སངས་རྒྱས་ཞུ་ཆེན།

[ཟླ་ཚེས། 2026-06-23 09:21:58][རྩོམ་པ་པོ། སྟོང་སྲས་ལྷ་བུ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

སངས་རྒྱས་ཞུ་ཆེན་གྱི་རྣམ་པར་ཐར་བ་མཁས་པ་དགྱེས་པའི་མཆོད་སྤྲིན་བཞུགས།
 
   ལྷག་པའི་ལྷ་དང་དབྱེར་མེད་པའི་དྲིན་ཆེན་རྩ་བའི་བླ་མ་མཆོག་ལ་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆི།
     གདུང་རྒྱུད་ཆེ་དྲུག་སྟེ་གཤེན་ཁྱུང་བྲུ་ཞུ་སྤ་རྨེའུ་ཡི་ནང་ཚན་དབང་ལྡན་ཞུ་ཚང་གི་གདུང་རབས་ལས་བྱོན་པའི་སྐྱེས་བུ་ཁྱད་པར་ཅན་ཞུ་ཆེན་ཡེ་ཤེས་རིན་ཆེན་ནམ་ཡོངས་གྲགས་སུ་སངས་རྒྱས་ཞུ་ཆེན་མཆོག་གི་རྣམ་པར་ཐར་བ་ནི་འབྱམས་ཡས་ནམ་མཁའི་ཁྱོན་ལས་ཀྱང་དཔགས་པས་བདག་གིས་བཤད་པར་མི་འོས་མོད། རིགས་ལྡན་རྒྱལ་བ་རྣམས་ཀྱི་མཛད་པའི་འཕྲིན་ལས་ལ་མོས་པ་ཤུགས་དྲག་གིས་རྐྱེན་བསླངས་ནས་གང་གི་རྣམ་པར་ཐར་བའི་ཆ་ཤས་ཙམ་མཐོང་ཚོད་དང་སྦྱར་ནས་ཞུས་ན་ལེགས་པར་སྙམ་པས་གནང་བ་སྩོལ་ཅིག་ཀྱེ།
   དང་པོ་གདུང་རབས་ཁུངས་བཙུན་གྱི་ལུགས་ནི་ལོ་རྒྱུས་སྤྱི་རྒྱུགས་ལྟར་མང་སྙ་ཨུ་བེར་གྱི་སྤྲུལ་པ་གྲི་གུམ་བཙན་པོས། མཁས་པ་མི་བཞིའི་སྐུ་ཚེ་སྨད་ལ། གཡུང་དྲུང་གི་བོན་བསྣུབས་ཤིང་། སྲིད་པའི་རྒྱལ་མོ་ཐུགས་འཁྲོས། ཀླུ་སྲས་སྐྱེས་ན་ལས་ལ་སྦྱར་ནས་བཀའ་ཆད་ཕབ་སྟེ། གྲི་གུམ་བཙན་པོ་གནམ་གྱི་འཇུ་ཐག་བཅད་ནས། ལོ་ངམ་རྟ་རྫིས་བསད་ཅིང་དུར་ཟངས་རྒྱ་མ་ཁ་སྦྱོར་གྱི་ནང་དུ་བཅུགས་པ་དང་། ཉང་ཆུ་སྔོན་མོ་ལ་བསྐུར། ཡར་གཙང་ལ་འདྲེས། རྐོང་ཡུལ་གྱི་ཀླུ་ལྕམ་ཁོད་དེ་རིང་མོ་ཡི་གཡོག་མོའི་ལག་ཏུ་བབས་པས། སྲས་སྤུ་ལྡེས་མོ་རྩིས་མངོན་ཤེས་མཁན་རྣམས་ལ་བརྟགས་བཅུགས་ཤིང་དེར་ཡོད་པར་ཤེས་པས། སྤུར་ལ་ཀླུ་ལྕམ་གྱིས་མཆོད་གནས་བྱེད་ཅིང་འདུག་པ་བླུས་ནས། སའི་རྟེན་འབྲེལ་བྱས་ཤིང་། ཡར་ལུང་ངང་པ་ཐད་དུ་ལོན་ནས། སྲས་སྤུ་ལྡེ་གུང་རྒྱལ་གྱིས་ཟ་འོག་གི་ཐུག་སྦྲ་ཆེན་མོ་ཕུབ། བོན་གཤེན་མང་པོ་གདན་དྲངས་ནས། འདུར་དང་འདྲེན་ཆོག་རྒྱ་ཆེན་པོ་བྱས་ཏེ། ནང་གི་འདྲེན་ཆོག་ཛོ་དང་ཐིས་འཕེན་གྱི་མཛོད། ཕྱིའི་འདུར་གསས་ཀྱི་བོན་པོ་ལྕགས་ཀྱི་བྱ་རུ་ཅན་གྱིས། སྐལ་པ་སྲིད་པ་གཤོག་པ་གསུམ་གྱི་གྱེར་ལ་མཁས་པའི་འདུར་བྱས་ཏེ་རྒྱལ་པོས་གོང་དུ་བཀུར་རོ། །ཁོང་ནི་སྲིད་པའི་གཏོ་རབས་མ་ལུས་ཐུགས་ལ་རྫོགས། འདུར་ཕུགས་སུམ་བརྒྱ་དྲུག་ཅུ་ས་ལེ་མཁྱེན། གཏོ་དཔྱད་བོན་སྒོ་དུ་མས་འགྲོ་བ་མ་ལུས་འདྲེན། མ་འཁྲུལ་གཞུང་བཞིན་སྤྱོད་པའི་གཤེན་པོ་ཡིན། ཞེས་བྱ་བའི་གཤེན་པོ་དེ་དབང་ལྡན་ཞུ་ཚང་གི་གདུང་རབས་ཐོག་མའི་གྲས་ཀྱི་རྐང་འཛིན་གཤེན་པོ་ཡིན། རིམ་བཞིན་ཤབ་བ་མོ་ཆེའམ་ཞུ་བ་མོ་ཆེ་རུ་གཞིས་ཆགས་པས་ཞུ་ཚང་དུ་གྲགས། དེ་མིན་གདུང་རྒྱུད་ཤག་དང་ལྡོང་ཡིན་པའི་བཤད་ཚོད་ཀྱང་ཡོད། ད་ལྟའི་བར་དུ་བརྒྱུད་པའི་ཟམ་མ་ཆད་པར་གནས་ཡོད་པས་དེ་ནི་གདུང་རབས་ཁུངས་བཙུན་ལུགས་སོ། །
   གཉིས་པ་ལྗོངས་འདིར་སྐུ་སྐྱེ་བ་བཞེས་པའི་མཛད་ཚུལ་ཡང་སངས་རྒྱས་ཞུ་ཆེན་གྱི་ཡབ་ཡུམ་སྐོར་ཅུང་རེ་མི་མཐུན་པ་བྱུང་སྟེ། ཇོ་ཐོག་གི་སྲས་(མཁས་གྲུབ་ལུང་རྟོགས་རྒྱ་མཚོ།)ཡིན་ཚུལ་དང་ཞུ་སྒྲོལ་བ་གཤེན་རྒྱལ་གྱི་སྲས་(རྒྱལ་ཚབ་ཀུན་བཟང་བློ་གྲོས།)། ཞུ་ཇོ་འབར་གྱི་སྲས་(རྒྱལ་སྲས་ཡེ་ཤེས་བློ་གྲོས།)ཡིན་པའི་བཤད་སྲོལ་སོགས་འགའ་བྱུང་ཡོད།  