མཁར་ནག་བླ་རབས་ཀྱི་རྣམ་ཐར་མདོར་བསྡུས།
[ཟླ་ཚེས། 2026-04-14 19:42:18][རྩོམ་པ་པོ། མཁར་ནག་སྐལ་བཟང་རྒྱ་མཚོ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
༄༅། །ཀ་དག་སྤྲོས་བྲལ་བོན་སྐུ་ཀུན་ཏུ་བཟང་། །རང་བཞིན་མ་འགག་ལོངས་སྐུ་གཤེན་ལྷ་འོད། །སྣ་ཚོགས་སྤྲུལ་པ་འཆི་མེད་གཙུག་ཕུད་གཤེན། །སུམ་ལྡན་དཔོན་གསས་བླ་མས་དུས་ཀུན་སྐྱོངས། །གངས་ལྗོངས་ས་ཡི་ཐིག་ལེ་མདོ་སྨད་ཡུལ། །རྨ་ཀླུང་ཕྱུག་མོ་དལ་དུ་འབབ་པའི་གནས། །སྨད་རྒྱུད་འདུལ་བའི་མེ་རོ་གསོ་བའི་ཞིང་། །གཡང་ལུང་ཁྲི་ཀའི་མཛེས་ལྗོངས་ལྟ་ན་སྡུག །ཕྱོགས་འདིར་གཡུང་དྲུང་བོན་གྱི་གདུགས་དཀར་པོ། །སྲིད་རྩེར་འགྲེངས་ལ་འཇིགས་མེད་གསང་བའི་བདག །མཁར་ནག་གྲུབ་ཆེན་ཁུ་དབོན་མཚན་སྙན་དབྱངས། །ལུས་ཅན་དང་བ་འདྲེན་བའི་དཔལ་དུ་བསྔགས། །གང་གི་ཕྱག་རྗེས་བྲག་ལ་རི་མོ་བཞིན། །འཇིག་པ་མེད་གང་རྗེས་སུ་དྲན་པའི་ཕྱིར། །བླ་རབས་རིམ་བྱོན་རྣམས་ཀྱི་ལོ་རྒྱུས་བཅས། །ཅུང་ཟད་སྨྲ་ལ་ཁོ་བོར་སྤོབས་པ་བརྟས། །ཞེས་སྙན་ཚིག་མེ་ཏོག་གིས་མདུན་བསུས་ནས་སྐབས་སུ་གླེང་བར་བྱ་བ་ནི།

གཅིག མཁར་ནག་བླ་རབས་དང་པོ་གྲུབ་ཆེན་པྲཛྙཱ་ཚུལ་མིའི་རྣམ་ཐར་མདོར་བསྡུས།
མཁར་ནག་བླ་རབས་དང་པོ་གྲུབ་ཆེན་པྲཛྙཱ་ཚུལ་མིའམ་ཤེས་རབ་ཚུལ་ཁྲིམས་ནི། རབ་བྱུང་བཅུ་གཉིས་པར་ཁྲི་ཀ་གཡང་ལུང་ར་གསུམ་དུ་གྲགས་པའི་དབུས་མ་སྟོང་ཆེའི་མཁར་ནག་ནས་སྐུ་འཁྲུངས་ཤིང། ནར་སོན་པ་དང་ཁྱུང་མོ་དགོན་ནས་སྒྲིག་ཞུགས་གནང་། འབྲི་ཀློག་གི་དགེ་རྒན་ལེགས་པར་བསྟེན་ནས་འདོན་རྟ་དབྱངས་གསུམ། བཅའ་ཀ་ཕྱག་ལེན་ལ་ལེགས་པར་སྦྱངས། དེ་རྗེས་རིམ་བཞིན་སུམ་རྟགས་བརྡ་སྤྲོད་དང་སྒྲ་སྙན་ངག་སོགས་ཐུན་མོང་གི་རིག་གནས་སྤྱི་ལ་བློ་རྩལ་སྦྱངས་ནས་རང་བཞིན་གྱིས་མཁས་པའི་རྒྱལ་སྲིད་ཟིན། ཁྱད་པར་དུ་རྩེ་ཞིག་ཁྲི་རིན་པོ་ཆེ་དྲུང་རམས་པ་ཤེས་རབ་རྣམ་རྒྱལ་རིགས་ཀྱི་ཅོད་པན་དུ་བསྟེན་ནས། བོན་སྒོ་ཕྱི་ནང་གསང་གསུམ་གྱི་དབང་ལུང་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་ཐོབ།[1] དམ་པ་དེའི་མདུན་ནས་མདོ་དྲི་མེད་གཟི་བརྗིད་དང་སྤྱི་འདུལ་གྱི་དབང་ལུང་ཐོབ་པ་ནི། ངེད་ཚང་དུ་ལུས་ཡོད་པའི་དཔར་ཤིང་གཅིག་གི་སྟེང་དུ་སྟོན་པ་གཤེན་རབ་མི་བོ་ནས་རྩེ་ཞིག་ཤེས་རབ་རྣམ་རྒྱལ་གྱི་བར་གྱི་མདོ་དྲི་མེད་གཟི་བརྗིད་ཀྱི་བརྒྱུད་རིམ་ཁ་ཚང་དང་། བོན་སྐུ་ཀུན་ཏུ་བཟང་པོ་ནས་རྩ་བའི་བླ་མ་ཤེས་རབ་རྣམ་རྒྱལ་བར་གྱི་སྤྱི་འདུལ་བརྒྱུད་རིམ་ཁ་ཚང་ཡོད་པ་ལས་ཤེས་ཐུབ།[2] ཞི་རྒྱས་དབང་དྲག་གི་གཅོད་གཞུང་མང་དུ་ཡོད་པའི་ནང་ནས་མཁའ་འགྲོ་གསང་གཅོད་ཀྱི་དབང་ལུང་གདམས་ཁྲིད་མ་ལུས་པར་ཞུས་ཤིང༌། གཉན་ས་ཆུ་མིག་མང་དུ་འགྲིམས་ནས་ཉམས་རྟོགས་ཀྱི་ཡོན་ཏན་རབ་ཏུ་རྒྱས་ཤིང་། མཁའ་འགྲོ་གསང་གཅོད་ཡིད་བཞིན་ནོར་བུའི་དབྱུག་བཅོས་ཀྱི་གཞུང་ཞིག་ཀྱང་མཛད། ཁྱད་པར་དུ་ཐེག་པ་ཐམས་ཅད་ཀྱི་ཡང་རྩེ། བོན་ཕྱི་ནང་གསང་གསུམ་གྱི་ཡང་བཅུད། རྫོགས་པ་ཆེན་མོ་ཞང་ཞུང་སྙན་བརྒྱུད་བཀའ་རྒྱུད་སྐོར་བཞིའི་ཕྱི་ལྟ་བ་སྤྱི་གཅོད། ནང་མན་ངག་དམར་ཁྲིད། གསང་བ་རིག་པ་གཅེར་མཐོང༌། ཡང་གསང་རིག་པ་རྐྱང་འདེད་སོགས་ཀྱི་མན་ངག་ཁྲིད་གདམས་ངོ་སྤྲོད་སོགས་ཡོངས་སུ་ཞུས་ཏེ། ཕྱི་སོ་སོར་ཐར་བའི་སྡོམ་ཁྲིམས་གཙང་ཞིང༌། ནང་གསང་བ་སྔགས་ཀྱི་བསྐྱེད་རྫོགས་ལ་མངའ་བརྙེས་པ། གསང་བ་བྱང་ཆུབ་ཀྱི་ཐུགས་བསྐྱེད་དག་ཅིང་སྙིང་རྗེ་ཆེན་པོས་རྒྱུད་བརླན་པ། ཡང་གསང་རྫོགས་པ་ཆེན་པོའི་ཉམས་ལེན་ལ་རང་བྱན་ཆུད་པའི་སྡོམ་གསུམ་འཛིན་པའི་སྐྱེས་བུ་དམ་པར་གྱུར། གཞན་རྩེ་ཞིག་འགྱུར་མེད་ཀུན་བཟང་རྒྱ་མཚོའི་མདུན་ནས་ཀྱང་གསང་གཅོད་ཀྱི་ཁྲིད་གདམས་སོགས་ཐོབ་ནས་གྱེར་ཆེན་ནམ་མཁའ་ཤེས་རབ་ལ་བརྒྱུད་པ་གསལ།[3]
ཁོང་གིས་གསང་སྔགས་ཀྱི་བསྙེན་སྒྲུབ་མཛད་ནས་སྣང་སྲིད་ཀྱི་ལྷ་འདྲེ་དྲེགས་པ་ཅན་རྣམས་དམ་ལ་བཏགས་ཤིང་བསྟན་པ་སྲུང་བའི་བཀའ་བགོས། བྲག་བཙན་གཡུང་དྲུང་དགྲ་འདུལ་གྱི་ཞལ་གཟིགས་བྱུང་ནས་བསྟན་པ་སྲུང་བར་ཁས་བླངས་པར་བརྟེན། ཨ་བསྭེ་ཞལ་གཟིགས་བསྐང་བ་ཞིག་ཀྱང་མཛད།[4] ཁྲི་ཀའི་ཡུལ་ལྷ་ཆེན་པོས་རང་གཟུགས་བསྟན་ནས་བསྟན་པའི་སྡོངས་གྲོགས་རྒྱ་ཆེར་མཛད་པར་ཞལ་གྱིས་བཞེས་ཚེ། དེ་ལ་ཁྲི་ཀའི་ཡུལ་སྐྱོང་ལྷ་བཙན་ཆེན་པོའི་བསང་མཆོད་མཛད།[5] དེ་ཚེ་གཡུང་དྲུང་ཕུན་ཚོགས་གླིང་ལ་ཕ་རོལ་གྱི་བསྟན་དགྲས་མངོན་སྤྱོད་བྱས་ནས་བཙུན་པ་ཐམས་ཅད་ཀྱི་ཚེ་སྲོག་ལ་ཉེན་ཁ་བྱུང་དུས། ཁོང་གིས་ཁྲོ་རྒྱལ་རག་ཤ་སྤྱི་འདུལ་གྱི་བསྙེན་སྒྲུབ་མཛད་ནས་ཕ་རོལ་གྱི་ཉེར་འཚེ་ཟློག་པར་བྱས། གཤེན་གྱི་གར་འཆམ་གསས་བྲོ་འཆམ་དུས་ཉམས་རྟོགས་ངང་ནས་དགོན་པའི་གནས་བདག་ཀླུ་མོ་གཞོན་ནུ་མ་གཉིས་དང་རྒྱལ་ཆེན་ཤེལ་ཁྲབ་སོགས་ཀྱི་རང་གཟུགས་བསྟན་ནས་གར་འཆམ་པ་གཟིགས་ནས། ཕྱི་ལོ་ནས་བཟུང་དེ་གསུམ་ཀ་ལའང་འཆམ་གཞུང་ལྟ་ན་སྡུག་པ་ཀུན་གྱི་མིག་དབང་འཕྲོག་པ་རེ་བརྩམས་ནས་ད་ལྟ་བར་དུ་མ་ཉམས་པར་གནས་ཡོད། ཁོང་གིས་བསྟན་དང་འགྲོ་བ་ལ་ཕན་བདེ་སྒྲུབ་པའི་ཁུར་ཆེན་བཞེས་ནས། འདུས་སྡེ་གཡུང་དྲུང་ཕུན་ཚོགས་གླིང་ནས་ལྷ་ཁང་ཞིག་བཞེངས་ཤིང༌། དེ་ལ་མཁར་ནག་ལྷ་ཁང་ཉི་འོད་འཁྱིལ་བར་བརྗོད་ལ། དུས་ཕྱིས་སུ་རྩེ་ཞིག་ཆོས་རྗེ་རྒྱལ་བ་ཚུལ་ཁྲིམས་རིན་པོ་ཆེ་ཡང་འདི་རུ་བཞུགས་ནས་གཅོད་ཡུལ་ངག་འདོན་ངར་འཛིན་རྩད་གཅོད་རིག་པའི་རལ་གྲི་མཛད།[6] འཁྲུངས་གཞིས་ནས་ཀྱང་ལྷ་ཁང་ཐོག་འོག་རིམ་གཉིས་ཅན་སྒྲུབ་ཁང་དང་བཅས་པ་བཞེངས། ལྷག་པར་དུ་ཁྲི་ཀ རེབ་གོང་སོགས་ཕྱོགས་སོ་སོའི་བོན་སྡེ་ཐམས་ཅད་ཞབས་ཀྱིས་བཅགས་ཏེ། ཐར་བའི་རིགས་སད་པའི་སྐལ་ལྡན་གྱི་བུ་སློབ་རྣམས་ལ་དབང་ལུང་ཁྲིད་གསུམ་གྱི་བཀའ་དྲིན་བསྩལ། རྗེས་སུ་བཞག་པའི་བོན་གཞུང་ནི། རྣམ་པར་རྒྱལ་བའི་ཆོག་བསྒྲིགས་ཤེལ་གྱི་ཕྲེང་བ་སོགས་ཆོ་ག་ལག་ལེན་གྱི་སྐོར་དང༌། མཁའ་འགྲོ་གསང་གཅོད་ཡིད་བཞིན་ནོར་བུའི་དབྱུག་བཅོས་གཞུང་དང་བསྟན་སྲུང་བྲག་བཙན་རྒྱལ་བའི་ལས་ཚོགས་སྤྱི་ལ་རྒྱུག་པའི་སྒྲུབ་གཞུང་ནོར་བུའི་ཕྲེང་བ་སོགས་སྒྲུབ་གཞུང་གི་སྐོར། ཀླུ་བོན་དབྱངས་སྙན་གྱི་གཟུངས་སྒྲུབ་གཏེར་སྒྲུབ། བུམ་སྒྲུབ་ནད་གདོན་བཅིངས་འགྲོལ་གྱི་སྐོར། གཟའ་དྲང་སྲོང་ཟློག་པའི་ཏིང་འཛིན་ངང་ནས་གསུང་བའི་གཟའ་བཙན་གྱི་དུག་ཕྱུང་སོགས་འགྲོ་བ་ནད་གདོན་གྱི་སྡུག་བསྔལ་ལས་སྐྱོབ་བྱེད་ཀྱི་སྐོར། རྩེ་ཞིག་འགྱུར་མེད་ཀུན་བཟང་རྒྱ་མཚོས་ཡང་ཡང་བསྐུལ་བ་ལ་བརྟེན་ནས་གསུང་བའི་ཁྲོ་རྒྱལ་སྤྱི་འདུལ་གྱི་སྦྱིན་སྲེག་སོགས་མནན་སྲེག་འཕང་གསུམ་དྲག་པོ་འཕྲིན་ལས་ཀྱི་སྐོར་སོགས། ཕྱི་རབས་ཀྱི་རྗེས་འཇུག་རྣམས་ལ་བསྟན་པ་སྲུང་བྱེད་ཀྱི་གོ་ཆ་ལྟ་བུར་གྱུར་པའི་སྲུང་མའི་སྒྲུབ་ཐབས་དང་གསད་ལས་སོགས་མང་དུ་མཛད། ཁོང་གིས་འཕྲིན་ལས་རྣམ་བཞིས་བསྟན་དང་འགྲོ་བ་ལ་ཕན་པའི་དོན་རྒྱ་ཆེན་པོ་མཛད་ནས་མཁར་ནག་གྲུབ་ཆེན་ཞེས་མཚན་སྙན་གྱི་གྲགས་པ་ཕྱོགས་བཞིར་ཁྱབ་ཅིང་དྲེགས་ལྡན་གྱི་སྐྱ་སེར་ཐམས་ཅད་ཀྱི་ཁེངས་པ་འཕྲོག་པར་བྱས། ཁོང་གི་སྐབས་སུ་ཤིང་པར་བརྐོས་པ་དང་གསེར་དངུལ་གྱིས་གསུང་རབ་འབྲི་བཞེངས་མཛད་པ་སོགས་བཤད་རྒྱུན་ཡོད་ལ། ད་ལྟར་ངེད་ཚང་དུ་དཔར་ཤིང་གཅིག་ལུས་ཡོད་པའི་གཡས་ཕྱོགས་སུ་བཞི་བ་མདོ་རྒྱུད་ཅེས་ཤིང་ལེབ་ཨང་བཞི་བ་ཡིན་པ་གསལ་བས་ཀྱང་ར་སྤྲོད་བྱེད་ཐུབ། ཁོང་གི་གསུང་སྐྱེས་བུ་སློབ་ལ་སྐུ་དབོན་གྱེར་ཆེན་ནམ་མཁའ་ཤེས་རབ་སོགས་མཁས་གྲུབ་གཉིས་ལྡན་གྱི་སློབ་མ་མང་དུ་བྱུང༌། དམ་པ་འདི་ཉིད་ནི་སྙིགས་དུས་ཀྱི་བསྟན་འགྲོའི་དོན་དུ་འགྲོ་བ་མི་ཡི་གཟུགས་སུ་སྤྲུལ་པ་དང་། ཐོག་མའི་དུས་ནས་བཟུང་རིག་འཛིན་ཆེན་པོའི་ས་ཐོབ་པར་ངེས་ཏེ། སྦ་སེར་བླ་མ་ཀུན་བཟང་རྒྱལ་མཚན་གྱིས་སྙ་ཆེན་དངོས་བྱོན་གྲུབ་ཆེན་ཤེས་རབ་ཚུལ་ཁྲིམས་ཀྱི།[7] ཞེས་གསུང་བ་ནི་དོན་དུ་གནས་པའི་ལེགས་བཤད་རྣམ་དག་གོ །
ཁོང་ནི་དྲུང་རམས་པའི་སློབ་མ་གྲུབ་ཆེན་གསུམ་གྱི་གྲས་ཡིན་ལ། སྦ་སེར་བླ་མའི་རང་རྣམ་དུ་དྲུང་རམས་པའི་གྲུབ་ཐོབ་ཀྱི་སློབ་མ་གཞན་གཉིས་ཀའི་མཚན་གསལ་ཁ་མེད་མོད། བོན་བརྒྱ་རིན་པོ་ཆེ་ནས་སོ་ནག་བོན་པོ་དང་གྱང་རིའི་ཐུགས་རྗེ་གཉིས་བགྲངས་ཡོད་མོད། དེ་ལ་ཅུང་དཔྱད་རྒྱུ་ཡོད་དེ། རྒྱུ་མཚན་ནི་སོ་ནག་བོན་པོ་དང་རྗེ་གསེར་ཁང་བ། གཉའ་ཐུབ་བསྟན་སོགས་དུས་མཉམ་ཙམ་ཡིན་པས། རྗེ་གསེར་ཁང་བ་ནི་ར་རྒྱ་དགོན་བཏབ་ནས་ལོ་བཅུ་བཞི་འདས་པའི་རབ་བྱུང་བཅུ་གསུམ་པའི་ལྕགས་བྱི་སྟེ་སྤྱི་ལོ༡༧༨༠ལོར་འཁྲུངས་པ་ཡིན་པས། དེ་ནི་མཁར་ནག་ནམ་མཁའ་ཤེས་རབ་ཀྱིས་ར་རྒྱ་དགོན་དུ་ས་འདུལ་གནང་བའི་རྗེས་ཙམ་ཡིན། དེས་ན་གཉའ་ཐུབ་བསྟན་གྱིས་རྗེ་གསེར་ཁང་བ་འཁོར་གཡོག་འཕྲོག་བཅོམ་བྱས་པ་ནི་དེའི་རྗེས་གསེར་ཁང་བ་ནར་སོན་པའི་སྐབས་ཡིན་པ་སྨོས་མེད་རེད། སོ་ནག་བོན་པོའི་དགྲ་རུ་ལངས་ནས་མཐར་སྲོག་ཤོར་བ་དེས་ཀྱང་རྗེས་སུ་བྱུང་བའི་གཏམ་ཡིན་པ་སྨོས་མེད་ཡིན། ལྷག་པར་དུ་སོ་ནག་བོན་ཕྲུག་ནི་མཁར་ནག་ནམ་མཁའ་ཤེས་རབ་ཀྱི་སློབ་མ་ཡིན་པ་ནི་མཁར་ནག་དང་སོ་ནག་གཉིས་ཀ་ན་དེའི་སྐོར་གྱི་ངག་སྒྲོས་ད་ལྟའང་བཤད་རྒྱུ་ཡོད་པས་སོ། །ཁོ་བོས་ནི་མཁར་ནག་གྲུབ་ཆེན་པྲཛྙཱ་ཚུལ་མི་ལས་གཞན། གྲུབ་ཆེན་གཅིག་ནི་དྲུང་རམས་པ་ཁོང་གི་ཚ་བོ་རྩེ་ཞིག་གྲུབ་ཆེན་འགྱུར་མེད་ཀུན་བཟང་རྒྱ་མཚོ་ཡིན་པར་འདོད། རྒྱུ་མཚན་ཡང་དྲུང་རམས་པའི་ཞབས་ཟིན་ཡོད་པ་དང་མཁར་ནག་གྲུབ་ཆེན་གྱིས་ཀྱང་རྩེ་དབུས་གྲུབ་ཆེན་སྐུ་ཕྱོགས་ཀུན་བཟང་གིས་ཡང་ཡང་བསྐུལ་བའི་ངོར་ཁྲོ་བོ་སྤྱི་འདུལ་གྱི་དྲག་པོའི་སྦྱིན་སྲེག[8]མཛད་ཡོད་པས་ཤེས་ཐུབ། གྱང་རིའི་ཐུགས་རྗེ་ཞེས་པའི་ལོ་རྒྱུས་སོགས་ལ་གསལ་ཆ་མེད་པས་ཡིན་མིན་གང་ཡང་ཞུ་མ་ཕོད།
