གཏེར་སྟོན་བདེ་ཆེན་གླིང་པ།

[ཟླ་ཚེས། 2023-01-29 17:16:20][རྩོམ་པ་པོ། ཤེར་མིང་པ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

      དེ་ཡང་ཕྱི་ནང་གསང་བའི་མཚན་གྱིས་གྲགས་པ་ཞིག་སྟེ།  ཕྱི་ལྟར་ན་མི་འགྱུར་ཚུལ་ཁྲིམས་སྟོབས་རྒྱལ།  ནང་ལྟར་ན་མི་འགྱུར་ཚེ་དབང་གསང་སྔགས་གྲགས་པ།  གསང་བ་ལྟར་ན་རིག་འཛིན་ཀུན་གྲོལ་གསང་བ་རྩལ།  ཡང་གསང་ལྟར་ན་གཡུང་དྲུང་བདུད་འདུལ་ཐོགས་མེད་རྩལ།    མཚན་ཡོངས་སུ་གྲགས་པ་གཏེར་སྟོན་ཨོ་རྒྱན་བདེ་ཆེན་གླིང་པ་ཞེས་འཇིག་རྟེན་ན་མཚན་གྱི་སྙན་པ་ཉི་ཟླ་ལྟར་གྲགས་པའི་རིག་འཛིན་སྔགས་ཀྱི་རྣལ་འབྱོར་མཆོག་ཆེན་ཟབ་གཏེར་གྱི་འཁོར་ལོ་བསྒྱུར་བ་དེ་ཉིད་ནི།  བྱང་ཆུབ་རྡོ་རྗེའི་གཏེར་ལུང་ལས། ལོ་ཆེན་བེེ་རོའི་ཡང་སྲིད་ཞྭ་དམར་བདག །སྐྱེ་བ་ལྔ་ལ་བསྟན་པ་འཛིན་པ་སྟེ། །མདོ་གམ་འབྲི་ལུང་གཡས་ཟུར་མཁའ་འགྲོའི་གནས། །ངོ་མཚར་ས་རྟགས་ལྡན་པའི་གནས་མཆོག་ན། །ཆུ་སྦྲུལ་ལོ་པ་དབང་དང་གྲགས་པའི་མཚན། །རིགས་རུས་ཡབ་ཡུམ་ཕུན་སུམ་ཚོགས་པ་སྟེ། །སྐུ་སྟོད་ཧཱུྃ་ལ་སྐུ་སྨད་སྟག་རིས་ཅན། །མི་ཟད་རྔམ་པའི་མཆེ་བ་ཅུང་ཟད་བསྣོལ། །སྔོན་ལས་འཕྲོ་སད་མཁའ་འགྲོའི་ཚོགས་ལ་དབང་། ཞེས་རྒྱལ་བ་གོང་མ་རྣམས་ཀྱི་ལུང་གིས་ཡང་ཡང་ཟིན་པའི་སྐྱེས་བུ་ཆེན་པོ་འདི་ཉིད། ཁམས་སྡེ་དགེ་མགོ་བློན་ནམ་མགོ་ལོན་ཞེས་པའི་ཡུལ་གྲུ་ཐར་བདེ་སྨིན་གྲོལ་འོད་གསལ་ཁྲོད་ཀྱི་མངའ་ཞབས་སུ་སྤུངས་ཚལ་ཞེས་པ་ས་དབྱིབས་ཕུན་སུམ་ཚོགས་པའི་གྲོང་སྡེར་སྤྱི་ལོ་༡༨༣༣ ལོར་རབ་བྱུང་བཅུ་བཞི་པའི་རྣམ་རྒྱལ་ཞེས་པ་ཆུ་མོ་སྦྲུལ་གྱི་ལོ་སྟག་ཟླའི་ཚེས་གཅིག་གཟའ་སྐར་དགེ་མཚན་ཤར་བའི་ཐོ་རེངས་སུ་ཡབ་རྨེའུ་བ་གོར་གྱི་གདུང་ལས་བྱུང་བའི་བླ་མ་ངག་དབང་བསྟན་པ་མཆོག་དང་། ཡུམ་སྨུག་པོ་གདོང་གི་རུས་ལས་ཆད་པའི་ཁེ་ཁྱི་བཟའ་ཁྲ་གྲོགས་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་།  