སྦ་སེར་པཎྜི་ཏ་ཀུན་བཟང་རྒྱལ་མཚན་གྱི་བྱུང་བ་བརྗོད་པ་དཔྱོད་ལྡན་དང་བ་འདྲེན་པའི་བདུད་རྩི།
[ཟླ་ཚེས། 2026-04-14 19:53:07][རྩོམ་པ་པོ། མཁར་ནག་སྐལ་བཟང་རྒྱ་མཚོ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

སྦ་སེར་པཎྜི་ཏ་ཀུན་བཟང་རྒྱལ་མཚན་གྱི་བྱུང་བ་བརྗོད་པ་དཔྱོད་ལྡན་དང་བ་འདྲེན་པའི་བདུད་རྩི།
སྤྱིར་བདག་ཅག་གི་སྟོན་པ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེའི་སྲོལ་བཏོད་པ་ནས་བཟུང་། ད་ལྟ་དུས་རབས་ཉེར་གཅིག་པའི་བར་དུ་ཞང་བོད་ཀྱི་ཡུལ་གྲུ་ཆེན་མོ་རུ། དུས་སྐབས་སོ་སོའི་ནང་བསྟན་འཛིན་གྱི་སྐྱེས་བུ་རབས་དང་རིམ་པ་བྱོན་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་ཀུན་ཏུ་དར་སྤེལ་མཛད་ཡོད་པ་ནི་བཤད་མ་དགོས་པ་ཡིན་ལ། དེ་བཞིན་དུ་མདོ་སྨད་མཚོ་སྔོན་གྱི་ཡུལ་འདི་ལ་མཚོན་ནའང་ཁྲོམ་མཁས་པ་གསེར་ཐོགས་ལྕེ་འབྱམས་ཀྱི་དུས་ནས་བཟུང་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་དར་ཡོད་པ་དང་། ཁྱད་པར་གཡང་ལུང་ཁྲི་ཀའི་ཡུལ་འདིར་རབ་བྱུང་ལྔ་བའི་སྐབས་སོག་བཙུན་སྟོན་པ་ཡེ་ཤེས་རྒྱལ་མཚན་གྱིས་གསས་ཁང་བྱ་འདབ་སུམ་བརྩེགས་ཅན་བཞེངས་ནས་མདོ་སྔགས་རྫོགས་གསུམ་གྱི་བསྟན་པ་སྔར་བས་དར་རྒྱས་སུ་སྤེལ་བ་དང་། དེ་རྗེས་རྩེ་ཞིག་ཨ་ལགས་ཤེས་རབ་ཀྱིས་དགོན་གནས་སྤར་ཏེ་གང་གི་ཚ་བོ་དྲུང་རམས་པ་ཤེས་རབ་རྣམ་རྒྱལ་ལ་གདན་ས་ཕུལ་བར་བརྟེན། འདུས་སྡེ་གཡུང་དྲུང་ཕུན་ཚོགས་གླིང་ངམ་ཁྱུང་མོ་དགོན་དུ་རྩེ་ཞིག་ཁྲི་རིན་པོ་ཆེ་སྐུ་རབས་རིམ་བྱོན་དང་། ཁྱུང་མོ་འཕོ་བ་གྲོང་འཇུག་གི་བླ་རབས་རིམ་བྱོན། མཁར་ནག་བླ་རབས་རིམ་བྱོན། སྦ་སེར་བླ་རབས་རིམ་བྱོན། གསེར་ཁ་ཚང་བླ་རབས་རིམ་བྱོན་སོགས་གདན་ཁྲི་འཛིན་པའི་བླ་རབས་ཅན་གྱི་བླ་མ་ལྔ་ཙམ་བྱུང་། དམ་པ་དེ་དག་ཚང་མ་ནི་མཁས་བཙན་བཟང་གསུམ་འཛོམས་པའི་སྐྱེས་བུ་དམ་པ་འབའ་ཞིག་ཡིན་པ་དང་། རྒྱལ་བའི་བསྟན་པ་རིན་པོ་ཆེ་ཡུལ་ཕྱོགས་འདི་རུ་འཛིན་སྐྱོང་སྤེལ་གསུམ་བྱས་ནས་བསྟན་པ་དང་འགྲོ་བ་ལ་ཤིན་ཏུ་བཀའ་དྲིན་ཆེ་མོད། འོན་ཀྱང་དེ་དག་གི་གསུང་རྩོམ་དང་རྣམ་ཐར་སོགས་བཀའ་རྟེན་གསུང་འབུམ་མང་དག་ཅིག་རིག་གསར་གྱི་གོད་ཆག་ཆེན་པོའི་ནང་འཇིག་ཟིན་པས། ཁོང་རྣམས་ཀྱི་མཛད་པ་རྣམ་ཐར་གསལ་བོ་ཞིག་ཞུ་རྒྱུ་ད་ལྟ་དཀའ་མོར་ཆགས་ཡོད། དེ་བས་རྗེ་ཁྲི་ཀ་བ་སྦ་སེར་པཎྜི་ཏ་ཀུན་བཟང་རྒྱལ་མཚན་རིན་པོ་ཆེ་ལ་མཚོན་ནའང་། ཁོང་གིས་མཛད་པའི་རང་རྣམ་རྩོམ་འཕྲོ་ལུས་པ་ཞིག་ཡོད་མོད། སོག་བཙན་སྟོན་པ་ཡེ་ཤེས་རྒྱལ་མཚན་གྱི་མཚམས་ནས་རྩོམ་འཕྲོ་ལུས་སོང་བས། ཁོང་རང་ཉིད་ཀྱི་སྐུ་ཚེ་མཛད་པ་སོགས་ཅི་ཡང་བཀོད་མེད། ད་རེས་ཁོང་གི་གསུང་རྩོམ་ཕྱོགས་བསྒྲིགས་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱེད་སྐབས། གཙོ་སྒྲིག་པ་རྒན་བསོད་ལོ་ལགས་ནས་སྦ་སེར་ཚང་དང་འབྲེལ་བའི་དོགས་གཞི་ཡོད་རིགས་བཀྲལ་ཅི་ཐུབ་བྱས་ནས་ཁོང་གི་རྣམ་ཐར་ཁ་གསལ་ཅན་ཞིག་འབྲི་དགོས་ཞེས་ནན་མོར་བསྐུལ་བས་མི་འབྲི་ཀ་མེད་དུ་སོང་སྟབས། ཁོང་གི་གསུང་རྩོམ་ཐམས་ཅད་ཀྱི་མཛད་བྱང་དང་ཁྱད་པར་རང་རྣམ་འཕྲོ་ཅན་གྱི་མཆོད་བརྗོད། གཞན་སྦ་སེར་ཚང་གི་རྩ་བའི་བླ་མར་གྱུར་པ་ཆོས་རྗེ་རྒྱལ་བ་ཚུལ་ཁྲིམས་ཀྱི་གསུང་རྩོམ་ཁག ཁོང་གི་སློབ་མ་བོན་བརྒྱ་གཡུང་དྲུང་ཕུན་ཚོགས་ཀྱི་རྣམ་ཐར་སོགས་དཔྱད་གཞི་ཡིག་རིགས་ལག་ཏུ་སོན་ཚད་ལ་གཞིག་ནས་དཔྱད་བརྗོད་ཀྱི་སྒོ་ནས་བྲིས་ཡོད་ལ།