དམ་པ་འདི་ཉིད་སྐུ་གཤེགས་རྗེས་ཡང་སྤྲུལ་ངེས་འཛིན་མ་གནང་བས་སྐུ་ཕྲེང་བགྲང་རྒྱུ་མེད་ལ། མཁར་ནག་བླ་རབས་ཀྱི་ཐོག་མ་ཡིན་པས་འདིར་བླ་རབས་ལྟར་བགྲང་རྒྱུ་ཡིན།

གཉིས། མཁར་ནག་བླ་རབས་གཉིས་པ་གྱེར་ཆེན་ནམ་མཁའ་ཤེས་རབ།
མཁར་ནག་བླ་རབས་གཉིས་པ་གྱེར་ཆེན་མུ་ལ་པྲཛྙཱ་འམ་གྲུབ་དབང་ནམ་མཁའ་ཤེས་རབ་པདྨ་དྲི་མེད་རྩལ་ནི། སྙ་ཆེན་དངོས་བྱོན་གྲུབ་ཆེན་ཤེས་རབ་ཚུལ་ཁྲིམས་དང་ངོ་བོ་མི་གཉིས་ཤིང༌། འགྲོ་དོན་གདུལ་བྱའི་སྣང་ངོར་རྣམ་པ་ཐ་དད་ཀྱི་ཚུལ་དུ་རིགས་ཀྱི་དབོན་པོ་རུ་སྐུ་འཁྲུངས། ཆུང་དུས་ནས་ཤེས་བྱ་ཐམས་ཅད་ཐུགས་སུ་གསལ་ནའང༌། ཁུ་བོ་གྲུབ་ཆེན་གྱི་དྲུང་ནས་ཐུན་དང་ཐུན་མིན་གྱི་རིག་པའི་གནས་ལ་བློ་རྩལ་སྦྱང་བའི་ཚུལ་མཛད། ཁོང་ལ་སེམས་བསྐྱེད་ཀྱི་གོ་ཆ་བརྟན་ཅིང་ཐེག་པ་ཆེན་པོའི་རིགས་སད་པའི་རིན་པོ་ཆེ་ལྟ་བུའི་གདུལ་བྱ་རུ་མཐོང་ནས། ཁུ་བོ་གྲུབ་ཆེན་གྱིས་ཀྱང་བཀའ་དབང་ལུང་ཁྲིད་ཀྱི་བོན་སྦྱིན་ལྷུག་པར་བསྩལ། ཁྱད་པར་དུ་མཁའ་འགྲོ་གསང་གཅོད་དང་ཞང་ཞུང་སྙན་བརྒྱུད་བཀའ་རྒྱུད་སྐོར་བཞི་སོགས་ཐུགས་དམ་གྱི་གཙོ་བོར་མཛད་ནས་ལུང་ཁྲིད་མན་ངག་ཐམས་ཅད་ཐུགས་ཉམས་སུ་བསྟར་ནས་ཉམས་རྟོགས་ཀྱི་ལང་ཚོ་རབ་ཏུ་བརྟས་པའི་རྫོགས་ཆེན་གྱི་རྣལ་འབྱོར་ཆེན་པོར་གྱུར། གཉན་ས་དུར་ཁྲོད་མང་དུ་འགྲིམས་ནས་གཟུགས་མེད་ཀྱི་ལྷ་འདྲེ་དམ་ལ་བཏགས། དམ་པ་དེ་ཉིད་ལ་ཕྱོགས་འཛིན་གྱི་དྲི་མས་ཡོངས་སུ་བཏང་བར་བརྟེན་གྲུབ་མཐའ་གཞན་དག་ལའང་མཐུ་བྱིན་གྱིས་རྗེས་སུ་བཟུང༌། རྨ་ཀླུང་ལྷོ་རྒྱུད་ཀྱི་རི་བོ་དགེ་ལྡན་པའི་བསྟན་པའི་རྩ་ལག་ཆེན་མོ་ར་རྒྱ་དགོན་བཏབ་ནས་ལོ་ཤས་ཀྱི་རྗེས་སུ་ས་གནོད་ཅིག་བྱུང་ནས་གྲྭ་བཙུན་མང་པོ་ཞིག་གི་སྐུ་ཚེ་ལ་བར་ཆད་བྱུང་དུས། ཁོང་ཉིད་ཨ་རིག་དགེ་བཤེས་ཆེན་མོ་རྒྱལ་མཚན་འོད་ཟེར་གྱིས་གདན་དྲངས་པ་ལྟར་ར་རྒྱ་དགོན་དུ་ཕེབས་ནས་ས་འདུལ་གྱི་རིམ་གྲོ་རྒྱ་ཆེར་མཛད།[9] ས་གནོད་ཀྱི་ཉེར་འཚེ་ལས་བསྐྱབས་ནས་རེ་ཞིག་དབུགས་དབྱུང་གི་བདེ་བ་སྦྱིན།[10] དེ་འདྲའི་མཛད་སྤྱོད་ཡང་དག་གིས་འགྲོ་བ་མཐའ་དག་ལ་ཕན་བདེའི་དཔལ་ཡོན་སྦྱིན་པ་དང་ཆབས་ཅིག་མཚན་སྙན་གྱི་བ་དན་ནམ་མཁའི་མཐའ་རུ་ཁྱབ་སྟེ། མཚོ་སྔོན་གྱི་ཕྱོགས་ལ་མངའ་དབང་བསྒྱུར་བའི་ས་ཡི་ཚངས་པ་ཆེན་པོ་འཇིགས་མེད་བེ་ལུས་[11]མཆོད་གནས་ཀྱི་དབུ་བླ་རུ་བཀུར། ཁོང་གིས་སོག་ཕྱོགས་ནས་འགྲོ་དོན་སྐྱོང་སྐབས་མཚོ་སྔོན་གྱི་རྒྱལ་པོ་འཇིགས་མེད་བཱེ་ལིའི་གཟིམས་ཆུང་བཱེ་ཝང་ཁོའི་ནང་དུ་བསྙེན་སྒྲུབ་ལ་བཞུགས་ཤིང་། བསྙེན་སྒྲུབ་ཀྱི་ཐུན་མཚམས་ནས་ཁྲོ་རྒྱལ་སྤྱི་འདུལ་གྱི་བདག་མདུན་བསྐྱེད་པ་སྦྱངས་སྤེལ་དང་བཅས་པ་ཉུང་བསྡུས་གོ་སླ་འཁྱེར་བདེ་བ་ཞིག་ཀྱང་མཛད་ཡོད།[12] རྒྱལ་པོ་དེའི་བདག་རྐྱེན་ལ་བརྟེན་ནས་མཚོ་ཁྲི་གཤོག་རྒྱལ་མོའི་མཐའ་སྐོར་གྱི་སོག་སྡེ་ཐམས་ཅད་ལ་བོན་སྦྱིན་གྱི་བདུད་རྩི་བསྩལ་ནས་ཐར་བའི་བདེ་ལམ་ལ་བཀྲི་དྲང་བྱས། བསྟན་པ་དང་འགྲོ་བ་ལ་སྨན་པའི་རྣམ་དཀར་གྱི་ཐུགས་བསྐྱེད་ཀྱིས་བསྐུལ་ཏེ་ཁྲི་ཀ་རེབ་གོང་སོགས་བོན་སྡེ་སོ་སོར་ཞབས་ཟུང་པད་མའི་རིས་ཀྱིས་མཛེས་པར་བྱས་ཤིང་སྐལ་ལྡན་གྱི་བུ་སློབ་རྣམས་ལ་དབང་ལུང་གི་གྲུ་ཆར་འཇོ་བར་མཛད། རེབ་གོང་ཧོར་ནག་ནས་དགོན་ཆུང་ཞིག་ཕྱག་འདེབས་གནངས། ཡུལ་ཕྱོགས་དེ་རུ་ཡུན་རིང་དུ་བཞུགས་ནས་རེབ་གོང་གྲུབ་ཐོབ་རྣམ་གསུམ་གྱི་གདུང་རྒྱུད་ལས་གྲོལ་བའི་བོན་སྡེ་སྤྱི་ཁྱུང་ངོ་གླིང་སྟེ་སྤྱི་རྟིང༌དང་ཁྱུང་བོ། ངོ་མོ། གླིང་རྒྱ་སོགས་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་སློབ་འབངས་རྣམས་ཀྱི་མོས་འདུན་སྐོང་ཕྱིར། དགེ་བསྙེན་ཆབ་གཏོར་ལྷ་ལྔའི་རྒྱུད་ནས་བསྡུས་པའི་གཤེན་གྱི་མཆོད་གཏོར་བརྒྱ་དང་ལྔ་བཅུ་བསྔོ་བའི་ལས་བྱང་ཆོག་ཁྲིད་མཐོང་བ་དོན་ལྡན་[13]དང་དབང་ཆེན་འབུམ་པའི་བརྒྱུད་པའི་བླ་མ་རྣམས་ཀྱི་གསོལ་འདེབས་སོགས་མཛད། ད་ལྟའང་ཕྱོགས་དེ་ན་ཉམས་སུ་ལེན་མུས་ཡིན། ཁྱད་པར་དུ་སྤྱི་རྟིང་གསས་ཁང་གཡུང་དྲུང་བདེ་ལྡན་གླིང་དུ་ཀུན་བཟང་རྒྱལ་འདུས་དང་གཙོ་མཆོག་དབང་ཆེན། རྫོགས་པ་ཆེན་པོ་ཞང་ཞུང་སྙན་བརྒྱུད་ཀྱི་ཁྲིད་ལུང་གཙོ་བྱས་པའི་དབང་ལུང་ཁྲིད་གསུམ་མང་དུ་མཛད་ནས་བཀའ་དྲིན་ཆེན་པོས་བསྐྱངས། ཀུན་བཟང་རྒྱལ་བ་འདུས་པའི་དབང་གི་ཐུན་མཚམས་སུ་དབང་ཆེན་འབུམ་པའི་འཛབ་སྒོམ་ཉི་འོད་འབུམ་འཕྲོ་མཛད། ཡི་དམ་གཙོ་མཆོག་དབང་ཆེན་གྱི་ཐུན་མཚམས་སུ་དབང་འབུམ་ལུང་གི་བརྒྱུད་པའི་བླ་མ་རྣམས་ཀྱི་གསོལ་འདེབས་ནམ་མཁའི་སྤྲིན་གྱི་མེ་ཏོག་མཛད། སྤྱི་རྟིང་བོན་མང་གི་རྫོགས་ཆེན་ཁྲིད་ཀྱི་སྐབས་སུ་ཁྲོ་རྒྱལ་སྤྱི་འདུལ་གྱི་སྔགས་སྒྲུབ་ཉེར་མཁོ་ཉུང་འདུས་མཛད།[14]