རྗེ་ཉིད་གྲུབ་པའི་རིག་འཛིན་ཆེན་པོའི་རྣམ་འཕྲུལ་ཡིན་ཕྱིར་ཡུམ་གྱི་ལྷུམས་སུ་ཡོད་སྐབས་དང་སྐུ་བལྟམས་པའི་ཚེ་ན་ཐུན་མོང་མ་ཡིན་པའི་ཡ་མཚན་གྱི་ལྟས་བཟང་དུ་མ་ཤར་ཞིང་།  ལྷག་པར་སྐུ་ན་ཆུང་དུས་ནས་ཐུགས་རིག་པའི་མཁྱེན་པ་ནང་ནས་བརྡོལ་བས་ཡི་གེ་མ་བསླབ་པར་ལུང་བསྟན་བརྡ་ཡིག་དང་གཡུང་དྲུང་གི་ཚིག་རྐང་དུ་མ་རང་བརྡོལ་དུ་ཐོ་ཤལ་གྱིས་གསུང་རྒྱུ་ཡོད་པ་དང་།   ཐ་མལ་བའི་ཀུན་སྤྱོད་ལས་རིང་དུ་སོང་བའི་དད་དང་སེམས་བསྐྱེད་བྱམས་དང་སྙིང་རྗེ་རང་བཞིན་གྱིས་མངའ་བ་ཞིག་བྱུང་བས་ཆུང་ནས་ཀུན་ཀྱིས་གཙུག་ཏུ་བཀུར་བར་གྱུར།  ཐར་བདེ་རི་ཁྲོད་དུ་ཁུ་བོ་རྣལ་འབྱོར་མི་ཡི་ཟོལ་འཛིན་པ་གྲུབ་དབང་གཡུང་དྲུང་ཕུན་ཚོགས་རྩ་བའི་བླ་མར་བསྟེན་ནས་གསང་སེམས་ངོ་སྤྲོད་ཀྱི་ཟབ་གདམས་མ་ལུས་པ་བུམ་པ་གོང་བྱོ་ཚུལ་དུ་ཐུགས་ཉམས་སུ་བཞེས་པར་མཛད།  དེ་བཞིན་དུ་སྨན་རི་མཁན་ཆེན་ཉི་མ་བསྟན་འཛིན་དང་ཁྱུང་པོའི་སྔགས་འཆང་སྟག་སླག་ཅན་གཉིས་ནས་བྲུ་ཞུ་སྤ་རྨེའུ་ནས་བརྒྱུད་པའི་གཏེར་རྙིང་ཐམས་ཅད་དང་།  མཆོག་སྤྲུལ་བསྟན་འཛིན་ཚུལ་ཁྲིམས་གྲགས་པ་དང་པད་སྤྲུལ་བསྟན་པ་དབང་རྒྱལ་ཟུང་ནས་སྤྲུལ་སྐུ་རྣམ་བཞི་ནས་བརྒྱུད་པའི་གསང་སྔགས་གསར་མའི་ཟབ་གདམས་སྐོར་རྣམས་བླངས་ཏེ་ནང་ཐུགས་ཀྱི་བླ་མར་གྱུར་པ་བསྟན་པའི་བདག་ཉིད་ཆེན་པོ་ལྔ་དང་།   གཞན་ཡང་བོན་ཆོས་ཀྱི་བླ་མ་དམ་པ་ཉེར་བཞིའི་ཞབས་ལ་བསྟེན་ནས་སྨིན་གྲོལ་གྱི་གདམས་པ་རྣམས་ཚུལ་བཞིན་བླངས་པར་མཛད།  པད་སྤྲུལ་རིན་པོ་ཆེའི་མདུན་ནས་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ་མཚན་ལ་ཚུལ་ཁྲིམས་སྟོབས་རྒྱལ་གསོལ།  