རྗེ་ཁྲི་ཀ་བ་ཀུན་བཟང་རྒྱལ་མཚན་ནམ་སྦ་སེར་པཎྜི་ཏ་ནམ་མཁའ་དབང་ཕྱུག་བློ་གྲོས་དྲི་མེད་རིན་པོ་ཆེ་ནི་ཙོང་ཁའི་སྐྱེས་རི་གཉེན་པོའི་ལྷོ་ངོས། ཁྲི་ཀ་བདེ་སྐྱིད་གཡང་ལུང་ར་གསུམ[1]གྱི་དབུས་མ་སྟེ། དེང་སང་མཚོ་སྔོན་ཁྲི་ཀ་རྫོང་ཁོངས་སྟོང་ཆེ་སྡེ་བའི་སྦ་སེར་གྲོང་ཚོ་ནས་བོད་རབ་བྱུང་བཅུ་བཞི་བའི་མེ་བྱ(སྤྱི་ལོ༡༨༣༧)ལོར་སྐུ་འཁྲུངས། སྐུ་ནར་སོན་དུས་དགོན་སྡེ་གཡུང་དྲུང་ཕུན་ཚོགས་གླིང་ནས་སྒྲིག་ཞུགས་གནངས། ཐོག་མར་འབྲི་ཀློག་གི་དགེ་རྒན་ལེགས་པར་བསྟེན། གཞན་དང་ཐུན་མོང་མ་ཡིན་པའི་རིག་པ་ཤིན་ཏུ་རྣོ་ཞིང་གྲུང་བས་དགོན་པའི་བཅའ་ཀ་ཕྱག་ལེན། གྱེར་རྟ་དབྱངས་གསུམ་སོགས་དུས་ཡུན་ཐུང་བའི་ནང་ཚེགས་མེད་དུ་མཁྱེན། མདོ་སྔགས་གང་གི་གཞུང་འཕྲིན་ལས་ཕྱག་ལེན་ལ་ཤིན་ཏུ་བྱང་ཆུབ་པར་གྱུར་ནས་ཁྱུང་མོ་དགོན་པའི་བྱིངས་འདྲེན་ཆེན་མོའི་འགན་བཞེས། ཁྱད་པར་དུ་གསང་སྔགས་སྒོམ་སྒྲུབ་ལ་ཤིན་ཏུ་འདུན་པས། ཆོས་རྗེ་རྒྱལ་བ་ཚུལ་ཁྲིམས་རིན་པོ་ཆེའི་མདུན་ནས་མཁར་ནག་དྲུང་མུ་ཧ་ར་སྟེ་གཡུང་དྲུང་ཡེ་ཤེས་རིན་པོ་ཆེ་དང་། དགོན་པའི་དགེ་རྒན[2]ཚུལ་ཁྲིམས་ཡེ་ཤེས་དང་ལྷན་དུ་མཁའ་འགྲོ་གསང་གཅོད་ཀྱི་ཆུ་འགྲིམས་དམིགས་ཁྲིད་སོགས་དབང་ལུང་ཁྲིད་གདམས་མ་ལུས་པ་ཞུས་ནས་ཉམས་སུ་བླངས་ཚུལ་ནི། ཆོས་རྗེ་རྒྱལ་བ་ཚུལ་ཁྲིམས་རིན་པོ་ཆེས་མཛད་པའི་མཁའ་འགྲོའི་གསང་གཅོད་ཡིད་བཞིན་ནོར་བུའི་རྗེས་ཆོག་ཏུ། སླར་ཡང་སྙ་ཆེན་སྤྲུལ་བ་གྱེར་ཆེན་མུ་ལ་པྲཛྙཱའི[3]ཡང་སྤྲུལ་དྲུང་མུ་ཧ་ར[4]དང་། སྟོང་ཆེའི་དགོན་གྱི་དགེ་རྒན་ཚུལ་ཁྲིམས་ཡེ་ཤེས་དང་བྱིངས་འདྲེན་ཀུན་རྒྱལ་རྣམས་ལ་ཆུ་འགྲིམས་དམིགས་ཁྲིད་དུ་ཕུལ་སྐབས་ཁོང་རྣམས་ཀྱི་བཀའ་ཡིས་བསྐུལ་བར་འཕྲོ་མ་ལུས་པར་བྱས་ནས་སྟག་ཚང་ཁོང་ཚོངས་ཀྱི་ཆུ་དམིགས་འགྲིམས་པའི་ལམ་ཁ་ནས། རྩེ་དབུས་ཆོས་རྗེ་ཡིས་སྦྱར་བས་དགེ་བས་རྒྱལ་བསྟན་རིན་པོ་ཆེ་སྲིད་མཐའི་བར་དུ་གནས་ཤིང་ལུས་ཅན་བདེ་སྐྱིད་དཔལ་ལ་སྤྱོད་པའི་རྒྱུར་གྱུར་ཅིག[5]ཅེས་པ་ལས་གསལ། དམ་པ་ཁོང་ནི་སྐྱེས་ཐོབ་ཀྱི་ཤེས་རབ་ཤིན་ཏུ་ཆེ་བས་སུམ་རྟགས་དག་གསུམ་དང་སྒྲ་སྙན་ངག་མངོན་བརྗོད་སོགས་ཐུན་མོང་རིག་པའི་གནས་ཀུན་ལ་གསན་སྦྱང་ཙམ་གྱིས་ཁུངས་སུ་ཆུད། ཁོང་ཉིད་དགུང་ལོ་ཉི་ཤུའི་དུས་སུ་གསུང་བའི་རྒྱལ་ཀུན་གསུང་གི་དབང་ཕྱུག་སྒྲ་དབྱངས་རྒྱལ་མོའི་བསྟོད་པ་ལྷ་ཡི་གྷན་དྷེ་ལ་མཇལ་བ་ཙམ་གྱིས་བརྗོད་བྱ་དོན་དང་རྗོད་བྱེད་ཚིག་གི་ཉམས་འགྱུར་ལས་ཁོང་གི་ཐུན་མོང་མ་ཡིན་པའི་རྩོམ་རྩལ་དེ་ཤེས་ཐུབ། གཞན་རྩེ་ཞིག་གཡུང་དྲུང་བསྟན་རྒྱས་རིན་པོ་ཆེའི་ཞབས་བསྟེན་ནས་དབང་ལུང་ཞུས་ཡོད་པ་ནི། ཁོང་གི་རྣམ་ཐར་འཕྲོ་ཅན་གྱི་མཆོད་བརྗོད་དུ། སྤྲུལ་བའི་སྐུ་མཆོག་གཡུང་དྲུང་བསྟན་རྒྱས་དང་། །མཁས་གྲུབ་ཟླ་མེད་རྒྱལ་བ་ཚུལ་ཁྲིམས་མཚན། །སྦས་བའི་རྣལ་འབྱོར་བྷོ་དྷི་ཀ་ར་སོགས། །ངོ་སྤྲོད་བཀའ་དྲིན་ཅན་གྱི་བླ་མར་བསྟོད། །[6]ཅེས་གསུངས་པ་ལས་གསལ་བོར་ཤེས་ཐུབ།
དེ་དུས་དཔོན་ཚང་དགེ་རྒན་ཚུལ་ཁྲིམས་ཡེ་ཤེས་ཚང་གི་བཀའ་དྲིན་གྱིས་བསྐྱངས་ཤིང་ཁོང་ཉིད་དགུང་ལོ་ཉི་ཤུ་ཡས་མས་སུ་གཞན་ཡུལ་རྒྱལ་ཁམས་འགྲིམས་པར་ཆས། རྔ་ཡུལ་སྣང་ཞིག་དགོན་དང་རྟོགས་ལྡན་དགོན་དུ་ཕེབས་ནས། སྣང་སྟོན་ཆེན་པོ་བློ་གྲོས་ཐོགས་མེད་དང་། བྱང་སེམས་ཆེན་པོ་ཚུལ་ཁྲིམས་ཡེ་ཤེས་ཚང་། མཁས་གྲུབ་དཀོན་མཆོག་བསྟན་པའི་སྒྲོན་མ། རྟོགས་ལྡན་རྒྱལ་དབང་སོགས་དམ་པ་དུ་མ་བསྟེན་ནས་དབང་ལུང་ཁྲིད་གདམས་སོགས་བཀའ་དྲིན་ཞུས། དེ་ནས་རྒྱལ་རོང་དམུ་རྡོ་ལྷ་གཉན་ལ་བསྐོར་བ་དང་མཁའ་འགྲོའི་གསང་གཅོད་ཀྱི་རི་བརྒྱ་གཉན་ཁྲོད་བསྒྲུབས། རྒྱལ་རོང་ཀ་ཀཱ་སེང་གེ་ཡང་རྫོང་དང་འབྲུག་རི་ཁྱུང་མགོ་རུ་བཞུགས་སྐབས་ཁོང་རྣམ་གཉིས་ཀྱིས་ཚིག་གི་སྦྱོར་བ་སྙན་ཞིང་དོན་གྱི་བདུད་རྩིས་ཕྱུག་པའི་གསུང་མགུར་འགའ་མཛད་ཡོད།[7] རི་བརྒྱ་གཉན་ཁྲོད་མཐར་ཕྱིན་རྗེས་སྟོང་ཆེ་དགེ་རྒན་ཚང་གློ་བུར་དུ་འདས་རྟགས་ངོ་མཚར་ཅན་མང་པོ་བྱས་ནས་གཤེགས། དེ་ལ་ཁྲོ་སྐྱབས་རྒྱལ་པོ་ཡང་དད་པ་ལྷག་པར་སྐྱེས་ནས། འུ་ལག་སྟེང་ནས་སྦ་སེར་རིན་པོ་ཆེ་དབུས་གཙང་ཡུལ་དུ་ཕེབས་སྐྱེལ་བྱས། དེ་ནས་དབུས་གཙང་ཕྱོགས་སུ་ཕེབས་ཏེ་སྟོད་ཀྱི་གངས་དཀར་ཏི་སེ། བལ་ཡུལ་མཆོད་རྟེན་རྣམ་གསུམ། རྐོང་བོ་བོན་རི་ཆེན་པོ། གྲྭ་ས་ཡ་བཞི། སྨན་རི་དགོན་དང་གཡུང་དྲུང་གླིང་། སེ་འབྲས་དགེ་གསུམ་སོགས་ལ་མཇལ། ཁྱད་པར་དུ་རྩ་བའི་གྲྭ་ས་གཤེན་ཚང་རི་རྒྱལ་དགོན་ཁྲི་བརྟན་ནོར་བུ་རྩེ་ནས་གཤེན་གྱི་མཁས་གྲུབ་གཡུང་དྲུང་རིན་ཆེན་རྒྱལ་མཚན་གྱི་ཞབས་པད་ཡུན་རིང་དུ་བསྟེན་ནས་བཀའ་ལུང་བུམ་པ་གང་བྱོའི་ཚུལ་དུ་ཐོབ།