དུས་རིམ་གྱི་འགག་འཕྲང་མང་དག་ཅིག་གི་གསེང་ནས་སྔོན་བྱོན་གོང་མ་རྣམས་ཀྱིས་ཀྱང་གཟིགས་ཕྱོགས་ཀྱི་ཆ་རྐྱེན་དང་སྐབས་བསྟུན་གྱི་རྒྱབ་ལྗོངས་རེ་མ་རྙེད་པས་ཞལ་མཐུན་ཡིན་པའི་ལོ་རྒྱུས་རེ་འབྲི་བ་ལ་ཐུགས་ངལ་ཆེན་པོ་བྱུང་ཡོད་སྟབས་མི་མཐུན་པ་འབྱུང་སྲིད། དོན་དུ་ཡབ་ཞུ་ཇོ་འབར་(༡༠༩༦-༡༡༥༨)དང་ཡུམ་མེ་བཟའ་ཉག་མོ་འཚིང་གཉིས་ཀྱི་སྲས་སུ་ཆུ་མོ་ཡོས་ལོའི་(༡༡༢༣)སྟག་ཟླའི་ཚེས་པ་བཅོ་ལྔའི་ནམ་ལངས་ལ་འཁྲུངས་ཚུལ་རྒྱས་པ་ཞུ་རྒྱལ་སྲས་ཡེ་ཤེས་བློ་གྲོས་ཀྱིས་མཛད་པའི་དབང་ལྡན་ཞུའི་གདུང་རབས་ནོར་བུ་ཕྲེང་བ་བཞུགས་སྷོ་ཞེས་པ་ལས་གསུངས་པས་བདག་བློ་རབ་ཏུ་འཐད་དོ། །སྐབས་འདིར་འཁྲུངས་འདས་ལོ་ཚིགས་དང་ཡབ་ཡུམ་སོགས་ཀྱི་སྐོར་ནས་འདོད་སྟངས་སྣ་ཚོགས་པ་དེ་དག་ཞིབ་ཞུ་དགོས་ཀྱང་ཡིག་ཚོགས་མང་བར་དོགས་ནས་དེ་ཙམ་ལས་འབྲི་སྙིང་མ་འདོད། ཞིབ་རྒྱས་གཞན་ནས་བྲིས་ཡོད་པས་དེར་གཟིགས་འཚལ། འཁྲུང་དུས་ཀྱང་ཡབ་ཡུམ་གཉིས་བསྟང་དབྱལ་ལ་ཞུགས་དུས་ཀྱི་ནུབ་མོར་ཡབ་ཀྱིས་ཀ་པ་ལ་བདུད་རྩིས་གང་ནས་གསོལ་བར་རྨིས་པ་དང་ཡུམ་གྱིས་ཀྱི་སྒྲོན་མེ་ལྷུམས་སུ་ཞུགས་པ་རྨིས། ཟླ་བ་བདུན་ལོན་ནས་ཇོ་ཐོག་བྲག་ནག་པའི་མདུན་དུ་དབང་ཞུས་ཤིང་དེ་ནུབ་ཡབ་ཀྱིས་དར་འཕྱར་བར་རྨིས་པ་དང་ཡུམ་གྱིས་ཉི་མ་ཤར་བར་རྨིས་པ་ཡང་བླ་མར་ཞུས་པས་བླ་མས་ཁྱེད་གཉིས་ལ་སྲས་འགྲོ་དོན་ནུས་པ་ཞིག་འཁྲུང་རྒྱུའི་ལུང་བསྟན་པ་བཞིན་དུ་འཁྲུངས། ཆུང་ནས་དད་བརྩོན་ཤེས་རབ་ལྡན་ཞིང་བྲིས་ཀློག་སྐྱ་རིས་མ་བསླབ་པར་མཁྱེན་པ་གཅིག་བྱུང་ཞེས་རྒྱལ་སྲས་ཡེ་བློས་གསུངས།