དམ་པ་འདི་ཉིད་ཞལ་བཞུགས་པའི་དུས་རེ་ཞིག་ན། སངས་རྒྱས་ཀྱི་བསྟན་པ་སྤྱི་དང་ཁྱད་པར་དུ་ཕྱོགས་འདིའི་བོན་གྱི་བསྟན་པ་ལ་སྡང་སེམས་འཆང་བའི་དམ་ཉམས་ཀྱིས་བསྟན་པ་དང་བསྟན་འཛིན་གྱི་སྐྱེས་བུ་ལ་ཐོ་འཚམ་བྱས་དུས། དེ་དག་ཚར་གཅོད་དང་བོན་གྱི་བསྟན་པ་རྒྱས་པའི་ཕྱིར་དུ། བསྟན་པ་སྲུང་བའི་གོ་ཆ་དང་དགྲ་བགེགས་སྒྲོལ་བའི་མཚོན་ཆ་ལྟ་བུར་གྱུར་པའི་ཐུགས་རྗེ་བྱམས་མའི་ཐུན་ལས་སོགས་གསད་ལས་ཀྱི་སྐོར་དུ་མ་མཛད་ནས་བསྟན་པ་ལ་མེལ་ཚེ་མཛད། བོན་གཞུང་དེ་རྣམས་ད་ལྟའང་བོན་སྡེ་སོ་སོ་ན་སྤྱོད་མུས་སུ་འདུག གཞན་ཡང་དམ་པ་འདི་ཉིད་ཀྱིས་རྩེ་ཞིག་གདུང་འཛིན་སྟོང་རྒྱུང་སྤྲུལ་བ་འགྱུར་མེད་ཀུན་བཟང་རྒྱ་མཚོའི་དྲུང་ནས་ལྷོ་བྱང་ཁམས་གཏེར་སོགས་ཀྱི་བོན་སྐོར་ཐམས་ཅད་གསན་ནས་རྩེ་ཞིག་ནམ་མཁའ་གཡུང་དྲུང་ལ་བརྒྱུད་ནས་རིམ་གྱིས་དར།[15] རྩེ་ཞིག་འགྱུར་མེད་ཀུན་བཟང་རྒྱ་མཚོས་བཀའ་ནན་གྱིས་བསྐུལ་བ་ལ་བརྟེན་ནས། གཤིན་རྗེ་ནག་པོའི་དྲུག་ཅུའི་ཟན་གཏོར་བསྔོ་བའི་ལས་བྱང་འཆི་བདག་གཡུལ་རྒྱལ་ལམ་གསད་ལས་གནམ་ལྕགས་སྤུ་གྲི་རེག་གཅོད་བྱ་བ་གཤིན་རྗེ་ནག་པོའི་དྲ་བ་དམར་ནག་གི་རྒྱུད་ནས་བསྡུས་ཏེ་མཛད།[16] ཁོང་གིས་མཛད་པའི་བཀའ་བགོ་བྱིན་རླབས་སྤྲིན་དཔུང་གི་མཛད་བྱང་དུ། ཞེས་པ་འདི་ནི་དྲིན་ཅན་རྩ་བའི་བླ་མ་མཚུངས་མེད་འགྲན་ཟླ་བྲལ་བའི་ཡོངས་འཛིན་ཆེན་པོ་ནམ་མཁའ་གཡུང་དྲུང་གིས་བསྐུལ་བ་ལ་བརྟེན་ནས་བདག་སྟོང་ཆེ་བོན་པོ་ནམ་མཁའ་ཤེས་རབ་ཀྱིས་སྦྱར་བའོ། །[17]ཞེས་གསལ་བས། རྩེ་ཞིག་ནམ་མཁའ་གཡུང་དྲུང་དང་ཕན་ཚུན་བླ་སློབ་བྱས་ནས་དབང་ལུང་ཁྲིད་གདམས་ཀྱི་བོན་འབྲེལ་ཟབ་མོ་ཡོད་པའང་ཤེས་ཐུབ།
གོང་ཞུའི་གསུང་རྩོམ་དེ་དག་ལས་གཞན་ད་དུང་ཁོད་སྤུངས་དྲན་པ་ནམ་མཁས་སྤྲུལ་སྐུ་བློ་ལྡན་སྙིང་པོ་ལ་བརྒྱུད་པའི་དམ་ཅན་རྒྱ་མཚོའི་སྐོར་དེ་ཤིན་ཏུ་ཉུང་བར་དགོངས་ནས་དེ་ལ་ཁ་སྐོང་དུ་དམ་ཅན་རྒྱ་མཚོའི་བླ་བརྒྱུད་བྱིན་རླབས་མྱུར་འཇུག་དང་དམ་ཅན་རྒྱ་མཚོའི་མངའ་གསོལ་མཐུ་བྱིན་སྤྲིན་འཁྲིགས། དམ་ཅན་རྒྱ་མཚོའི་ལས་བྱང་དངོས་གྲུབ་རོལ་མཚོའི་གཏེར་སྤུངས་དམ་ཅན་འཕྲིན་ལས་དམར་ཁྲིད་གནམ་ལྕགས་ཐོག་མདའ། དམ་ཅན་རྒྱ་མཚོའི་ཚོགས་ཀྱི་ལས་བྱང་འདོད་དགུའི་གཏེར་ཆེན་ཐུགས་དམ་རབ་བསྐོང་སོགས་གཞུང་ཆ་ལག་ཁ་ཚང་བ། ཤིན་ཏུ་རྒྱས་པ་ཞིག་མཛད་ཡོད། དེའི་མཆོད་བརྗོད་ཀྱི་ཚིགས་བཅད་སྙན་ཞིང་འཇེབས་པ། ཚིག་དོན་ཕུན་སུམ་ཚོགས་པ་ཅན་ཞིག་འདུག་པས་དམ་པ་དེ་ཉིད་མཁས་དང་གྲུབ་པའི་ཕ་མཐར་སོན་ཡོད་པའང་མཇལ་བ་ཙམ་གྱིས་རྟོགས་ཐུབ།
ཁོང་ལ་རྒྱུད་འཛིན་གྱི་སློབ་མ་མང་པོ་འདུག་ཀྱང་དེ་དག་ལས་མཆོག་ཏུ་གྱུར་པ་སྤྱི་རྟིང་འཁོར་ལོའི་གདུང་འཛིན་གྲུབ་དབང་རིག་འཛིན་རྣམ་གྲོལ་ཞེས་པ་དབང་ལུང་གི་རྒྱལ་ཐེབས་སུ་ནུས་པ་དེ་ལ་མཁའ་འགྲོ་གསང་གཅོད་སོགས་ཀྱི་དབང་ལུང་མན་ངག་མཐའ་དག་གནངས། རིག་འཛིན་རྣམ་གྲོལ་གྱི་མདུན་ནས་རྩེ་ཞིག་ཆོས་རྗེ་རྒྱལ་བ་ཚུལ་ཁྲིམས་ཀྱིས་ཞུས་པ་དང་། མཁར་ནག་བླ་མ་མུ་ལ་པྲཛྙཱ་འདི་ཉིད་པཎ་ཆེན་ལི་ཤུ་སྟག་རིང་གི་སྤྲུལ་པ་ཡིན་པ་སོགས་ནི་རྩེ་ཞིག་གཅོད་འགྲེལ་དུ། མདོ་སྨད་ལྷོ་བྱང་ནས་རྩེ་ཞིག་ལ་བརྒྱུད་ཚུལ་ནི། གྲུབ་ཐོབ་ནམ་མཁའ་ལྷུན་གྲུབ་ནས་རྩེ་དབུས་དྲུང་རམས་པ་ཤེས་རབ་རྣམ་རྒྱལ་ཚེ་དབང་གི་སྤྲུལ་བར་གསུངས་པ་དེ་ལ་བརྒྱུད། དེས་ཁོང་རང་གི་དབོན་པོ་སྟོང་རྒྱུང་གི་སྤྲུལ་བ་འགྱུར་མེད་ཀུན་བཟང་རྒྱ་མཚོ་ལ་བརྒྱུད། དེས་མཁར་ནག་པྲཛྙཱ་ཚུལ་མི་[18]ལ་བརྒྱུད། དེས་སྙ་ཆེན་གྱི་སྤྲུལ་བ་མུ་ལ་པྲཛྙཱ།[19] དེས་བདག་གི་བླ་མ་ཕ་རྒན་རིག་འཛིན་རྣམ་གྲོལ་ལ་བརྒྱུད། དེའི་དྲུང་དུ་ཁོ་བོས་མ་ལུས་པར་ཐོབ།[20] ཅེས་གསུངས་པ་སོགས་ཀྱིས་གསལ། གཞན་ད་དུང་སོ་ནག་བོན་ཕྲུག་གྲུབ་ཆེན་ཐོག་འཛིན་གྱིས་ཀྱང་ཁོང་གི་ཞབས་ཡུན་རིང་དུ་བསྟེན་ཞིང་། ནང་ཆེན་ནས་ལོ་མང་པོར་གསོལ་ཁ་བའི་འགན་བཞེས་པ་སོགས་ཡུལ་མིའི་ངག་སྒྲོས་ད་ལྟའང་ལུས་ཡོད།
དམ་པ་འདི་བ་ཚང་གི་འཁྲུངས་འདས་ལོ་ཚིགས་གསལ་བོར་མ་ངེས་མོད། དགུང་གྲངས་བདུན་ཅུ་ཡན་ལ་བཞུགས་ཡོད་པ་ནི། རྩེ་དབུས་གྲུབ་ཆེན་འགྱུར་མེད་ཀུན་བཟང་རྒྱ་མཚོས་བསྐུར་བར་བརྟེན་ཆུ་ཕོ་ཁྱིའི་ལོ་མཛད་པའི་གཤིན་རྗེ་ནག་པོའི་དྲུག་ཅུའི་ཟན་གཏོར་བསྔོ་བའི་ལས་བྱང་འཆི་བདག་གཡུལ་རྒྱལ་ལམ་གསད་ལས་གནམ་ལྕགས་སྤུ་གྲི་རེག་གཅོད་ཀྱི་མཛད་བྱང་དུ་སྟོང་ཆེའི་བོན་ཆུང་ནམ་མཁའ་ཤེས་རབ་ཅེས་གསལ་བས། ཁོང་སྐུ་གཞོན་དུས་ཀྱི་གསུང་ཡིན་པ་ཤེས་ལ། གཞན་མཛད་བྱང་དུ་གནམ་ལོ་བཀོད་ཡོད་པ་ནི། ཤིང་ཕག་ལོར་ལམ་ལྷའི་གསོལ་མཆོད་འདོད་དོན་མྱུར་འགྲུབ་དགའ་དབང་འཁྱིལ་བ་ནོར་བུའི་གཏེར་ཚོགས་མཛད། ས་སྤྲེལ་ལོར་རྩ་གསུམ་རྒྱལ་བའི་བྱིན་རླབས་མྱུར་འབེབ་མཐུ་བྱིན་སྤྲིན་འཁྲུགས་དངོས་གྲུབ་ཆར་འབེབ་མཛད། མཁར་ནག་གྲུབ་ཆེན་སྐུ་གཤེགས་རྗེས་ཀྱི་ས་མོ་ལུག་གི་ལོ་ལ་བྲག་བཙན་དགྲ་འདུལ་ཐོགས་མེད་ཀྱི་གསད་ལས་གནམ་ལྕགས་ཐོག་མདའ་ཕ་རོལ་བདུད་དཔུང་རབ་འཇོམས་མཛད། དེ་དུས་བདག་རིམ་གཉིས་ཀྱི་སྔགས་འཆང་ཞེས་ཅུང་དྲེགས་ཉམས་དང་བཅས་གསུང་བས་དུས་ཕྱིས་ཀྱི་གསུང་ཡིན་པ་ཤེས་ཐུབ་ལ། དེ་བས་ཆུ་ཁྱི་ནས་ས་ལུག་བར་ལ་ལོ༥༨ཡོད་པས། ཆུ་ཁྱི་ལོར་གཤིན་རྗེ་ནག་པོའི་དྲུག་ཅུའི་ཟན་གཏོར་མཛད་དུས་དགུང་ལོ་བཅོ་ལྔ་མན་ཡིན་ན་ཆུང་དྲགས་པའི་སྐྱོན་འབྱུང་ལ། ཉི་ཤུ་ཡས་མས་ཡིན་ནའང་ཅི་ནས་ཀྱང་དགུང་ལོ་བདུན་ཅུ་ཡན་ལ་བཞུགས་ཡོད་པ་དཔྱད་ན་ཤེས་ཐུབ། དམ་པ་འདི་སྐུ་གཤེགས་རྗེས་ཡང་སྤྲུལ་ངོས་འཛིན་གནང་བས་མཁར་ནག་སྐུ་ཕྲེང་བརྩིས་ན་དང་པོ་དང་། མཁར་ནག་བླ་རབས་བརྩིས་ན་གཉིས་པ་ཡིན།

གསུམ། མཁར་ནག་བླ་རབས་གསུམ་པ་གཡུང་དྲུང་ཡེ་ཤེས།
མཁར་ནག་བླ་རབས་གསུམ་པ་གཡུང་དྲུང་ཡེ་ཤེས་སམ་མཁར་ནག་ཚུལ་ཁྲིམས་རིན་པོ་ཆེ་ནི་རྨ་ཀླུང་ཕྱུག་མོ་དལ་གྱིས་འབབ་པའི་བྱང་རྒྱུད་སྟོང་ཆུང་ངམ་སྟོང་ཁྱུང་ཞེས་པར་སྐུ་འཁྲུངས། སྐུ་གཞོན་ནུའི་དུས་ནས་མཁར་ནག་གྱེར་ཆེན་ནམ་མཁའ་ཤེས་རབ་ཀྱི་ཡང་སྤྲུལ་དུ་ངོས་འཛིན་མཛད་དེ་འདུས་སྡེ་གཡུང་དྲུང་ཕུན་ཚོགས་གླིང་དུ་མི་འཇིགས་གདོང་ལྔའི་ཁྲི་ལ་མངའ་གསོལ། ཐུན་དང་ཐུན་མིན་གྱི་རིག་པའི་གནས་ལ་མཁས་པར་སྦྱངས། ཆེར་སྐྱེས་པ་དང་རྔ་ཡུལ་སྣང་ཞིག་དགོན་དང་རྟོགས་ལྡན་དགོན་དུ་ཕེབས་ནས་ཐོས་བསམ་གྱིས་རྒྱུད་སྦྱངས། ཁོང་སྐུ་གཟུགས་ཅུང་རིང་པོ་ཡིན་པས་བྱང་ཁའི་བླ་རིང་ཞེས་མིང་ཐོགས་སྐད། སྣང་ཞིག་དགོན་ནས་བྱ་འཕུར་ཚང་གི་ཕྱག་དཔེ་ལས་ཞལ་བཤུས་པའི་མ་མོ་རྦོད་གཏོང་གི་དཔེ་ཚན་ཕྱག་བྲིས་མ་གཉིས་ད་ལྟའང་མཇལ་རྒྱུ་འདུག་པས། སྣང་དགོན་དུ་བཞུགས་ནས་བླ་མ་བསྟེན་པ་ནི་ངག་སྒྲོས་ཙམ་མ་ཡིན་པར་འདི་དག་གིས་ར་སྤྲོད་བྱེད་ཐུབ། ཁྱད་པར་དུ་རྟོགས་ལྡན་ཕུན་ཚོགས་དར་རྒྱས་ཀྱི་དྲུང་ནས་མཁའ་འགྲོ་གསང་གཅོད་ཀྱི་གདམས་པ་མ་ལུས་པ་ཞུས་ནས་ཉམས་ལེན་དཔྱིས་ཕྱིན་པར་མཛད། གཤེན་ཚང་ནས་བརྒྱུད་པའི་ལྷོ་བྱང་ཁམས་གསུམ་གྱི་གཏེར་མའི་བོན་སྐོར་ཐམས་ཅད་ཐོབ་ཅིང་། རྗེས་སུ་ཆོས་རྗེ་རྒྱལ་བ་ཚུལ་ཁྲིམས་ལ་བརྒྱུད་ནས་དར། དམ་པ་འདི་དང་ཆོས་རྗེ་རྒྱལ་བ་ཚུལ་ཁྲིམས་གཉིས་ཕན་ཚུན་དབང་ལུང་གི་འབྲེལ་བ་ཡོད་པས་དུས་མཉམ་དུ་བྱོན་པ་རྩེ་ཞིག་གི་གསུང་ལས། དེ་སོགས་ལྷོ་བྱང་ཁམས་གསུམ་གྱི་གཏེར་དང་གཏེར་སྟོན་གཤེན་གྱེར་རྨ་དབྱིལ་སོགས་ཀྱིས་བཏོན། བྲུ་ཞུ་སྤ་རྨེའུ་སོགས་ལ་བརྒྱུད་ནས་རང་ཅག་གི་བརྒྱུད་པ་བྲུ་ཚང་གི་བརྒྱུད་རིམ་བཞིན་རྩེ་ཞིག་གདུང་འཛིན་སྟོང་རྒྱུང་སྤྲུལ་བ་འགྱུར་མེད་ཀུན་བཟང་རྒྱ་མཚོ་དང་། གཡུང་དྲུང་རྒྱལ་མཚན། སྙ་ཆེན་སྤྲུལ་བ་མུ་ལ་པྲཛྙཱ། ཀོང་ཙེའི་སྤྲུལ་བ་མུ་ལ་དྲུང་མུ།[21] སྨན་རི་བ་གཡུང་དྲུང་ཡེ་ཤེས། སྤྱི་རྟིང་འཁོར་ལོའི་གདུང་འཛིན་གྲུབ་དབང་རིག་འཛིན་རྣམ་གྲོལ་སོགས་དང་། གཤེན་གྱི་བརྒྱུད་པ་འགྱུར་མེད་ཀུན་བཟང་རྒྱ་མཚོའི་ཡང་སྤྲུལ། མགར་སྟོན་གྱི་རྣམ་རོལ་མཆོག་སྤྲུལ་གཡུང་དྲུང་བསྟན་རྒྱས། མུ་ལ་པྲཛྙཱའི་ཡང་སྤྲུལ་དྲུང་མུ་ཧ་ར་[22]སོགས་ལ་བརྒྱུད་ནས་བརྒྱུད་པའི་ཟམ་ཐག་མ་ཆད་པར་ཁོ་བོའི་བར་དུའོ། །[23]ཞེས་གསུངས་པས་གསལ་ལོ། །དེ་ལྟར་ཁོང་གིས་དཔོན་གསས་མང་པོའི་ཞབས་རྡུལ་སྤྱི་བོའི་རྒྱན་དུ་ཁུར་ནས་བོན་གྱི་དགོན་སྡེ་མང་པོར་ཕེབས་ཏེ་འཆད་ཉན་གྱིས་ལོ་ཟླ་འདས་པར་བྱས། རྗེས་སུ་རང་ཡུལ་དུ་ཕེབས་ནས་ཁྲི་ཀ་དང་རེབ་གོང་ཧོར་ནག་སོགས་སུ་བཞུགས་ནས་རིགས་སད་ཀྱི་བུ་སློབ་ལ་དབང་ལུང་གི་ཆར་ཆེན་བསྩལ། དམ་པ་འདི་ཉིད་མདོ་སྔགས་ཀྱི་བོན་སྡེ་ཀུན་ལ་མཁས་པའི་སྤྱན་དཀྱུས་ཡངས་པ་དང། ཁྱད་པར་དུ་བསྙེན་རྫོགས་སྲུང་ཁྲིམས་ཀྱི་བཅས་མཚམས་ལས་མི་བརྒལ་བར་མིག་འབྲས་བཞིན་སྲུང་ཞིང་སྤྱོད་ལམ་ཡང་དག་གིས་འགྲོ་བ་ཀུན་གྱི་དང་བ་འདྲེན་ནུས་པར་བརྟེན། མཁར་ནག་ཁྲིམས་ཆེན་པ་ཞེས་མཚན་སྙན་གྱིས་གཉིས་སྐྱེས་ཚོགས་ཀྱི་ཁེངས་པ་འཕྲོག་པར་བྱས། དམ་པ་འདི་བ་ཚང་ནི་རྩེ་དབུས་ཆོས་རྗེ་རྒྱལ་བ་ཚུལ་ཁྲིམས་ཀྱིས་མཛད་པའི་མཁའ་འགྲོ་གསང་གཅོད་ཀྱི་རྗེས་ཆོག་གི་མཛད་བྱང་དུ། སླར་ཡང་སྙ་ཆེན་སྤྲུལ་བ་གྱེར་ཆེན་མུ་ལ་པྲཛྙཱའི་ཡང་སྤྲུལ་དྲུང་མུ་ཧ་ར་དང༌།[24] ཞེས་པའི་སྐབས་སུ་དངོས་སུ་བསྟན་ཡོད་པ་འདི་ཡིན་ལ། ད་དུང་རྩེ་ཞིག་རྒྱལ་བ་ཚུལ་ཁྲིམས་ཀྱིས་མཛད་པའི་གཅོད་ཀྱི་དམིགས་ཁྲིད་རིག་འཛིན་ཞལ་ལུང་དུ་བླ་མ་འདི་བ་ཚང་གི་གསོལ་འདེབས་ཤིག་ཀྱང་བཀོད་ཡོད།[25] རྩེ་ཞིག་གཅོད་ཁྲིད་ཆེན་མོ་ཡང་རྩེ་ཞིག་གཡུང་དྲུང་བསྟན་རྒྱས་དང་མཁར་ནག་གཡུང་དྲུང་ཡེ་ཤེས་རྣམ་གཉིས་ཀྱིས་ཞུས་ནས་གསུང་བ་ཡིན་པ་གཞུང་དེ་ག་ན་གསལ།[26] དམ་པ་ཁོང་གིས་མཁའ་འགྲོ་གསང་གཅོད་དང་རྫོགས་པ་ཆེན་པོ་ཐུགས་དམ་གྱི་མཐིལ་དུ་བཟུང་ནས་སྐུ་ཚེ་ཧྲིལ་བོར་ཉམས་ལེན་མཛད་པ་དང་། ཁྱད་པར་དུ་ཁོང་གིས་ཡང་དག་སེམས་ཀྱི་ངོ་སྤྲོད་ཅེས་སེམས་ཁྲིད་ཀྱི་གདམས་ངག་ཤིན་ཏུ་སྨན་པ་ཞིག་མཛད་ཡོད་པས། ཉམས་ལེན་གྱི་གོལ་ས་མང་པོ་གསལ་བོར་བསྟན་ཡོད། གཞན་ད་དུང་རྣམ་པར་རྒྱལ་བའི་གཏེར་སྒྲུབ་དགོས་འདོད་ཀུན་འབྱུང་ཟད་མེད་གཏེར་ཆེན། ཁྲོ་བོ་ངོ་མཚར་རྒྱས་པའི་ཞིང་ཁམས་གུར་ཁང་བསྐྱེད་རིམ། པོམ་ར་འཁོར་བཅས་བསྐྱེད་པ་བྱིན་རླབས་ཆར་འབེབ་སོགས་གསུང་རྩོམ་ཡོད། དམ་པ་འདི་སྐུ་མྱ་ངན་ལས་འདས་རྗེས་ཞལ་འདོན་ཕྱག་དཔེ་ཡང་འདུས་སྡེ་གཡུང་དྲུང་ཕུན་ཚོགས་གླིང་གི་ཁྱད་འཕགས་རྟེན་གྱི་གྲས་སུ་བཞག་ཡོད་པ་རྟེན་ཡིག་ཏུ་གསལ།
དེ་སྔར་མཛད་བྱང་དུ་མཁར་ནག་བླ་མ་ཚུལ་ཁྲིམས་སམ་མཁར་བཙུན་ཚུལ་མིང་བ་ཞེས་བཀོད་པའི་གཏེར་སྒྲུབ་དང་གསོལ་འདེབས་སོགས་རྩོམ་འགའ་ཡོད་ལ། བོན་བརྒྱ་གཡུང་དྲུང་ཕུན་ཚོགས་ཚང་གིས་མཛད་པའི་རྣམ་རྒྱལ་གཏེར་སྒྲུབ་ཏུ། རྣམ་རྒྱལ་གཏེར་སྒྲུབ་ལྟར་ཅེས་དང་ཡང་གཏེར་སྒྲུབ་ལྟར་ཞེས་པ་ནི་མཁར་ནག་གཏེར་སྒྲུབ་ཀྱི་ཚིག་རང་སོར་བཞག་པ་ཡིན་ལ། གཞུང་དེའི་མཛད་བྱང་ལས། ཁྲི་ཀའི་མཁར་ནག་ཚུལ་ཁྲིམས་རིན་པོ་ཆེའི་དགོངས་དོན་ལྟར་བྲིས་[27]ཞེས་གསལ་བ་ལ་གཞིགས་ན་བོན་བརྒྱ་གཡུང་དྲུང་ཕུན་ཚོགས་ཀྱི་སྔོན་དང་། ཡང་བོན་བརྒྱ་རང་ཤར་རིག་གྲོལ་ཚང་གིས་རྣམ་རྒྱལ་གཏེར་སྒྲུབ་ཀྱི་འདོན་རིམ་ཐུང་ཐུང་ཞིག་ཡོད་པའང་མཁར་ནག་ཚུལ་ཁྲིམས་རིན་པོ་ཆེས་མཛད་པའི་གཏེར་སྒྲུབ་ཀྱི་འདོན་རིམ་ཡིན་པས།[28] རྣམ་པ་དེ་གཉིས་ཀའི་སྔོན་ཙམ་ཡིན་པ་ངེས་ཀྱང་། མཁར་ནག་བླ་རབས་གང་ཡིན་མ་ཤེས་ནས་དོགས་གཞི་རུ་ལུས་ཤིང་། མཁས་པ་འགའ་རེ་ལ་དཔྱད་གཞི་མཁོ་འདོན་བྱས་དུས་ཀྱང་གནད་དོན་འདི་གླེང་མྱོང་ཡོད། ད་ལན་གསུང་རྩོམ་དག་སྒྲིག་བྱ་སྐབས་ཁྱུང་མོ་དགོན་པའི་སྦ་སེར་དྲང་སྲོང་ཤེས་རབ་དབང་དྲག་གིས་མཁོ་འདོན་བྱས་པའི་མཁར་ནག་བླ་མ་ཚུལ་ཁྲིམས་ཀྱིས་མཛད་པའི་བླ་མའི་གསོལ་འདེབས་བྱིན་བརླབས་ཆར་འབེབ་སྐལ་བཟང་མགྲིན་རྒྱན་གྱི་དཔེ་རྙིང་ཞིག་ཏུ། ཞེས་པ་བླ་མའི་ཞབས་བརྟན་གསོལ་འདེབས་འདི་ཡང་ཁྱུང་མོ་སྤྲུལ་སྐུས་བསྐུལ་ངོར་མ་ལྡོག་ཙམ་དུ་ཁོ་བོ་མཁར་བཙུན་ཚུལ་མིང་བས་བྲིས་སོ། །ཞེས་པའི་མཇུག་བྱང་ལ། བླ་མ་མཁར་ནག་གཡུང་དྲུང་ཡེ་ཤེས་མཚན་ལགས། རང་གི་དྲིན་ཅན་རྩ་བའི་བླ་མ་རྔ་ཡུལ་གདུང་བརྒྱུད་ཕུན་ཚོགས་དབང་རྒྱལ་རིན་པོ་ཆེའི་གསོལ་འདེབས་ཡིན། ཁྱུང་མོ་འཕོ་བ་གྲོང་འཇུག་བསྟན་པ་བློ་གྲོས་དཔལ་ལྡན་སློབ་མའི་ཡིན་ནོ། །ཞེས་གསལ་བཤད་ལྟ་བུ་ཞིག་བྲིས་འདུག་པས། འདི་ལ་བརྟེན་ནས་མཁར་བཙུན་ཚུལ་མིང་བའམ་མཁར་ནག་བླ་མ་ཚུལ་ཁྲིམས་ནི་གཡུང་དྲུང་ཡེ་ཤེས་ཚང་ཡིན་པ་དང་། ཕུན་ཚོགས་དབང་རྒྱལ་ཚང་རྔ་ལྗོངས་སྣང་ཞིག་གི་བླ་མ་ཞིག་ཡིན་པ། འདིའི་སྐབས་ཀྱི་ཁྱུང་མོ་སྤྲུལ་སྐུ་ཞེས་པའང་ཁྱུང་མོ་བསྟན་པ་བློ་གྲོས་ཚང་ཡིན་པ་སོགས་གསལ་བོར་ཤེས་པས་དོགས་པ་དེ་གཞི་ནས་སེལ་ཐུབ་པ་བྱུང་།

བཞི། མཁར་ནག་བླ་རབས་བཞི་བ་ཚུལ་ཁྲིམས་བློ་གྲོས་འགྱུར་མེད།
མཁར་ནག་བླ་རབས་བཞི་བ་ཚུལ་ཁྲིམས་བློ་གྲོས་འགྱུར་མེད་མཆོག་ནི་མག་སར་འབྲོག་སྡེ་ནས་ཨ་ལགས་བསོད་ནམས་རྣམ་རྒྱལ་[29]དང་གཟུངས་མ་ཤིས་ཁོ་གཉིས་ལ་སྲས་གཉིས་འཁྲུངས་པའི་གཅེན་པོ་ཡིན། སྐུའི་གཅུང་པོ་ལ་པད་མ་རྡོ་རྗེ་ཟེར། དགུང་ལོ་ཞེ་བཞི་ལ་བཞུགས་ཟེར་བར་གཞིགས་ན་རབ་བྱུང་བཅོ་ལྔ་བའི་ཤིང་བྱ་སྟེ་སྤྱི་ལོ༡༨༨༥ལོར་འཁྲུངས་པར་མངོན། དགོན་སྡེ་གཡུང་དྲུང་ཕུན་ཚོགས་གླིང་དུ་མི་འཇིགས་གདོང་ལྔའི་ཁྲི་འཕང་ཆེན་པོར་མངའ་གསོལ་མཛད། རབ་བྱུང་བཅོ་ལྔ་བའི་ཤིང་འབྲུག་སྟེ་སྤྱི་ལོ༡༩༠༤ལོར་བོན་བརྒྱ་གཡུང་དྲུང་ཕུན་ཚོགས་མཁས་གྲུབ་འཇིགས་མེད་རིགས་ཀྱི་བདག་པོར་བསྟེན། སུམ་རྟགས་སྨན་རྩིས་ཀྱི་རིགས་དང༌། ལམ་རིམ་དྲུག་ཅུ་བ། རྫོགས་པ་ཆེན་པོ་ཞང་ཞུང་སྙན་བརྒྱུད་ཀྱི་སྔོན་འགྲོ་བསགས་སྦྱང་དང་དངོས་གཞི་སེམས་ཁྲིད་སོགས་དབང་ལུང་ཁྲིད་གདམས་མང་དུ་གསན་[30]ནས་རང་དགོན་དུ་ཕེབས་ནས་འགྲོ་དོན་མཛད། ཁྱད་པར་དུ་གསོ་བ་རིག་པར་ཅུང་ལག་ལེན་དུ་སོང་བས་ཁྱུང་ལྔའི་རིལ་བུ་སོགས་སྡེབ་སྦྱོར་མཛད་ནས་སྟོང་ཆེ་བོན་མང་གིས་བསྒྲུབས་པར་བརྟེན། གང་གིས་བརྟེན་པའི་ནད་པ་དག་ལ་ཕན་ཆེན་པོ་ཐོག་ཞེས་རྒན་རབས་ཀྱི་ངག་ལས་གྲགས། རྟེན་དགེ་བསྙེན་སྔགས་བཙུན་ཡིན་པས་རྐང་ཚའི་ཨ་ལགས་གསེར་ཁ་ཚང་གི་བུ་མོ་གཟུངས་མར་བསྟེན་ནས་རང་ཡུལ་མག་སར་དུ་ཕེབས། ལོ་དྲུག་གི་རྗེས་ནས་ཕྱིར་ཁྲི་ཀའི་ཕྱོགས་སུ་ཕེབས་ནས་བཞུགས། དམ་པ་འདིས་ཡབ་ཆེན་བསོད་ནམས་རྣམ་རྒྱལ་དང་བོན་བརྒྱ་གཡུང་དྲུང་ཕུན་ཚོགས་སོགས་བླ་མ་སྐྱེས་ཆེན་དུ་མའི་ཞབས་པད་ཡུན་རིང་དུ་བསྟེན་ནས་དབང་ལུང་མན་ངག་ཁྲིད་གདམས་ཀྱི་གཏེར་མཛོད་ལྟ་བུར་གྱུར་ཡོད་མོད། འོན་ཀྱང་གདུལ་བྱའི་ལས་དབང་དམན་པའི་རྐྱེན་གྱིས་སྐུ་ཚེ་མ་བརྟན་པར་དགུང་ལོ་ཞེ་བཞི་ཐོག་སྟེ་རབ་བྱུང་བཅོ་ལྔ་བའི་མེ་སྟག་སྟེ་སྤྱི་ལོ༡༩༢༦ལོར་དགོངས་པ་བོན་དབྱིངས་སུ་ཐིམ།
ཁོང་གི་འཁྲུངས་གཞིས་ཀྱི་འབྲོག་སྡེ་མག་སར་ནི་སྔོན་མཚོ་སྔོན་རྩེ་ཁོག་རྒྱུད་དུ་ཡོད་པ་རབ་བྱུང་བཅུ་དྲུག་པའི་ལྕགས་སྟག་སྟེ་སྤྱི་ལོ༡༩༥༠ལོར་ཧོར་སྦྲ་ཚང་ཞེས་པའི་འབྲོག་སྡེ་བར་གྱོད་ཆེན་པོ་བྱུང་བས། མག་སར་འབྲོག་སྡེ་ཡུལ་གཞན་དུ་གནས་སྤོ་དགོས་པ་བྱུང་སྟེ། ལྕགས་ཡོས་ལོའི་བར་དུ་དམེ་ཤུལ་དང་མགོན་ཤུལ་སོགས་ནས་ས་གཡར་ནས་བསྡད་པ་དང་། ཆུ་འབྲུག་ལོར་གཞི་ནས་བླ་བྲང་དགོན་པའི་གུང་ཐང་འཇམ་པའི་དབྱངས་ལ་སྐྱབས་བཙལ་ནས་དེའི་བཀོད་སྒྲིག་ལྟར་གླིང་དཀར་སྟོད་ཀྱི་ས་ཆར་གནས་སྤོས་པ་རེད། ད་ལྟར་ཡང་ཁོང་གི་ཚ་བུ་སོགས་ཉེ་འབྲེལ་རྣམས་དང་ངེད་མཁར་ནག་ཚོ་བའི་བར་འབྲེལ་ལམ་མ་ཆད་པར་གནས་ཡོད།

ལྔ། མཁར་ནག་བླ་རབས་ལྔ་བ་ཚུལ་ཁྲིམས་རྒྱ་མཚོ།
མཁར་ནག་བླ་རབས་ལྔ་བ་མཁར་ནག་ཚུལ་ཁྲིམས་རྒྱ་མཚོའམ་ཚུལ་ཁྲིམས་ནམ་མཁའ་འཇིགས་མེད་ནི། བོད་རབ་བྱུང་བཅུ་དྲུག་པའི་མེ་ཡོས་ཏེ་སྤྱི་ལོ༡༩༢༧ལོར། འབྲོག་རི་སྟོང་སྐོར་ནས་རིགས་ནི་སྒ་རིགས་སུ། ཡབ་རྣམ་རྒྱལ་དང་ཡུམ་འབྲུ་བྷ་གཉིས་ལ་སྲས་ལྕམ་དྲལ་དགུ་ཡོད་པའི་གཅེན་འོག་ཏུ་སྐུ་འཁྲུངས། དགུང་ལོ་གསུམ་བཞེས་ཐོག་མཁར་ནག་ཚུལ་ཁྲིམས་བློ་གྲོས་འགྱུར་མེད་ཀྱི་ཡང་སྲིད་དུ་ངོས་བཟུང་། དགུང་ལོ་བདུན་བཞེས་པའི་སྐབས་སུ་དགོན་སྡེ་གཡུང་དྲུང་ཕུན་ཚོགས་གླིང་དུ་གདོང་ལྔས་འདེགས་པའི་ཁྲི་འཕང་མཐོན་པོར་མངའ་གསོལ། སྔར་དཔའ་ལུང་སྟོང་ཆུང་ངམ་སྟོང་ཁྱུང་ནས་སྐུ་འཁྲུངས་པའི་མཁར་ནག་བླ་མའི་དབོན་པོ། མཁར་ནག་ཉི་མ་རྒྱལ་མཚན་གྱི་དྲུང་ནས་ཡི་གེ་འབྲི་ཀློག་སོགས་ལེགས་པར་སྦྱང༌། བོན་བརྒྱ་བྱང་སྟོན་ནམ་མཁའ་རྒྱལ་མཚན་རིན་པོ་ཆེ་རྩ་བའི་བླ་མར་བསྟེན་ནས། ཐུན་དང་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལེགས་པར་སྦྱངས་ནས་ཁྱད་པར་སྔགས་རྫོགས་ཀྱི་སེམས་ཁྲིད་མན་ངག་སོགས་དབང་ལུང་མང་དུ་ཞུས། མཐར་རང་ཡུལ་དུ་བྱོན་ཏེ་འགྲོ་དོན་མཛད། དེ་རྗེས་དཔལ་སྐྱང་སྤྲུལ་རྒྱལ་བའི་དབང་པོ་ལུང་རྟོགས་སྐལ་བཟང་རྒྱ་མཚོ་རིན་པོ་ཆེས་མདོ་སྨད་ཁྲི་ཀའི་ཕྱོགས་སུ་འགྲོ་དོན་སྐྱོང་སྐབས། འདུས་སྡེ་ཆེན་པོ་གཡུང་དྲུང་ཕུན་ཚོགས་གླིང་དུ་དམ་པ་དེའི་དྲུང་ནས་དབང་ལུང་ཁྲིད་གདམས་མང་པོ་ཞུས། ཁྱད་པར་དུ་མཁའ་འགྲོའི་གསང་གཅོད་ཐུགས་དམ་གྱི་མཐིལ་དུ་བཟུང་ནས་ཉམས་ལེན་རྒྱུན་ཆགས་སུ་མཛད་དེ་གསང་གཅོད་ཀྱི་རྣལ་འབྱོར་ཆེན་པོར་གྱུར། རབ་བྱུང་བཅུ་དྲུག་པའི་མེ་བྱ་སྟེ་སྤྱི་ལོ༡༩༥༧ལོར་ཕ་ཡུལ་སྟོང་སྐོར་འབྲོག་སྡེ་ནས་གསང་སྔགས་རིག་པ་འཛིན་པའི་སྡེ་ཞིག་བཙུགས། ཐོག་མར་སྔགས་བཙུན་ལྔ་ཙམ་འདུས་སྐད། ས་ཁྱི་ལོ་སྟེ་སྤྱི་ལོ༡༩༥༨ལོར་ཁྲི་མུན་དུ་དྲངས་མཐར། ལོ་གཉིས་ཀྱི་རྗེས་ལྕགས་བྱི་སྟེ་སྤྱི་ལོ༡༩༦༠ལོར་དགུང་ལོ་སོ་བཞིའི་སྐབས་རེ་ཞིག་དགོངས་པ་ཞི་དབྱིངས་སུ་ཐིམ།
ཞེས་མཁར་ནག་བླ་རབས་ཀྱི་གདན་ས་འཛིན་པ་སྒ་རིགས་མཁར་ནག་སྤྲུལ་མིང་བ་ཤེས་རབ་སྐལ་བཟང་རྒྱ་མཚོའམ་མཚོ་སྐྱེས་ཟླ་བ་གཞོན་ནུ་དཔལ་འབར་དུ་འབོད་པས་བླ་རབས་གོང་མ་རྣམས་ཀྱི་གསུང་རྩོམ་དག་སྒྲིག་གི་བར་སྐབས་སུ་བྲིས་པའོ། །
དཔྱད་མཆན།
[1] སྦ་སེར་ཀུན་བཟང་རྒྱལ་མཚན་གྱིས་མཛད་པའི《གཤེན་གྱི་དགེ་སྦྱོང་ཁྲི་ཀ་བ་ཀུན་བཟང་བསྟན་པའི་རྒྱལ་མཚན་གྱི་རྣམ་ཐར》 ལག་བྲིས་མར་གསལ།
[2] ངེད་ཚང་དུ་ཡོད་པའི་སྔར་གྲུབ་ཆེན་ཤེས་རབ་ཚུལ་ཁྲིམས་སྐབས་ཀྱི་ཤིང་དཔར་ཤིང་ལེབ། ངོས་གཅིག་ན་བརྒྱུད་རིམ་འདི་དག་ཡོད་ལ། ངོས་གཞན་ན་རྟགས་བརྒྱད་ནོར་བདུན་དང་ཛམ་ལྷ་ཕོ་མོའི་རྟེན་འཁོར་བསྡུ་མ་ཡོད་པ་ཞིག
[3] 《གངས་ཏི་སེ་བོན་གཞུང་རིག་མཛོད》 པོད་བཅུ་བདུན་པ། མི་རིགས་དཔེ་སྐྲུན་ཁང་། ༢༠༡༠ལོར། ཤོག་ངོས༢༧༡པ་ན་གསལ།
[4] 《མཁར་ནག་བླ་རབས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས》 ལག་བྲིས་མར་གསལ།
[5] 《མཁར་ནག་བླ་རབས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས》 ལག་བྲིས་མར་གསལ།
[6] རྩེ་ཞིག་ཆོས་རྗེ་རྒྱལ་བ་ཚུལ་ཁྲིམས་ཀྱིས་མཛད་པའི《སྙན་རྒྱུད་རིན་ཆེན་སྒྲོན་གསལ་གྱི་ཤོག་དྲིལ་དང་པོ་སྙེམ་ཐག་གཅོད་པའི་ཁྲིད་ལས་གཅོད་ཡུལ་ངག་འདོན་ངར་འཛིན་རྩད་གཅོད་རིག་པའི་རལ་གྲི》 ལག་བྲིས་མར་གསལ།
[7] 《སྦ་སེར་བླ་མ་ཀུན་བཟང་རྒྱལ་མཚན་གྱི་གསུང་འབུམ》 ལག་བྲིས་མར་གསལ།
[8] 《མཁར་ནག་བླ་རབས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས》 ལག་བྲིས་མར་གསལ།
[9] བྲག་སྒོམ་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་མཛད་པའི《མདོ་སྨད་ཆོས་འབྱུང་དེབ་ཐེར་རྒྱ་མཚོ》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༨༢ལོར། ཤོག་ངོས༢༦༠པ་ན་གསལ།
[10] བྲག་སྒོམ་བསྟན་འབྱུང་དུ་སྟོང་ཆེ་མཁར་ནག་བོན་པོས་ས་འདུལ་གནང་ཞེས་པ་ལས་བླ་མའི་མཚན་དངོས་མི་གསལ། བོན་བརྒྱ་རིན་པོ་ཆེ་ནས་གྲུབ་ཆེན་ཤེས་རབ་ཚུལ་ཁྲིམས་ཡིན་པར་བཞེད་ཡོད་མོད། དོན་ངོ་མར་དེ་ནི་གྱེར་ཆེན་ནམ་མཁའ་ཤེས་རབ་འདི་བ་ཡིན་ཏེ། རྒྱུ་མཚན་ནི་གྱེར་ཆེན་ནམ་མཁའ་ཤེས་རབ་རྟེན་དགེ་བསྙེན་གྱི་སྔགས་བཙུན་ཡིན་ཞིང་སྟོང་ཆེ་བོན་མང་རིག་འཛིན་རྒྱ་མཚོའི་ཚོགས་གྲལ་དུ་སྒྲིག་ཞུགས་གནང་བ་ཡིན་པས། ཁྲི་ཀ་སོགས་ཕྱོགས་འདི་ནས་བོན་སྔགས་རྣམས་ལ་ཨ་ཁུ་བོན་པོ་ཞེས་འབོད་སྲོལ་ད་ལྟའི་བར་དུ་གནས་པར་མ་ཟད། ཁོང་ཉིད་ཀྱིས་མཛད་པའི་ཁྲོ་རྒྱལ་རག་ཤ་སྤྱི་འདུལ་གྱི་བདག་མདུན་བསྐྱེད་པ་དང་བདེན་བརྗོད་ཉུང་འདུས་སོགས་གསུམ་རྩོམ་དུ་མའི་མཛད་བྱང་དུ་སྟོང་ཆེ་བོན་པོའམ་ཡང་ན་མཁར་ནག་བོན་པོ། སྟོང་ཆེ་བོན་ཆུང༌། སྟོང་ཆེ་གྱེར་ཆུང་སོགས་བྲིས་འདུག་པ་ལས་གསལ་བོར་ཤེས་ཐུབ། གྲུབ་ཆེན་ཤེས་རབ་ཚུལ་ཁྲིམས་ཀྱི་གསུང་རྩོམ་རྣམས་ཀྱི་མཛད་བྱང་དུ་དེ་ལྟར་བྲིས་མེད་པས་ར་སྤྲོད་བྱེད་ཐུབ།
[11] རྒྱལ་པོ་འདི་ནི་སུམ་པ་ཡེ་ཤེས་དཔལ་འབྱོར་གྱིས་མཛད་པའི་མཚོ་སྔོན་གྱི་ལོ་རྒྱུས་ཚངས་ཀླུ་གསར་སྙན། ༡༩༨༢ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་བའི་ཤོག་ངོས༢༨ན་གསལ་བའི་པི་ལེ་འཇིགས་མེད་ཡེ་ཤེས་ཟེར་བ་དེ་ཡིན་པར་མངོན། རྒྱུ་མཚན་ནི་ར་རྒྱ་དགོན་འདི་རབ་བྱུང་བཅུ་གསུམ་གྱི་ས་གླང་སྟེ་སྤྱི་ལོ༡༧༦༩ལོ་ལ་དགོན་པ་བཏབ་ནས་ལོ་ཤས་ཀྱི་རྗེས་སུ་མཁར་ནག་བོན་པོ་ནམ་མཁའ་ཤེས་རབ་ཀྱིས་ས་འདུལ་གནང་བ་དང་། སུམ་པས་རབ་བྱུང་བཅུ་གསུམ་པའི་མེ་རྟ་སྟེ་སྤྱི་ལོ༡༧༨༦ལོར་དེབ་དེ་རྩོམ་སྐབས་སུ་མཚོ་སྔོན་གྱི་རྨ་ཆུའི་གཡོན་རྒྱུད་དུ་དབང་བསྒྱུར་བའི་པི་ལེ་འཇིགས་མེད་ཡེ་ཤེས་སོགས་དང་དུས་མཉམ་ཡིན་པས་སོ། །
[12]《མཁར་ནག་བླ་རབས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས》 ལག་བྲིས་མར་གསལ།
[13]《མཁར་ནག་བླ་རབས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས》 ལག་བྲིས་མར་གསལ།
[14] 《མཁར་ནག་བླ་རབས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས》 ལག་བྲིས་མར་གསལ།
[15] 《གངས་ཏི་སེ་བོན་གཞུང་རིག་མཛོད》 པོད་བཅུ་བདུན་པ། མི་རིགས་དཔེ་སྐྲུན་ཁང་། ༢༠༡༠ལོར། ཤོག་ངོས༢༥༩པ་ན་གསལ།
[16] 《མཁར་ནག་བླ་རབས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས》 ལག་བྲིས་མར་གསལ།
[17]《མཁར་ནག་བླ་རབས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས》 ལག་བྲིས་མར་གསལ།
[18] ཞང་སྐད་དེ། བོད་སྐད་དུ་ཤེས་རབ་ཚུལ་ཁྲིམས་ཟེར། མཁར་ནག་བླ་རབས་དང་པོ་ཡིན།
[19] ཞང་སྐད་དེ། བོད་སྐད་དུ་ནམ་མཁའ་ཤེས་རབ་ཟེར། མཁར་ནག་བླ་རབས་གཉིས་པ་ཡིན།
[20]《གངས་ཏི་སེ་བོན་གཞུང་རིག་མཛོད》 པོད་བཅུ་བདུན་པ། མི་རིགས་དཔེ་སྐྲུན་ཁང་། ༢༠༡༠ལོར། ཤོག་ངོས༢༧༡པ་ན་གསལ།
[21] ཞང་སྐད་དེ། བོད་སྐད་དུ་ནམ་མཁའ་གཡུང་དྲུང་ཟེར། རྩེ་ཞིག་ཁྲི་རིན་པོ་ཆེའི་སྐུ་ཕྲེང་གསུམ་པ་ཡིན།
[22] ཞང་སྐད་དེ། བོད་སྐད་དུ་གཡུང་དྲུང་ཡེ་ཤེས་ཟེར། མཁར་ནག་བླ་རབས་གསུམ་པ་ཡིན།
[23]《གངས་ཏི་སེ་བོན་གཞུང་རིག་མཛོད》 པོད་བཅུ་བདུན་པ། མི་རིགས་དཔེ་སྐྲུན་ཁང་། ༢༠༡༠ལོར། ཤོག་ངོས༢༥༩པ་ན་གསལ།
[24] རྩེ་ཞིག་ཆོས་རྗེ་རྒྱལ་བ་ཚུལ་ཁྲིམས་ཀྱིས་མཛད་པའི《མཁའ་འགྲོའི་གསང་གཅོད་ཡིད་བཞིན་ནོར་བུའི་རྗེས་ཆོག》 ལག་བྲིས་མར་གསལ།
[25]《གངས་ཏི་སེ་བོན་གཞུང་རིག་མཛོད》 པོད་བཅུ་བདུན་པ། མི་རིགས་དཔེ་སྐྲུན་ཁང་། ༢༠༡༠ལོར། ཤོག་ངོས༢༦༧པ་ན་གསལ།
[26] 《གངས་ཏི་སེ་བོན་གཞུང་རིག་མཛོད》 པོད་བཅུ་བདུན་པ། མི་རིགས་དཔེ་སྐྲུན་ཁང་། ༢༠༡༠ལོར། ཤོག་ངོས༢༡༥པ་ན་གསལ།
[27] 《བོན་བརྒྱ་ཡབ་སྲས་ཀྱི་གསུང་རྩོམ་ཕྱོགས་སྒྲིག》 དེབ་གཉིས་པ། ཤོག་ངོས༧༤པ་ན་གསལ།
[28] 《བོན་བརྒྱ་ཡབ་སྲས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས》 པོད་དང་པོ། ཤོག་ངོས༡༨༤པ་ན་གསལ།
[29] བླ་མ་འདི་ནི་སྦ་སེར་བླ་མ་ཀུན་བཟང་རྒྱལ་མཚན་ལ་སྒྲ་བླ་མོའི་མངལ་གསོལ་དང་འཕྲིན་བཅོལ་ཞུ་མཁན་དེ་ཡིན།
[30] བོན་བརྒྱ་གཡུང་དྲུང་ཕུན་ཚོགས་ཀྱིས་མཛད་པའི《སྔགས་བཙུན་གཡུང་དྲུང་ཕུན་ཚོགས་མཁས་གྲུབ་འཇིགས་མེད་ཀྱིས་ལོ་རེ་བཞིན་རྣམ་དཀར་དགེ་བ་བསྒྲུབས་ཚུལ་གྱི་ལོ་རྒྱུས་རྗེས་འཇུག་ཐར་ལམ་བགྲོད་པའི་ཐེམ་སྐས་ཞེས་བྱ་བ》 ཤིང་པར་མ། ཤོག་ལྷེ༦༧པ་ན་གསལ།