རབ་བྱུང་བཅུ་བཞི་བའི་ཆུ་ཁྱི(སྤྱི་ལོ༡༨༦༢)ལོར་ཁོང་ཉིད་དགུང་ལོ་ཉེར་དྲུག་རྗེས་ཙམ་ནས་སྨན་རི་དགོན་དུ་མཁན་རབས་ཉེར་གསུམ་པ་མཁན་ཆེན་ཉི་མ་བསྟན་འཛིན་དང་མཁན་རབས་ཉེར་ལྔ་བ་འགྲོ་མགོན་ཤེས་རབ་གཡུང་དྲུང་རྣམ་པ་གཉིས་ཀྱི་ཞབས་ཀྱང་བསྟེན། རབ་བྱུང་བཅུ་བཞི་བའི་ཤིང་བྱི(སྤྱི་ལོ༡༨༦༤)ལོར་ཁོང་དགུང་ལོ་ཉེར་བརྒྱད་ཐོག་མིག་དམར་ཞེས་པ་ཤིང་ཕོ་བྱི་བའི་ས་ག་ཟླ་བའི་ཚེས་ལ། བོད་ཡུལ་རུ་བཞིའི་ས་ཡི་ལྟེ་བ་གནས་བཀྲ་ཤིས་ཕྱུག་མོ་དཔལ་རིའི་མདུན་ཞོལ་ལྷོ་ཤར་རིག་འཛིན་གསང་ཕུག་ཏུ་ཚེ་དབང་བོན་ཡུལ་མའི་སྒྲུབ་པ་ལ་བཞུགས། དེའི་སྐབས་སུ་བྱི་བའི་མགུར་གླུ་ཞིག་ཀྱང་མཛད།[8]
ཁོང་ཉིད་དགུང་ལོ་སོ་གཉིས་བཞེས་ཐོག་རབ་བྱུང་བཅོ་ལྔ་བའི་ས་འབྲུག(སྤྱི་ལོ༡༨༦༨)ལོར་གཡུང་དྲུང་གླིང་དུ་གཤེན་གྱི་རྩིས་གསར་རྣམ་དག་ལས་སྤོར་ཐང་ལུགས་ཀྱི་སྐོར་མགོ་འགའ་ཞིག་རི་མོའི་ལམ་ནས་རྟོགས་ཐབས་བློ་གསར་དགྱེས་པའི་དགའ་སྟོན་མཛད། གཞུང་དེའི་མཇུག་བྱང་དུ། ཅེས་སྤོར་ཐང་ནག་རྩིས་ལུགས་ཀྱི་སྐོར་མགོ་འགའ་ཞིག་རི་མོའི་ལམ་ནས་རྟོགས་ཐབས་བློ་གསར་དགྱེས་པའི་དགའ་སྟོན་ཞེས་བྱ་བ་འདི་ནི། གཤེན་གྱི་མཁས་གྲུབ་གཡུང་དྲུང་རིན་ཆེན་རྒྱལ་མཚན་གྱི་ཞབས་རྡུལ་སྤྱི་བོར་ལེན་པའི་ཨ་མདོ་རྒྱལ་ཁམས་པ་ནམ་མཁའ་དབང་ཕྱུག་གིས། གོང་མའི་ལེགས་བཤད་ཁུངས་ལྡན་ལས་ལེགས་ཆ་བླངས་ཤིང་། རེའུ་མིག་སོགས་ཁ་འཐོར་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་ཏེ། སྐལ་མཉམ་བློ་གསར་རྩིས་ལ་དགའ་རྣམས་དགྱེས་ཕྱིར་ཡུལ་ལ་སྟོད་མངའ་རིས་ཀྱི་ཆར་དགོན་གསར་གཡུང་དྲུང་ཀུན་གྲགས་གླིང་དུ་ས་འབྲུག་ཟླ་ཚེས་ལ་བྲིས་པའོ། །[9]ཞེས་གསལ་བོར་གསུངས་པས་ཤེས་ཐུབ། ཡུལ་ལ་སྟོད་མངའ་རིས་ཀྱི་ཆར་གནས་ཆེན་བྱ་དུར་ནམ་མཁའ་མཛོད་ཀྱི་ཡང་དབེན་དུ་བསྟན་སྲུང་རྒྱལ་པོ་ཉི་པང་སད་ལ་གསལ་བྱེད་སུམ་ཅུའི་སྒོ་ནས་བསང་ཞིང་བསྟོད་པ་ཞིག་ཀྱང་མཛད་ཡོད།[10]
སྦ་སེར་རིན་པོ་ཆེ་ནས་དབུས་གཙང་ཕྱོགས་སུ་མཁན་ཆེན་ཉི་མ་བསྟན་འཛིན་དང་འགྲོ་མགོན་ཤེས་རབ་གཡུང་དྲུང་། གཤེན་མཁས་གྲུབ་གཡུང་དྲུང་རིན་ཆེན་རྒྱལ་མཚན་སོགས་ཀྱི་ཞབས་བསྟེན་ནས་དབང་ལུང་ཁྲིད་གདམས། སྲུང་ཁྲིམས་མན་ངག་སོགས་གང་ཞུས་པ་ཅི་ཡང་མ་གསལ་བས་ད་ལན་ཞུ་མ་ཕོད་མོད། འོན་ཀྱང་སྤ་ཡི་གདུང་འཛིན་ཀུན་བཟང་རྒྱལ་མཚན་གྱི་ཞབས་བསྟེན་ནས་སྙ་ཆེན་ལི་ཤུ་སྟག་རིང་གིས་མཛད་པའི་ཨ་བསྭེ་གསང་སྒྲུབ་དང་། ལས་ཚོགས་དྲུག་པ་སོགས་ཀྱི་ལུང་ཞུས་པ་ནི་ཁོང་གིས་མཛད་པའི་བྲག་བཙན་མངོན་རྟོགས་སྒྲུབ་ཐབས་ནོར་བུའི་ཕྲེང་བའི་ཁ་སྐོང་རིན་ཆེན་མཛེས་པའི་ཆུན་པོའི་བརྒྱུད་ཕྱག་དང་སྨན་གྱི་ཁ་སྐང་སྐབས་སུ་གསལ།[11] ཡང་ཁྱུང་པོའི་ཕྱོགས་སུ་ཕེབས་ནས་རྟེན་བོང་ཁྲ་མ་སོགས་རྟེན་ཁྱད་འཕགས་དང་དགོན་པ་གྲགས་ཅན་ལ་གནས་མཇལ་ཞུས་པ་ཡང་གཤེན་རབ་ཐུན་རྡོའི་རྟེན་བཤད་དུ། ཅེས་པ་འདི་ནི་སྦ་སེར་བླ་མ་ཀུན་བཟང་རྒྱལ་མཚན་ནམ་གསང་མཚན་ནམ་མཁའ་དབང་ཕྱུག་བློ་གྲོས་དྲི་མེད་ཅེས་པས། སྔོན་ཁྱུང་པོ་རྟེན་བོང་ཁྲ་མར་ཐེངས་གཅིག་མཇལ་བས་ངོ་ཤེས་ཏེ། དད་པ་བཅོས་མིན་གྱི་སྒོ་ནས་གུས་ཕྱག་འབུལ་བ་ལེགས་སོ། །[12]ཞེས་གསུངས་པས་ཤེས་ཐུབ།
དེ་ནས་ཁོང་ཉིད་དགུང་ལོ་སོ་དྲུག་ཡས་མས་སུ་ཁོང་གི་སྐུ་མཆེད་དབུས་གཙང་ཕྱོགས་སུ་སོང་ནས་ཕྱིར་ཕ་ཡུལ་དུ་ཕེབས་དགོས་ཞེས་ནན་བསྐུལ་བྱས་པར་བརྟེན་རང་ཡུལ་དུ་ལོག དེ་ནས་བཟུང་སྟེ་ཕ་ཡུལ་གྱི་ཕྱོགས་སུ་བཞུགས་ནས་བསྟན་འགྲོའི་དོན་ཆེན་མཛད། དགུང་ལོ་སོ་བདུན་སྐབས་སྔར་རྗེ་སྙ་ཆེན་དངོས་བྱོན་མཁར་ནག་གྲུབ་ཆེན་ཤེས་རབ་ཚུལ་ཁྲིམས་ཀྱིས་མཛད་པའི་བྲག་བཙན་སྒྲུབ་གཞུང་ནོར་བུའི་ཕྲེང་བ་དེ་ལ་ཚོགས་འཁོར་སོགས་མ་ཚང་བ་རྣམས་ཅུང་ཟད་རྒྱས་པར་བཀྲོལ་ཞིང་ཆོ་ག་གཞན་དང་རིགས་འགྲེས་པའི་ཕྱིར་དུ་བྲག་བཙན་མངོན་རྟོགས་སྒྲུབ་ཐབས་ནོར་བུའི་ཕྲེང་བའི་ཁ་སྐོང་རིན་ཆེན་མཛེས་པའི་ཆུན་པོ་ཞེས་པ། གྲུབ་ཆེན་དེ་ཉིད་ཀྱི་ཆོ་རིགས་སུ་འཁྲུངས་ཤིང་རྣམ་དཔྱོད་ཀྱི་གཟིགས་པ་ཡངས་པོར་སྐྱོང་བ་ལྷ་གྲོགས་གཡུང་དྲུང་རྣམ་རྒྱལ་གྱིས་རྟེན་འབྲེལ་བཅས་བསྐུལ་བའི་བཞེད་པ་དོན་ཡོད་བྱེད་ཕྱིར་མཛད།[13] རྩེ་ཞིག་དགོན་དུ་ཕེབས་ནས་རྩེ་ཞིག་གོང་མའི་གདན་ས་བྲག་སེང་གེ་བརྩེ་འདྲའི་རི་ཞོལ་དུ་རྩེ་ཞིག་གདུང་རབས་ཀྱི་གསོལ་འདེབས་མཛད།
རབ་བྱུང་བཅོ་ལྔ་བའི་ས་ཡོས(སྤྱི་ལོ༡༨༧༩)ལོར། ཁོང་ཉིད་དགུང་ལོ་ཞེ་གསུམ་གྱི་སྐབས་སུ་བོན་བརྒྱ་རང་ཤར་རིག་གྲོལ་གྱིས་འཕྲིན་ཡིག་དང་བང་ཆེན་མངགས་ཏེ་ཡང་ཡང་གདན་དྲངས་པར་བརྟེན་བོན་བརྒྱ་འབྲོག་ཕྱོགས་སུ་ཕེབས་ནས། བོན་བརྒྱ་རང་ཤར་རིག་གྲོལ་དང་བོན་བརྒྱ་གཡུང་དྲུང་ཕུན་ཚོགས་ཁུ་དབོན་གཙོས་པའི་སྐལ་ལྡན་རྣམས་ལ་ཀུན་བཟང་རྒྱལ་བ་འདུས་པ། ཡི་དམ་དབལ་གསས་རྔམ་པ། ཚེ་དབང་བྱ་རི་མ་སོགས་ཀྱི་དབང་ལུང་མང་པོ་བསྩལ།[14]
དེ་ནས་རྔ་བ་སྣང་ཞིག་དགོན་པའི་བླ་མ་རྟོགས་ལྡན་གཡུང་དྲུང་དར་རྒྱས་ཚང་དང་ལྷན་དུ་ཡུལ་སྐྱོང་རྒྱ་ཐང་གི་ཞོལ་དུ་གཉན་ཁྲོད་ལ་ཕེབས་སྐབས། ཡུལ་སྐྱོང་རྒྱ་ཐང་གིས་རང་གཟུགས་བསྟན་ནས་བཀའ་འོག་ཏུ་འདུས་ཚེ་དཀར་མཆོད་ཁོ་ནས་མཆོད་ན་ཆོག་པའི་བསང་ཡིག་གསར་རྩོམ་མཛད་དགོས་པའི་བཀའ་གནང་བར་བརྟེན་ཡུལ་སྐྱོང་རྒྱ་ཐང་གཉན་པོའི་བསང་མཆོད་བརྩམས།[15] དེ་དང་ལྷན་དུ་བྲག་དཀར་གཉན་པོའི་རྫ་འདབས་སུ་གཉན་ས་རི་བརྒྱ་གཅོད་སྐབས་སུ། བྲག་དཀར་གྱི་རང་གཟུགས་ཕོ་བྲང་དང་བཅས་པའི་བརྡ་རའི་ཉམས་སྣང་ལ་མཐོང་བ་བརྟེན། བྱང་ཕྱོགས་བཙན་གྱི་སྒོ་སྲུང་ན་བཞུགས་པའི་རྨ་རིགས་བྲག་དཀར་མཆེད་གསུམ་གྱི་བསང་མཆོད་བརྩམས།[16] བོན་བརྒྱ་གཡུང་དྲུང་ཕུན་ཚོགས་ཀྱི་རྣམ་ཐར་དུ། ལོ་བཅུའི་སྟེང་དུ། རྔ་ཁོག་སྣང་ཞིག་དགོན་པའི་བླ་མ། རྟོགས་ལྡན་གཡུང་དྲུང་དར་རྒྱས་ཚང་ཟེར་བ། ཕྱོགས་འདིའི་བྲག་དཀར་རྒྱལ་པོ་མཆེད་གསུམ་སོགས་རི་གཉན་འགའ་རེ་ལ། རི་བརྒྱ་གཉན་ཁྲོད་འགྲིམས་པ་མཐར་ཕྱིན་ནས། ཡར་ལམ་ཕེབས་ཏེ།[17] ཞེས་གསལ་བ་ལ་གཞིགས་ན་རབ་བྱུང་བཅོ་ལྔ་བའི་ཆུ་ལུག(སྤྱི་ལོ༡༨༨༣)ལོར་སྦ་སེར་རིན་པོ་ཆེ་དགུང་ལོ་ཞེ་བདུན་ཐོག་ཡིན། ལོ་དེའི་སྟོན་ཁ་སྟོང་ཆེའི་སྟོང་དཔོན་གཡུང་དྲུང་བསྟན་པ་དང་སྲས་ཆུང་བ་སྔགས་འཆང་རྣལ་འབྱོར་དབང་ལྡན། སྟོང་ཆེ་བོན་པོ་གྲྭ་ཚང་གི་ལས་སྣེ་རྒན་མང་སྤྱི་དང་། སྦ་སེར་རིན་པོ་ཆེའི་ཕྱག་ཡིག་དང་བཅས་བོན་བརྒྱ་གཡུང་དྲུང་ཕུན་ཚོགས་སྟོང་ཆེར་གདན་དྲངས་ནས་བསྟན་པའི་བདག་པོར་མངའ་གསོལ་ནས་རྟེན་འབྲེལ་ཡག་པོ་བསྒྲིགས་སྐད།[18]
དེ་ནས་སྦ་སེར་རིན་པོ་ཆེ་དགུང་ལོ་ཞེ་དགུའི་དུས་ཚིགས། ས་སྐྱོང་ཞེས་པ་ཤིང་བྱ(སྤྱི་ལོ ༡༨༨༥)ལོའི་འབྲས་ལྡན་ཟླ་བའི་འཕེལ་ཕྱོགས་དགེ་པར། ཡུལ་རྒྱ་ནག་གི་ཉེ་འདབས་སྐྱེད་ཆེན་ཐོག་ལྷ་མཆེད་གསུམ་གྱི་རི་ཞོལ། མི་མེད་དབེན་པའི་ནགས་འདབས་ནས། གཤེན་གྱི་མཁས་གྲུབ་ཚུལ་ཁྲིམས་རྒྱལ་མཚན་རིན་པོ་ཆེས་མཛད་པའི་བརྡ་སྤྲོད་ཉི་ཤུ་བདུན་པ་ནི་གཞུང་གཅིག་གིས་མིང་དང་སྦྱོར་ཚུལ་ཕྲད་ཀྱི་ཐོབ་ཚུལ་སོགས་དག་སྦྱོར་གྱི་ཡན་ལག་ཡོངས་རྫོགས་སྟོན་པའི་ལེགས་བཤད་རྣམ་དག་ཏུ་འདུག་ཀྱང་། དེའི་ལེའུ་དང་པོར་མིང་གི་ཐོབ་ཚུལ་ཙམ་ལས་ཧ་ཅང་བསྡུས་དྲགས་པ་དང་། མིང་གི་རིམ་པ་རྣམས་ཅུང་ཟད་རྒྱས་པར་ཕྱེས་ན་གསར་འཇུག་རྣམས་ལ་འཁྲིད་བདེ་བའི་རྩོམ་པར་འདུན་པ་དང་། དག་སྦྱོར་གྱི་གཞུང་རྒྱས་བསྡུས་མང་དུ་མཆིས་ཀྱང་ཡི་གེའི་བྱུང་ཁུངས་དང་སྦྱོར་ཚུལ་སོགས་ཁ་ཚང་བ་ཞིག་མ་མཐོང་བ་སོགས་ཀྱི་རྐྱེན་ལ་བརྟེན་ཏེ། གངས་ཅན་བོད་ཀྱི་བརྡ་ཡང་དག་པར་སྦྱོར་བའི་མིང་གི་བསྟན་བཅོས་བློ་གསལ་འཇུག་ངོགས་རིན་ཆེན་གཏེར་ཁྱིམ་བརྩམས།[19]