   གསུམ་པ་ཤེས་རབ་རྩལ་གྱི་གཤོག་པ་ཐོགས་ཚུལ་ཡང་དགུང་ལོ་བརྒྱད་དེ་སྤྱི་ལོ༡༡༣༠ལོར་བླ་མ་ཡར་མེ་བ་ཤེས་རབ་འོད་ཟེར་(༡༠༥༨-༡༡༣༢)གྱིས་མཁན་པོ་མཛད་ཅིང་གཤེན་སྟོན་ནམ་མཁས་སློབ་དཔོན་གནང་ནས་གཙང་གཙུག་གི་ཁྲིམས་བཞེས་ཞེས་མཁས་དབང་དཔལ་ལྡན་ཚུལ་ཁྲིམས་ཀྱིས་བཞེད། རྒྱལ་སྲས་ཡེ་ཤེས་བློ་གྲོས་ཀྱིས་དགུང་ལོ་བཅུ་བདུན་གསུངས་ཀྱང་ཡར་མེ་བའི་འཁྲུངས་འདས་དང་བསྟུན་ཚེ་ཞུ་ཆེན་དགུང་ལོ་བཅུ་བདུན་མ་ལོན་གོང་ཡར་མེ་བ་འདས། དེས་ན་གོང་གི་དགུང་ལོ་བརྒྱད་ཀྱི་ཐོག་ཏུ་གཙང་གཙུག་བཞེས་པ་དོན་གནད་དུ་སོང་། ཁོང་གི་མཚན་གྱི་རྣམ་གྲངས་ལའང་བྱིས་པའི་དུས་ཁྲོ་རྒྱལ་འབར། རབ་ཏུ་བྱུང་དུས་ཡེ་ཤེས་རིན་ཆེན། བཙུན་ཆུང་དུས་སུ་ཞུ་བཙུན་དོན་ལྡན། གདན་སའི་དུས་སུ་སངས་རྒྱས་ཞུ་ཆེན། ལ་ལར་ཞུ་མོ་ཆེ། འགའ་དུས་རྩང་ཉང་རོའི་དགེ་བཤེས་ཞུ་མོ་ཆེ་སོགས་ཡོད། ལོ་རྒྱུས་ཡོངས་གྲགས་ལྟར་ན་ཞུ་ཁྱུང་འབྲེལ་སྔ་བའི་དུས་ཚིགས་ཁོང་གི་སྐབས་སུ་བྱུང་ཞིང་འབྲེལ་བ་བྱུང་མཁན་ཡང་ཁྱུང་དབུས་ཤེས་རབ་རྒྱལ་མཚན་དང་ཁོང་རྣམ་གཉིས་ཡིན། གདུང་རབས་ལས་བཤད་པ་ལྟར་ན། དགུང་ལོ་བཅུ་དང་བཅུ་གཅིག་བར་དུ་བླ་མ་སྒྲོལ་བ་གཤེན་རྒྱལ་མདུན་ནས་ཐུགས་སྦྱོང་གནང་ཞིང་འགྲོ་བའི་ལམ་བར་དུ་ཁྱུང་དབུས་རིན་པོ་ཆེ་དང་མཇལ་ཞིང་ཁྱུང་དབུས་རིན་པོ་ཆེས་ནམ་བཟའ་གདན་དུ་བཏིང་སྟེ་བཞུགས་སུ་བཅོལ། ང་ལ་དུས་ཚོད་ཀྱི་ཁ་མཁོས་བྱུང་ན་རྩ་བའི་བླ་མ་བུ་ཆུང་ཁྱེད་ལ་བྱེད་གསུངས་ནས་ཆབ་གཏོར་རྩིས་འགོ་བདུན་པའི་ལུང་ཞུས་ཚུལ་འཁོད་ཡོད། རྩ་བའི་བླ་མ་བུ་ཆུང་ཁྱེད་ལ་བྱེད་ཅེས་པ་འདིས་ཀྱང་དེ་དུས་ཞུ་ཆེན་དགུང་ལོ་ཆུང་ཆུང་ཡིན་པའང་མཚོན་ཐུབ། ཁྱུང་དབུས་རིན་པོ་ཆེ་དང་ཞུ་སྒྲོལ་བ་གཉིས་ཐུག་འཕྲད་སྔ་ཡང་རྟེན་འབྲེལ་གྱི་ཞལ་འཛོལ་བས་ཞུ་ཁྱུང་བར་གྱི་འབྲེལ་ལམ་སྔ་བ་འདི་ནས་ཚུགས། རིམ་པ་ལྟར་ཡབ་མེས་གཉིས་ཀྱི་མདུན་ནས་སྔགས་སེམས་ཀྱི་བོན་སྐོར་ཞུས་ཤིང་ཡར་མེ་བའི་དྲུང་ནས་གཤེན་ཇོ་སྲས་དང་ཟུག་འབུམ་གྲགས་གཉིས་ཀྱི་ཐུགས་སྦྱོང་དང་ལྷན་དུ་འདུལ་བ་གསང་ལུང་སུམ་བརྒྱ་པ་མདོར་བསྡུས་ལ་སོགས་གསན། སྒྲོལ་བ་གཤེན་རྒྱལ་གྱི་མདུན་ནས་མཛོད་དང་གབ་པ་སོགས་ཉུང་ཙམ་ལས་མང་པོ་ཞུ་བའི་སྐལ་པ་ཆེར་བྱུང་མེད་པ་ནི་ཞུ་ཆེན་དགུང་ལོ་བཅུའི་སྟེང་སྒྲོལ་བ(༡༠༧༠-༡༡༣༢)དགོངས་པ་རྫོགས་སོང་བ་ཡིན་པས་དེ་དུས་དགུང་ལོ་དགུ་ལས་ཟོན་མེད། འདི་དག་གི་ཞིབ་ཕྲ་ཡན་ལག་བདུན་པའི་དོན་འགྲེལ་བཞིན་དུ་ཤེས་པར་བྱ་གསུངས་པས་དེ་ཉིད་མ་མཐོང་། དགུང་ལོ་ཉི་ཤུ་སྟེ་སྤྱི་ལོ༡༡༤༣ལོར་གཅུང་པོ་འབྲིང་བ་ཤེས་རབ་འབུམ་ཞུ་ཆེན་ལས་རབ་ཏུ་བྱུང་བ་དང་གཅུང་པོ་ལྷུན་གྲུབ་འབར་བཅས་སྐུ་མཆེད་གསུམ་བཞུགས་པ་ལ། དབོན་པོ་སྟོན་རྒྱལ་གྱི་བྱེད་ལས་ལ་བརྟེན་ནས། རྩང་ཉང་རོའི་དགེ་བཤེས་ཞུ་མོ་ཆེ། ཉང་རོའི་ས་ཆར་མ་ཤོང་ནས། རྒྱལ་ཁམས་གཞན་དུ་འཁྱམས་དགོས་བྱུང་། ཞེས་པས་བཞུགས་སུ་མ་བཅུགས་པར་ཡུལ་གྱར་གནང་དགོས་བྱུང་བ་དང་རྩང་གི་ས་ཆ། ཁྱད་པར་དུ་དབུས་ཀྱི་ཡོག་ཐང་དགོན་པ་བཟུང་ནས་སྒོམ་སྒྲུབ་དང་འདུལ་ཁྲིམས་ཀྱི་བཤད་སྲོལ་བཙུགས་ཤིང་བསྟན་པ་ཕྱོགས་བཅུར་རྒྱས་པའི་འཕྲིན་ལས་བསྐྱངས་བར་བཤད། ཁོང་གི་འདུལ་ཁྲིམས་ཀྱི་བཀའ་སྲོལ་འཛུགས་ས་ཡོག་ཐང་ཀ་སྟེག་དང་དབུས་ཀྱི་ཡོག་ཐང་དགོན་པ་གཉིས་ནི་གནས་གཅིག་ཡིན་པར་རྒྱལ་སྲས་ཡེ་ཤེས་བློ་གྲོས་གྱིས་གསུངས། དེ་ནི་ད་ལྟའི་ཆར་སྟོད་ལུང་འབྲི་ལུང་དགོན་ལ་ངོས་འཛིན་བྱེད་ཚུལ་དེ་དོན་ལྡན་དུ་སྣང་། དེ་ནས་བཟུང་རི་ཞིང་གི་བླ་བརྒྱུད་ཁྲོད་དུ་ཡོག་ཐང་གི་བརྒྱུད་པ་ཞེས་མཁས་པ་མང་དག་གིས་བཞེད་སྲོལ་བྱུང་ཡོད། གཞན་ཆབ་རྩང་དམ་(ཆབ་པ་ཆོས་ཀྱི་སེང་གེ(1109-1169)། གཙང་ནག་པ་བརྩོན་འགྲུས་སེང་གེ། དན་འབག་པ་སྨྲ་བའི་སེང་གེ།)གསུམ་གྱི་མདུན་ནས་མཚན་ཉིད་ཀྱི་སྐོར་རྣམས་གསན་ཞེས་བཞེད། ཡེ་ཤེས་ལྔ་ལྡན་འཕྲུལ་ངག་གཡུང་དྲུང་བོན། །རིན་ཆེན་གླིང་དུ་བསྟན་པའི་རྒྱལ་མཚན་འཛིན། །ཤེས་བྱ་ཀུན་ལ་མཁྱེན་པ་རབ་རྒྱས་ཤིང་། །མཁས་མཆོག་ཀུན་གྱི་གཙུག་གི་རྒྱན་གྱུར་པ། །རྒྱལ་བའི་སྲས་པོ་སངས་རྒྱས་ཞུ་ཆེན་ཡིན། །ཞེས་བསྟོད་ངག་གི་རོལ་མོ་བཀྲོལ་བའང་བྱུང་། ཡོག་ཐང་དགོན་པ་རུ་བོན་གྱི་འཁོར་ལོ་ཡངས་པའི་ས་ཆེན་ཀུན་ཏུ་བསྐོར་ཅིང་བསྟན་པ་དང་འགྲོ་དོན་ལ་ཐུགས་དམ་བཟང་བའི་སློབ་མ་ཡང་མང་དུ་བྱུང་སྐད། དེ་ལས་སྐུ་ཉེ་བའི་སློབ་མ་ནི། མཁན་པོ་རི་ཞིང་བ་ཤེས་རབ་འབུམ། ལྷུན་འགྲུབ་རྒྱལ་མཚན། འགར་སྒོམ་མཁས་པ་དཔོན། ཀུན་བཟང་གནས་བརྟན། མཁས་པ་ཁྱུང་དབུས། རིན་པོ་ཆེ་བྱེ་ལུང་བ། ཉང་སྟོད་སེ་བོ། རྒྱལ་བ་ཇོ་བདན། ཟུག་སྟོན་ནམ་མཁའ། མེ་སྟོན་རྩང་པ་ཤེས་རབ་རྒྱལ། གྲི་སྙ་ཧོར་གསུམ་ལ་སོགས་མང་དུ་བྱུང་བར་བཞེད། གསུང་གི་བདུད་རྩི་གདམས་པའི་དོན་རྣམས་སློབ་བརྒྱུད་དག་ལ་ངལ་མེད་དུ་བསྩལ་བ་མ་ཟད་ཡིག་ཐོག་ཏུ་བྲིས་པའི་གསུང་རབ་མང་དུ་ཡོད་ཀྱང་ང་ཚོའི་ལག་ཏུ་འབྱོར་བ་བླ་མེད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་གབ་པ་དགུ་སྐོར་གྱི་འགྲེལ་བ་རིག་པའི་བང་མཛོད་དང་། སྤྱི་སྤུངས་གསལ་བའི་སྒྲོན་མ། མཛོད་ཏྲིག་སོགས་ཡོད། དེ་དག་ནི་དེ་ག་ཙམ་མ་ཡིན་པར་བླ་མ་གོང་མའི་བཞེད་ཕྱོགས་དང་དུ་བླངས་ནས་ཁོང་གི་རྣམ་དཔྱོད་གསེར་ལས་ལྷག་པའི་རིན་ཐང་གཞལ་བྱེད་ཀྱི་ནོར་བུ་ཡིན་པར་བདག་ཡིད་རབ་ཏུ་བགྱེས་སོ། །
   བཞི་པ་བསྟན་འགྲོའི་དོན་ཆེན་གྲུབ་སྟེ་ཞིང་ཁམས་གཞན་དུ་གཟིགས་ཚུལ་ཡང་ཉང་རོའི་དགེ་བཤེས་ཞུ་མོ་ཆེ་དེས་ཡོག་ཐང་གི་ཀ་སྟེགས་ཞེས་པའི་གདན་སར་བཤད་སྒྲུབ་ཀྱི་བཀའ་སྲོལ་ཕུན་སུམ་ཚོགས་པ་བཙུགས་ཤིང་རྗེས་རབས་བོན་གྱི་སླད་འབྱོན་སྐྱེས་བུའི་མིག་དཔེ་རུ་མཛད་དེ་བསྟན་པ་དང་སེམས་ཅན་གྱི་དོན་གཉིས་ལྷུན་གྱིས་གྲུབ་ནས་དགུང་ལོ་ཞེ་གཅིག་སྟེ་སྤྱི་ལོ༡༡༦༣ལོར་དགོངས་པ་བོན་དབྱིངས་སུ་རྫོགས་པར་རྒྱལ་སྲས་ཡེ་ཤེས་བློ་གྲོས་ཀྱིས་གསུངས། དེ་ལྟར་དགུང་ལོ་ཞེ་གཅིག་ལས་ཟོན་མེད་པའི་སྐྱེས་བུ་ཞིག་བློ་བུར་དུ་ཞིང་ཁམས་གཞན་ལ་གཟིགས་དགོས་དོན་ཡང་སློབ་བུ་དམ་ཚིག་ཉམས་པ་ཅན་གྱིས་ལན་ཚུལ་ལུང་མང་དག་ལས་གསུང་སྲོལ་བྱུང་། ས་ཆེན་གོ་ལ་འདི་ཡིས་ཀྱང་བརྗེད་པར་དཀའ་བའི་སྐྱེས་བུ་ཞིག་བསྟན་པ་དང་སེམས་ཅན་གྱི་དོན་ཡོངས་སུ་གྲུབ་ནས་ཕེབས་ཤིང་ངོ་མཚར་ཆེ་ལྡན་གྱི་རྟགས་དང་རྟེན་འབྲེལ་སོགས་ཀྱིས་ཀྱང་སྐྱེལ་མ་ཞུས་པར་གསུངས་སོ། །
ཞེས་མཚོ་སྔོན་པོའི་ལྷོ་ཕྱོགས་སུ་དལ་རྟེན་ཐོབ་པའི་སྟོང་སྐོར་གཡུང་དྲུང་བསྟན་པའམ་སྟོང་སྲས་ལྷ་བུ་རུ་འབོད་པ་དེས་དགེ་གྲོགས་ཀྱི་བཞེད་པ་དང་སྐབས་བསྟུན་གྱི་དགོས་མཁོ་ལ་དམིགས་ནས་སྤྱི་ལོ༢༠༢༥ལོའི་ཟླ་བ༤ཚེས༡༥ལ་བྲིས་པ་འདི་ཡང་དགེ་བར་གྱུར་ཅིག །
 
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།