་མ་གཏོགས་མཚམས་སྒོ་བསྡམས་ནས་མཇལ་ཁ་མེད་ལ། ད་ལན་ཁོང་མཚམས་སྒོ་ཉིན་གསུམ་གྲོལ་བ་དང་། གུས་རང་འདིར་འབྱོར་བ་དང་རྟེན་འབྲེལ་རང་སྒྲིག་བྱུང་སྟབས། ཕྲན་གྱིས་དམིགས་བསལ་དུས་ཚོད་ལ་རིན་པོ་ཆེ་འཁྲུངས་ནས་ད་བར་ཉམས་ལེན་གྱི་མི་ཚེ་སྐྱེལ་སྟངས་སྐོར་བཅར་འདྲི་ཞུས་ནས་ཁོང་གིས་ཇི་ལྟར་གསུངས་པ་བཞིན་ཁོ་བོས་ཟིན་བྲིས་སུ་བཏབས་པའོ། །
 

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།