དེ་ནས་ཁོང་དགུང་ལོ་ང་བཞི་བ་ལྕགས་སྟག(སྤྱི་ལོ༡༨༩༠)ལོར་བོན་བརྒྱ་འབྲོག་ཏུ་ཕེབས་ནས་བོན་བརྒྱ་གཡུང་དྲུང་ཕུན་ཚོགས་སོགས་ལ། སྔགས་ཕྱོགས་རྒྱུད་ཀྱི་སྐོར་ལས། གསང་སྔགས་དོན་རྒྱུད་ཆེན་མོ། བསེན་ཐུབ་འདུས་པའི་རྒྱུད་ཆེན། རྩ་རྒྱུད་ཏིང་མུར་གཡུ་རྩེ་སོགས་ཀྱི་ལུང་དང་། ཞང་ཞུང་སྙན་བརྒྱུད་ཆེན་མོར་གྲགས་པའི་གཞི་རང་ངོ་སྤྲོད་པ་ཅེར་མཐོང་ལྟ་བ། ལམ་ཉམས་སུ་ལེན་པ་འོད་གསལ་སྒོམ་པ། རྐྱེན་ལམ་དུ་སློང་བ་རྩལ་སྦྱོང་སྤྱོད་པ། འབྲས་བུ་རང་ས་བཟུང་བ་སྐུ་གསུམ་དམར་ཐག་གཅོད་པ། སེམས་ཀྱི་གནད་དྲུག སྒྲོན་མ་དྲུག གཟེར་བུ་ཉེར་གཅིག འཁོར་ལོ་བཞི་སྦྲག གེགས་སེལ་བོགས་འདོན་གོང་འོག་སོགས་བེ་བུམ་ཆ་ཚང་དུམ་བུ་གཉིས། རྫོགས་ཆེན་ཨ་ཁྲིད་ཐིག་ལེ་ཉག་གཅིག་ཆ་ཚང་། རྫོགས་ཆེན་ཡོངས་རྩེ་ཀློང་ཆེན་ཆ་ཚང་གི་ལྗགས་ལུང་། གསང་གཅོད་ཡིད་བཞིན་ནོར་བུའི་དབང་བཞི་ཡོངས་རྫོགས། དམིགས་སྐོར་དུམ་ཆེན། དམིགས་སྐོར་དང་འབྲེལ་བའི་ཊཱི་ཀ་རིག་འཛིན་རྒྱ་མཚོའི་ཞལ་ལུང་། ལམ་རིམ་ཚིགས་སུ་བཅད་པ་སུམ་བརྒྱ་སུམ་ཅུ་བའི་དོན་འགྲེལ་གསལ་བའི་སྒྲོན་མ་སོགས་དབང་ཁྲིད་མང་པོ་བསྩལ།[20] བོན་བརྒྱ་གཡུང་དྲུང་ཕུན་ཚོགས་ཀྱི་རྣམ་ཐར་ལྟར་ན་ལོ་དེར་སྦ་སེར་རིན་པོ་ཆེའི་རྣམ་ཐར་འཕྲོ་ཅན་གྱི་མཆོད་བརྗོད་དུ། འབྲུ་རིགས་གཡུང་དྲུང་དབང་རྒྱལ་ལ་སོགས་པའི། །དབང་ལུང་མན་ངག་སྩོལ་མཛད་རྣམས་ལ་འདུད། །[21]ཅེས་གསལ་བའི་འབྲུ་ཞིག་བླ་མ་གཡུང་དྲུང་དབང་རྒྱལ་ཡང་བོན་བརྒྱ་འབྲོག་ཏུ་ཕེབས་ནས་སྣང་སྲིད་ཞི་བ་ཆེན་མོའི་སྦྱིན་སྲེག་རྒྱུད་དང་བཅས་པ་སོགས་ཀྱི་ལུང་གནང་ཚུལ་གསལ་བས།[22] སྦ་སེར་རིན་པོ་ཆེ་དང་ཁོང་རྣམ་གཉིས་བར་བོན་འབྲེལ་ཟབ་མོ་བྱུང་བའང་དེ་དུས་ཡིན་སྲིད།
དེ་རྗེས་ཁོང་དགུང་ལོ་རེ་དྲུག་བཞེས་པ་རབ་བྱུང་བཅོ་ལྔ་བའི་ཆུ་སྟག(སྤྱི་ལོ༡༩༠༢)ལོར། དུས་ཚོད་དང་ཡུལ་ཁམས་ཀུན་ལ་མཁོ་གལ་ཆེ་བ་དང་ཁྱད་པར་ཨ་རིག་བོན་པོ་རིན་ཆེན་བྱམས་དང་རིག་ཁོ་གཉིས་ཀྱིས་ལྷ་རྫས་བཅས་བསྐུལ་བའི་རྟེན་འབྲེལ་ལ་བརྟེན་ནས། ཡུལ་ས་གཞི་བདག་སྤྱི་ལ་ཁྲུས་བྱེད་ཚུལ་གཞན་ཕན་བདུད་རྩིའི་རྒྱ་མཚོ་མཛད།[23] བོན་བརྒྱ་གཡུང་དྲུང་ཕུན་ཚོགས་དང་ཤར་ཁོག་གི་རི་ཁྲོད་པ་བསྟན་འཛིན་དབང་དྲག་སོགས་ལ། ལམ་རིམ་སུམ་བརྒྱ་བའི་དོན་འགྲེལ་ལྟར་གཟབ་ཁྲིད་དང་། གཞན་སྤྱི་སྤུངས་ཀྱི་སྐོར་མང་པོ། ཕུར་པའི་སྐོར། གཅོད་ཀྱི་སྐོར། རྫོགས་ཆེན་གྱི་སྐོར་མང་པོའི་དབང་ལུང་རྫོགས་པར་བསྩལ།[24] བོན་བརྒྱ་གཡུང་དྲུང་ཕུན་ཚོགས་ཀྱི་རྣམ་ཐར་དུ། སྟོང་ཆེ་དགོན་པའི་འདུ་ཁང་ནང་དུ། རྟག་གཟིགས་འོལ་མོ་གླིང་ཆེན་གྱི་ཞིང་བཀོད་གྱན་ཐང་དཀར་ཐིག་ཏུ། ཧ་སག་སྔོན་པོའི་རས་ལྭ་གསར་བ་དང་། རྟ་བཟང་པོ་ཕུལ།[25] ཞེས་པ་ལྟར་ལོ་དེར་སྦ་སེར་རིན་པོ་ཆེ་ནས་རྩ་རྒྱུད་ཉི་ཟེར་སྒྲོན་མ་དང་བདུད་རྩི་སྨན་གྱི་འབུམ་བཞི་སོགས་བཀའ་ལུང་གི་དགོངས་དོན་ལྟར་ཐུགས་བཀོད་གནང་ནས་སྟོང་ཆེ་གཡུང་དྲུང་ཕུན་ཚོགས་གླིང་དུ་རྟག་གཟིགས་འོལ་མོ་ལུང་རིང་གི་ཞིང་བཀོད་ཀྱི་གྱན་ཐང་ཤིན་ཏུ་རྒྱས་པ། མདོ་དབུས་ཁམས་གསུམ་གང་ནའང་སྔར་བཞེངས་མྱོང་མེད་པ་ཞིག་གསར་བཞེངས་མཛད། དེ་དང་འབྲེལ་ནས་ནུབ་ཕྱོགས་རྟག་གཟིགས་ཡུལ་གྱི་ཞིང་བཀོད་སྨོན་ལམ་ངོ་མཚར་མེ་ཏོག་ཕྲེང་བ་མཛད། རྟག་གཟིགས་ཞིང་བཀོད་ཀྱི་གྱན་ཐང་འདི་རིག་གསར་སྐབས་གྲྭ་རྒན་འགས་སྲུང་སྐྱོབ་བྱས་པར་བརྟེན་མ་འཇིག་པར་བཞུགས། སྔ་གཞིག་ཏུ་སེར་བརྒྱ་བོན་དགོན་དང་རྔ་བ་སྣང་ཞིག་དགོན། རེབ་གོང་བོན་བརྒྱ་དགོན། སྟོང་སྐོར་གསང་སྔགས་གཡུང་དྲུང་བདུད་འདུལ་གླིང་སོགས་ཀྱིས་གྱང་ཐང་ལྔ་ཙམ་ཞལ་བཤུས་ནས་ཕྱོགས་སོ་སོར་སྤེལ།
དེ་ལྟར་སྦ་སེར་རིན་པོ་ཆེ་ཁོང་གི་རྣམ་ཐར་མཆོད་བརྗོད་དུ་གསལ་བ་ལྟར་ན། སྔ་ཕྱི་རུ་རྩེ་ཞིག་གཡུང་དྲུང་བསྟན་རྒྱས་དང་ཆོས་རྗེ་རྒྱལ་བ་ཚུལ་ཁྲིམས། སྨན་རིའི་མཁན་ཆེན་ཉི་མ་བསྟན་འཛིན། འགྲོ་མགོན་ཤེས་རབ་གཡུང་དྲུང་། གཤེན་མཁས་གྲུབ་གཡུང་དྲུང་རིན་ཆེན་རྒྱལ་མཚན། སྤ་སྟོན་ཀུན་བཟང་རྒྱལ་མཚན། འབྲུ་རིགས་གཡུང་དྲུང་དབང་རྒྱལ། སྣང་སྟོན་བློ་གྲོས་ཐོགས་མེད། བྱང་སེམས་ཆེན་པོ་ཚུལ་ཁྲིམས་ཡེ་ཤེས། གྲུབ་དབང་ཕུན་ཚོགས་དར་རྒྱས། མཁས་གྲུབ་ཆེན་པོ་དཀོན་མཆོག་བསྟན་པའི་སྒྲོན་མ། སྦས་པའི་རྣལ་འབྱོར་བྷོ་དྷི་ཀ་ར། གྲུབ་མཐའ་རིས་མེད་ཀུན་མཁྱེན་རྒྱ་མཚོ། སྒྲུབ་པ་མཐར་ཕྱིན་རྟོགས་ལྡན་རྒྱལ་དབང་སོགས་བླ་མ་དམ་པ་བཅུ་བཞིའི་མདུན་ནས་དབང་ལུང་ཁྲིད་གདམས་ཀྱི་བཀའ་དྲིན་ཞུས་ཡོད་པ་གསལ་མོད། ཡུལ་དུས་གང་ནས་དམ་པ་གང་གི་མདུན་ནས་དབང་ལུང་གང་དག་ཞུས་པ་ནི་དཔྱད་གཞིའི་ཡིག་ཆ་དབེན་པས་ད་ལན་ཟུར་ཙམ་ཡང་ཞུ་མ་ཕོད།
དམ་པ་ཁོང་ནི་སྐུ་ཚེ་ཧྲིལ་བོར་རི་ཁྲོད་འགྲིམས་པའི་རྣལ་འབྱོར་གྱི་ཆས་བཟུང་ནས་དུས་རྟག་པར་དབེན་ཁྲོད་ནས་སྒོམ་སྒྲུབ་ལ་གཞོལ་བ་ནི་ཁོང་གིས་མཛད་པའི་གསུང་རྩོམ་རྣམས་ཀྱི་མཇུག་བྱང་ལས་གསལ་ལ། ཁོང་གིས་སྒོམ་སྒྲུབ་ཀྱི་ཐུན་མཚམས་སོགས་སུ་མཛད་པའི་གསུང་རྩོམ་ལ་གོང་ནས་ཞུས་པ་དེ་དག་ལས་གཞན། ད་དུང་སེམས་ཁྲིད་ངོ་སྤྲོད་ཀྱི་སྐོར། སྒོམ་རིམ་དམིགས་རྣམ་གྱི་སྐོར། སྒྲུབ་ཐབས་ཕྱག་ལེན་གྱི་སྐོར། བསྟོད་པ་གསུང་མགུར་གྱི་སྐོར། འཕྲིན་བཅོལ་བསྐང་གསོལ་གྱི་སྐོར་སོགས་མང་པོ་ཡོད་ལ། ཡུལ་དུས་གང་དུ་མཛད་པ་མི་གསལ་བ་དེ་དག་ཕལ་ཆེར་ཁོང་ཕ་ཡུལ་དུ་བཞུགས་སྐབས་བརྩམས་པ་ཡིན། དེ་དག་ལས་གཤེན་གྱི་དགེ་སྦྱོང་ཁྲི་ཀ་བ་ཀུན་བཟང་བསྟན་པའི་རྒྱལ་མཚན་གྱི་རྣམ་ཐར་ཞེས་པ་ཁོང་གི་རང་རྣམ་ནི་ཕྱག་བྲིས་སྣ་རིང་མ་ཤོག་ལྷེ་བཅོ་བརྒྱད་པ། ཡིག་ཆུང་ཚིགས་བཅད་དྲུག་ཐིག་ཅན་ཡིག་ཚོགས་མང་པ་ཅན་ཞིག་ཡིན་པས། ཤོག་ལྷེ་བཅོ་བརྒྱད་པའི་སྲིབ་ངོས་ཐིག་ཕྲེང་གཉིས་པ་ནས་འཕྲོ་ལུས་པ་ཞིག་ཡིན་ཡང་། མཚོ་སྔོན་གྱི་ཕྱོགས་འདིར་གསུང་བསྟན་གྱི་སྐབས་ནས་བཟུང་གཡུང་དྲུང་བོན་བསྟན་འཛིན་པའི་སྐྱེས་བུ་ཇི་ལྟར་བྱོན་ཚུལ། བསྟན་པ་ཇི་ལྟར་དར་ཚུལ། བསྟན་པ་ཕྱི་དར་སྐབས་སོག་སྟོན་ཁྲི་འབར་ཚུལ་ཁྲིམས་ཀྱི་རྐྱེན་བྱས་ཏེ་འགོག་པ་མུ་ཟི་གསལ་བཟང་ཏིང་འཛིན་ལས་བཞེངས་ནས་འདུལ་བསྟན་གྱི་མེ་རོ་ཇི་ལྟར་གསོས་ཚུལ། འདུལ་བསྟན་ཐོག་མར་ཁྲི་ཀའི་ཡུལ་འདི་ནས་སླར་གསོ་བྱས་ནས་མཐར་ཇི་ལྟར་ཡར་དབུས་གཙང་ཕྱོགས་སུ་དར་ཚུལ། གྲུབ་ཐོབ་རྣམ་གསུམ་རེབ་གོང་དུ་ཇི་ལྟར་བྱོན་ཚུལ། ཞུ་སྒོམ་འཁྲུལ་ཞིག་གི་ལོ་རྒྱུས་དང་ཁོང་གི་སློབ་མ་ཞིག་ཆེན་བཅོ་བརྒྱད་ཀྱི་གནས་ཚུལ། ཁྱད་པར་དུ་རྩེ་ཞིག་གདུང་རབས་ཀྱི་ལོ་རྒྱུས་ཤིན་ཏུ་རྒྱས་པ་དང་། སོག་སྟོན་ཡེ་ཤེས་རྒྱལ་མཚན་གྱིས་གཡས་རུ་དབེན་ས་ཁ་ནས་བྲུ་སྟོན་བསོད་ནམས་རྒྱལ་མཚན་གྱི་ཞབས་བསྟེན་ཚུལ། མཐར་བསྟན་འགྲོའི་དོན་དུ་ཁྲི་ཀ་སྟོང་ཆེ་རུ་ཇི་ལྟར་བྱོན་ནས་ལྷ་ཁང་བྱ་འདབ་སུམ་བརྩེགས་ཅན་བཞེངས་ཚུལ་གྱི་ལོ་རྒྱུས་སོགས་གསལ་བས། དེང་སང་མཚོ་སྔོན་ཕྱོགས་ཀྱི་བོན་བསྟན་བྱུང་འཕེལ་གྱི་ལོ་རྒྱུས་ཅུང་གླེང་རྒྱུ་ཡོད་པ་ཐམས་ཅད་ཁོང་གི་རང་རྣམ་འདི་ལ་བརྟེན་ནས་བྱུང་བ་ཡིན་པས། ཤོག་ལྷེ་བཅོ་བརྒྱད་ལས་མེད་ཀྱང་པོད་ཆེན་གཅིག་གི་གོ་ཆོད་པས་འདི་འདྲའི་གསུང་རྩོམ་རིན་ཐང་ཅན་རྩོམ་འཕྲོ་ལུས་པ་ནི་ཆེས་བློ་སེམས་ཕམ་པ་དང་ཡིད་སྐྱོ་བའི་གནས་ཚུལ་ཞིག་ཡིན་མོད། འོན་ཀྱང་རིག་གསར་གྱི་གོད་ཆག་ནང་འདི་ཉིད་སྲུང་སྐྱོབ་ཐུབ་པ་དང་། ད་ལྟ་ཀུན་གྱི་སྤྱན་ལམ་དུ་ཐུན་མོང་དུ་ཁྱབ་སྤེལ་བྱུང་ཐུབ་པའང་བསམ་ན་ཤིན་ཏུ་ནས་དགའ་འོས་པ་ཞིག་ཀྱང་ཡིན།
ཡང་ཁོང་གིས་མཛད་པའི་གངས་ཅན་བོད་ཀྱི་བརྡ་ཡང་དག་པར་སྦྱོར་བ་མིང་གི་བསྟན་བཅོས་ལེགས་པར་བཤད་པ་བློ་གསལ་འཇུག་ངོགས་རིན་པོ་ཆེའི་གཏེར་ཁྱིམ་ཞེས་པ་ནི་བརྡ་དག་ཐ་སྙད་ཀྱི་སྐོར་ཤིན་ཏུ་ཆ་ཚང་བ་ཙམ་དུ་མ་ཟད། བསྟན་པ་སྤྱི་དང་བྱེ་བྲག་ཡི་གེའི་བྱུང་ཁུངས་ལས་སྟོན་པ་གཤེན་རབ་ཀྱི་མཛད་པ་དང་བོན་བསྟན་གྱི་འཕེལ་རིམ། ཡི་གེ་བྱུང་ཁུངས་སོགས་གསལ་བོར་གསུང་ཡོད་པས་གངས་ཅན་གྱི་བརྡ་སྤྲོད་ཀྱི་གཞུང་ལས་ཤིན་ཏུ་སྐད་གྲགས་ཆེན་པོ་ཆགས་ཡོད། གཞན་རྒྱལ་ཀུན་གསུང་གི་དབང་ཕྱུག་སྒྲ་དབྱངས་རྒྱལ་མོའི་བསྟོད་པ་ལྷ་ཡི་གྷན་དྷེ་དང་གསུང་མགུར་སོགས་ཀྱང་ཁོང་གི་སྙན་ངག་གི་བརྩམས་ཆོས་ལས་ཆེས་དཔེ་མཚོན་ལྡན་པ་རྣམས་ཡིན།
ད་ལན་གྱི་གསུང་འབུམ་འདིར་ཁོང་གི་གསུང་རྩོམ་ཚན་པ་ཞེ་བདུན་བསྡུས་ཡོད་པ་ལས་གཞན། ད་དུང་རྒྱལ་ཆེན་ཤེལ་ཁྲབ་ཅན་གྱི་སྒྲུབ་གཞུང་དང་། ཕྱྭ་སྲས་ཡིད་འོང་རྒྱལ་བའི་དབང་ཁྲིད། སེར་རྒྱ་བོན་མང་གི་བཅའ་ཡིག་སོགས་མང་པོ་ཡོད་པར་ཐོས་མོད། རིག་གསར་གྱི་གོད་ཆག་ཆེན་པོའི་ནང་ནས་འཇིག་ཚར་བས་ད་ལྟ་མཇལ་ཡུལ་དུ་མ་གྱུར། ཁོང་གི་གསུང་སྐྱེས་བུ་སློབ་ཡང་བོན་བརྒྱ་གཡུང་དྲུང་ཕུན་ཚོགས་གཙོས་ཐུགས་རྗེས་བསྐྱངས་པའི་སློབ་མ་མང་པོ་འདུག
དེ་ལྟར་སྦ་སེར་རིན་པོ་ཆེ་ཉིད་མཐར་སྐུ་ཚེ་མཛད་འཕྲིན་མཐར་ཕྱིན་ནས་དགུང་ལོ་རེ་བརྒྱད་བཞེས་པའི་རབ་བྱུང་བཅོ་ལྔ་བའི་ཤིང་འབྲུག(སྤྱི་ལོ༡༩༠༤)ལོར་སྐུ་མི་རྟག་མྱ་ངན་ལས་འདས་པ་ཡིན་ལ། ཁོང་གི་ཞལ་ཆེམས་ལྟར་བོན་བརྒྱ་གཡུང་དྲུང་ཕུན་ཚོགས་ཚང་དཔོན་གཡོག་ལྔ་ཙམ་ཕེབས་ཏེ། ཉི་མ་གསུམ་ལ་བླ་སྒྲུབ། རྒྱལ་འདུས། ཞི་ཁྲོ་རྣམས་ཀྱི་ཚོགས་འཁོར་ཕུལ་ཞིང་སྤྱན་འདྲེན་ཁྲུས་གསོལ་དང་། གསལ་འདེབས། བསྔོ་སྨོན་ཡང་དག་པ་བྱས། སྦ་སེར་རིན་པོ་ཆེའི་ཞལ་ཆེམས་ལྟར། གདུང་རིན་པོ་ཆེ་བྱ་གཏོར་བྱེད་སྐབས། ངོ་མཚར་བའི་རྟགས་སྣ་ཚོགས་པ་བྱུང་ནས། རང་གཞན་ཐམས་ཅད་ཡ་མཚན་པའི་གནས་ལ་བཀོད། ཁོང་རི་ཁྲོད་པ་ཡིན་པའི་ཚོད་ཀྱིས་གདུང་མཆོད་ཕུན་སུམ་ཚོགས་པ་གཏོར་བར་འདུག[26] ཅེས་གསལ་བ་སོགས་ཀྱིས་ཁོང་གི་སྐུ་ཚེ་གང་གི་རྣམ་ཐར་ཅུང་ཙམ་ཞུས་པ་ཡིན།
ཞེས་སྦ་སེར་པཎྜི་ཏ་ཀུན་བཟང་རྒྱལ་མཚན་གྱི་བྱུང་བ་བརྗོད་པ་འདི། སྒ་རིགས་ཀྱི་སྤྲུལ་མིང་བ་མཁར་ནག་སྐལ་བཟང་རྒྱ་མཚོའམ་མཚོ་སྐྱེས་ཟླ་བ་གཞོན་ནུ་དཔལ་འབར་དུ་འབོད་པས་དམ་པ་གང་གི་གསུང་རྩོམ་དག་སྒྲིག་གི་བར་སྐབས་སུ་བྲིས་པའོ། །
དཔྱད་མཆན།
[1] རྒན་རབས་དག་གི་ངག་སྒྲོས་ལས། གཡང་ལུང་ཞེས་པ་ནི་ཁྲི་ཀའི་ཡུལ་གྱི་གནའ་མིང་ཡིན་པ་དང་། ར་བ་གསུམ་མམ་ཚིག་བསྡུས་ཏེ་ར་གསུམ་དུ་བརྗོད་པ་ནི། ཤར་གྱི་ཇོ་བོ་ལུང་བའམ་ལན་ཇོ་ལུང་བ། དབུས་མ་སྟོང་ཆེ་ལུང་བ། ནུབ་ཀྱི་བདེ་སྐྱིད་ལུང་བ་བཅས་གསུམ་ལ་བཤད་ཅིང་། ར་བ་ཞེས་པའང་གངས་རིའི་ར་བས་བསྐོར་བ་ཞེས་བརྗོད་པ་ལྟར་རི་ཐམས་ཅད་ཀྱིས་ལུང་བའི་མཐར་ར་བའི་ཚུལ་དུ་བསྐོར་ཡོད་པའི་དོན་ཡིན།
[2] འདིར་དགོན་པའི་དགེ་རྒན་ཞེས་པ་ནི་རྩེ་ཞིག་ཁྲི་རིན་པོ་ཆེ་སྐུ་རབས་རིམ་བྱོན་གྱིས་དགོན་སྡེ་གཡུང་དྲུང་ཕུན་ཚོགས་གླིང་དུ་བསྐོས་པའི་ཁོང་གི་ཞལ་སྐྱིན་སྐུ་ཚབ་ཀྱི་ལས་སྣེ་གལ་ཆེན་ཞིག་ཡིན་ལ། དགོན་པའི་གྲྭ་རྒན་དག་གི་ངག་སྒྲོས་ལས་དེ་ནི་སྙིང་ངེ་དཔོན་ཚང་དང་། ཁྱུང་མོ། མཁར་ནག་བཅས་ཚོ་བ་གསུམ་ལས་རེས་མོས་སུ་འཇོན་ཐང་ཅན་གྱི་གྲྭ་རྒན་དག་བསྐོ་དགོས་པར་བཤད། རིག་གསར་རྗེས་ནས་ཚོ་བ་གང་ཡིན་ལ་མ་བལྟས་པར་བོན་བརྒྱ་རིན་པོ་ཆེ་ནས་ཁྱུང་མོ་དགོན་པའི་དགེ་རྒན་བསྐོ་བཞག་མཛད།
[3] ཞང་སྐད་དེ། བོད་སྐད་དུ་ནམ་མཁའ་ཤེས་རབ་ཟེར། མཁར་ནག་བླ་རབས་གཉིས་པ་ཡིན།
[4] ཞང་སྐད་དེ། བོད་སྐད་དུ་གཡུང་དྲུང་ཡེ་ཤེས་ཟེར། མཁར་ནག་བླ་རབས་གསུམ་པ་ཡིན།
[5] 《མཁའ་འགྲོའི་གསང་གཅོད་ཡིད་བཞིན་ནོར་བུའི་གསུང་པོད》 ལག་བྲིས་མ། ཤོག་ལྷེ༦༥༥པ་ནས ༦༥༦པའི་བར་དུ་གསལ།
[6] 《སྦ་སེར་བླ་མ་ཀུན་བཟང་རྒྱལ་མཚན་གྱི་གསུང་འབུམ》 ལག་བྲིས་མར་གསལ།
[7] 《སྦ་སེར་བླ་མ་ཀུན་བཟང་རྒྱལ་མཚན་གྱི་གསུང་འབུམ》 ལག་བྲིས་མར་གསལ།
[8] 《སྦ་སེར་བླ་མ་ཀུན་བཟང་རྒྱལ་མཚན་གྱི་གསུང་འབུམ》 ལག་བྲིས་མར་གསལ།
[9] 《སྦ་སེར་བླ་མ་ཀུན་བཟང་རྒྱལ་མཚན་གྱི་གསུང་འབུམ》 ལག་བྲིས་མར་གསལ།
[10] 《སྦ་སེར་བླ་མ་ཀུན་བཟང་རྒྱལ་མཚན་གྱི་གསུང་འབུམ》 ལག་བྲིས་མར་གསལ།
[11] 《སྦ་སེར་བླ་མ་ཀུན་བཟང་རྒྱལ་མཚན་གྱི་གསུང་འབུམ》 ལག་བྲིས་མར་གསལ།
[12] 《སྦ་སེར་བླ་མ་ཀུན་བཟང་རྒྱལ་མཚན་གྱི་གསུང་འབུམ》 ལག་བྲིས་མར་གསལ།
[13] 《སྦ་སེར་བླ་མ་ཀུན་བཟང་རྒྱལ་མཚན་གྱི་གསུང་འབུམ》 ལག་བྲིས་མར་གསལ།
[14] བོན་བརྒྱ་གཡུང་དྲུང་ཕུན་ཚོགས་ཀྱིས་མཛད་པའི《སྔགས་བཙུན་གཡུང་དྲུང་ཕུན་ཚོགས་མཁས་གྲུབ་འཇིགས་མེད་ཀྱིས་ལོ་རེ་བཞིན་རྣམ་དཀར་དགེ་བ་བསྒྲུབས་ཚུལ་གྱི་ལོ་རྒྱུས་རྗེས་འཇུག་ཐར་ལམ་བགྲོད་པའི་ཐེམ་སྐས་ཞེས་བྱ་བ》 ཤིང་པར་མ། ཤོག་ལྷེ༡༥པ་ན་གསལ།
[15] 《སྦ་སེར་བླ་མ་ཀུན་བཟང་རྒྱལ་མཚན་གྱི་གསུང་འབུམ》 ལག་བྲིས་མར་གསལ།
[16] 《སྦ་སེར་བླ་མ་ཀུན་བཟང་རྒྱལ་མཚན་གྱི་གསུང་འབུམ》 ལག་བྲིས་མར་གསལ།
[17] བོན་བརྒྱ་གཡུང་དྲུང་ཕུན་ཚོགས་ཀྱིས་མཛད་པའི《སྔགས་བཙུན་གཡུང་དྲུང་ཕུན་ཚོགས་མཁས་གྲུབ་འཇིགས་མེད་ཀྱིས་ལོ་རེ་བཞིན་རྣམ་དཀར་དགེ་བ་བསྒྲུབས་ཚུལ་གྱི་ལོ་རྒྱུས་རྗེས་འཇུག་ཐར་ལམ་བགྲོད་པའི་ཐེམ་སྐས་ཞེས་བྱ་བ》 ཤིང་པར་མ། ཤོག་ལྷེ༡༩པ་ན་གསལ།
[18] བོན་བརྒྱ་གཡུང་དྲུང་ཕུན་ཚོགས་ཀྱིས་མཛད་པའི《སྔགས་བཙུན་གཡུང་དྲུང་ཕུན་ཚོགས་མཁས་གྲུབ་འཇིགས་མེད་ཀྱིས་ལོ་རེ་བཞིན་རྣམ་དཀར་དགེ་བ་བསྒྲུབས་ཚུལ་གྱི་ལོ་རྒྱུས་རྗེས་འཇུག་ཐར་ལམ་བགྲོད་པའི་ཐེམ་སྐས་ཞེས་བྱ་བ》 ཤིང་པར་མ། ཤོག་ལྷེ༡༩པ་ན་གསལ།
[19] 《གངས་ཅན་བོད་ཀྱི་བརྡ་ཡང་དག་པར་སྦྱོར་བའི་མིང་གི་བསྟན་བཅོས་བློ་གསལ་འཇུག་ངོགས་རིན་ཆེན་གཏེར་ཁྱིམ》 ཤིང་པར་མར་གསལ།
[20] བོན་བརྒྱ་གཡུང་དྲུང་ཕུན་ཚོགས་ཀྱིས་མཛད་པའི《སྔགས་བཙུན་གཡུང་དྲུང་ཕུན་ཚོགས་མཁས་གྲུབ་འཇིགས་མེད་ཀྱིས་ལོ་རེ་བཞིན་རྣམ་དཀར་དགེ་བ་བསྒྲུབས་ཚུལ་གྱི་ལོ་རྒྱུས་རྗེས་འཇུག་ཐར་ལམ་བགྲོད་པའི་ཐེམ་སྐས་ཞེས་བྱ་བ》 ཤིང་པར་མ། ཤོག་ལྷེ༢༣པ་ན་གསལ།
[21] 《སྦ་སེར་བླ་མ་ཀུན་བཟང་རྒྱལ་མཚན་གྱི་གསུང་འབུམ》 ལག་བྲིས་མར་གསལ།
[22] བོན་བརྒྱ་གཡུང་དྲུང་ཕུན་ཚོགས་ཀྱིས་མཛད་པའི《སྔགས་བཙུན་གཡུང་དྲུང་ཕུན་ཚོགས་མཁས་གྲུབ་འཇིགས་མེད་ཀྱིས་ལོ་རེ་བཞིན་རྣམ་དཀར་དགེ་བ་བསྒྲུབས་ཚུལ་གྱི་ལོ་རྒྱུས་རྗེས་འཇུག་ཐར་ལམ་བགྲོད་པའི་ཐེམ་སྐས་ཞེས་བྱ་བ》 ཤིང་པར་མ། ཤོག་ལྷེ༢༤པའི་སྲིབ་ན་གསལ།
[23] 《སྦ་སེར་བླ་མ་ཀུན་བཟང་རྒྱལ་མཚན་གྱི་གསུང་འབུམ》 ལག་བྲིས་མར་གསལ།
[24] བོན་བརྒྱ་གཡུང་དྲུང་ཕུན་ཚོགས་ཀྱིས་མཛད་པའི《སྔགས་བཙུན་གཡུང་དྲུང་ཕུན་ཚོགས་མཁས་གྲུབ་འཇིགས་མེད་ཀྱིས་ལོ་རེ་བཞིན་རྣམ་དཀར་དགེ་བ་བསྒྲུབས་ཚུལ་གྱི་ལོ་རྒྱུས་རྗེས་འཇུག་ཐར་ལམ་བགྲོད་པའི་ཐེམ་སྐས་ཞེས་བྱ་བ》 ཤིང་པར་མ། ཤོག་ལྷེ༦༡པའི་སྲིབ་ན་གསལ།
[25] བོན་བརྒྱ་གཡུང་དྲུང་ཕུན་ཚོགས་ཀྱིས་མཛད་པའི《སྔགས་བཙུན་གཡུང་དྲུང་ཕུན་ཚོགས་མཁས་གྲུབ་འཇིགས་མེད་ཀྱིས་ལོ་རེ་བཞིན་རྣམ་དཀར་དགེ་བ་བསྒྲུབས་ཚུལ་གྱི་ལོ་རྒྱུས་རྗེས་འཇུག་ཐར་ལམ་བགྲོད་པའི་ཐེམ་སྐས་ཞེས་བྱ་བ》 ཤིང་པར་མ། ཤོག་ལྷེ༦༢པའི་སྲིབ་ན་གསལ།
[26] བོན་བརྒྱ་གཡུང་དྲུང་ཕུན་ཚོགས་ཀྱིས་མཛད་པའི《སྔགས་བཙུན་གཡུང་དྲུང་ཕུན་ཚོགས་མཁས་གྲུབ་འཇིགས་མེད་ཀྱིས་ལོ་རེ་བཞིན་རྣམ་དཀར་དགེ་བ་བསྒྲུབས་ཚུལ་གྱི་ལོ་རྒྱུས་རྗེས་འཇུག་ཐར་ལམ་བགྲོད་པའི་ཐེམ་སྐས་ཞེས་བྱ་བ》 ཤིང་པར་མ། ཤོག་ལྷེ༦༥པ་དང༦༩པའི་སྲིབ་ན་གསལ།