དམ་པ་ཁོང་ནི་ཐུགས་རྗེ་དང་བྱིན་རླབས་བློ་གྲོས་དང་སྤོབས་པ་གང་ཡང་གཞན་དྲིང་མི་འཇོག་པ་ཞིག་ཡིན་ཏེ།  གཤིན་རྗེ་གཤེད་ནག་གི་རྒྱུད་ལས།  དེ་ནས་མི་རབས་བདུན་ཙམ་སོང་བའི་མཚམས།  སློབ་དཔོན་ཆེན་པོས་བྱིན་གྱིས་བརླབས་པའི་བུ།  གཤེད་བཞི་ལོ་པ་མི་འགྱུར་མཚན་ཅན་འབྱུང་།  མཁའ་སྤྱོད་ཨོ་རྒྱན་ཡུལ་དུ་དངོས་གྲུབ་ལེན།  གསང་བའི་བོན་སྒོ་བཅུ་གསུམ་དག་ལ་དབང་།  ཁྱད་པར་སྔོན་གྱི་རྩ་འགག་སོང་བ་རྣམས།  ཨོ་རྒྱན་མེ་ཏོག་སྤུངས་མཛེས་དགོན་པ་རུ།  རིག་འཛིན་རྣམས་དང་མཇལ་ཏེ་དངོས་གྲུབ་ལེན།  ཆད་པའི་བོན་རྣམས་མ་ལུས་ཀྱང་།  བསྟན་པ་མཐའ་རུ་རྒྱས་པར་བྱེད་པར་འགྱུར།  ཞེས་གསུངས་པ་ལྟར།   དགུང་ལོ་བཅུ་གསུམ་ལོར་ཨོ་རྒྱན་གསང་ཆེན་མཁའ་སྤྱོད་དུར་ཁྲོད་དུ་ཕེབས་ཏེ།  གསང་བའི་བོན་སྒོ་བཅུ་གསུམ་གྱི་བཀའ་བབ་ས།  སྔོན་གནས་རྗེས་སུ་དྲན་པ་དང་མཁའ་སྤྱོད་ཀྱི་ཚོགས་གྲལ་དུ་གཤེགས་པ་དང་ས་འོག་གི་གཏེར་ལ་སྤྱོད་པ་དང་མི་མ་ཡིན་གྱི་ཞབས་ཏོག་ཞུ་བ་སོགས་ཐུན་མོང་མ་ཡིན་པའི་ཕྲིན་ལས་འགྲན་ཟླ་དང་བྲལ་བ་ཞིག་ཡིན་པས།    དགུང་ལོ་བཅོ་བརྒྱད་ཐོག་ཟིལ་ཁྲམ་རྒྱུད་ནས་ལྕ་ཚ་མཁར་བུའི་ཕྱག་ཕུར་དངོས་གྲུ་དུ་རྙེད། དགུང་ལོ་ཉེར་གཅིག་གི་ཐོག་ཐར་བདེ་སྨིན་གྲོལ་འོད་གསལ་ཁྲོད་ཀྱི་ཤར་ཕྱོགས་གཏེར་གནས་ཤེལ་གྱི་ཕ་བོང་ནས།  ཟབ་མོ་ཚེ་ཡི་ཤོག་སེར་དང་།  ཕྲ་མན་ཨརྱའི་སྦྲམ་བུ་ལ།  འཆི་བསླུ་ཚེ་ཡི་རིལ་གཏའ་སོགས་ཟབ་མོ་དངོས་གྲུབ་ཐོབ་པའོ།།  དགུང་ལོ་ཉེར་གཉིས་དུས་སུ་གླང་ཐང་སེང་གེ་གནམ་རྫོང་ནས་བྲམ་ཟེ་བརྒྱ་རྩའི་གདུང་རུས་དང་བྲམ་ཟེ་བཅུ་གཉིས་ཀྱི་སྐུ་ཤ་གཏེར་ཤོག་བཅས་གཏེར་དུ་དྲངས།  སླར་རྡོ་རྗེ་གསང་བྲག་ནས་དབང་དྲག་འབར་བ་མེ་ཕྲེང་དང་བཱེེ་རོའི་སྐུ་ཚབ་དང་གསང་ཆེན་མགུལ་ཕུར་སོགས་གཏེར་དུ་རྙེད།  དགུང་ལོ་ཉེར་གསུམ་དུས་ཨོ་རྒྱན་ཐུགས་ཏིག་སངས་རྒྱས་གླིང་པའི་ཡང་གཏེར་ཐུགས་རྗེ་ཀུན་གྲོལ་ཤོག་སེར་གཏེར་ནས་སྤྱན་དྲངས།  མཁར་མདོ་དམ་སྲིའི་ཕོ་བྲང་ཡོད་པ་འཕྲོག་ནས་བདུད་འདུལ་སྒྲ་གྲགས་ཀྱི་མཆོད་རྟེན་བཞེངས།  དགུང་ལོ་ཉེར་བཞིའི་དུས་སུ་ལུང་ཟིན་བཀའ་འབངས་ཀྱི་དང་པོ་བླ་ཁྲི་རྒྱལ་བ་གཡུང་དྲུང་ཐོག་བབས་སུ་ཕེབས་ཏེ།  གཏེར་གསར་གྱི་དབང་ལུང་ཁ་ཡར་ཙམ་ཕུལ་ནས་ཐུགས་ཡིད་གཅིག་ཏུ་འདྲེས་པར་མཛད།  མཁའ་སྤྱོད་རིག་འཛིན་ཚོགས་གྲལ་དུ་མ་དང་མཁའ་འགྲོས་སྤྱན་དྲངས་ཚེ་བཀའ་གཏེར་སྙན་རྒྱུད་ཀྱི་མངའ་བདག་ཏུ་བསྐོས་པས།  གཏེར་ལུང་ལས།  རྟེན་འབྲེལ་ཐ་མ་དག་ལ་ནི་གོང་འོག་བར་གསུམ་ལས།  དང་པོ་གྱིམ་ཤོད་ཤེལ་བྲག་ཚལ།  གཉིས་པ་ལྷོ་ཕྱོགས་ཚ་བ་རོང་།  གསུམ་པ་ནུབ་ཕྱོགས་ཀོང་པོ་རོང་ལ་རྟེན་འབྲེལ་ཡོད་པས།  དེ་ནས་ཤེལ་བྲག་ཚལ་དུ་བྱོན་པས་ཤར་སེང་གེའི་གཡུ་རལ་རྩེ་ནས།  བཀའ་བརྒྱད་གསང་བ་འདུས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་རྟེན་རྣམས་ཟབ་མོ་གཏེར་དུ་སྤྱན་དྲངས།  དགུང་ལོ་ཉེ་ལྔའི་དུས་འབྲི་གཉེན་གདོང་དུ་ཟབ་མོའི་གཏེར་སྒོ་ངོ་མཚར་ཅན་འབྱེད་པའི་སྐབས་སུ།  མི་དབང་སྡེ་དགེ་རྒྱལ་པོ་རིན་པོ་ཆེ་སྲས་ཡུམ།  ས་གར་བླ་མ་ཆེན་པོ་སོགས་རྒྱལ་བློན་འཁོར་དང་བཅས་པ་གཙོས་ཁྲམ་འཚོགས་སྟོང་ཕྲག་མང་པོར་བརྒལ་བའི་དབང་པོའི་སྤྱོད་ཡུལ་དུ་མངོན།  ཁྲི་གདུགས་ཤར་བའི་སྔ་དྲོའི་ཆར།  གུ་རུ་རིན་པོ་ཆེའི་དབུ་ལྗོན།  མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་མདུན་ཁེབ་དང་ལན་ཚར་ནམ་མཁའི་སྙིང་པོའི་གཟུངས་ཐག་རྡོ་རྗེ་ཆ་གཅིག  །ལྷ་སྲས་མུ་རུབ་བཙད་པོའི་ཞལ་བུ་ཕྲ་མེན་ལས་གྲུབ་པ་སོགས་གཏེར་དུ་དྲངས་ཏེ།  ས་དབང་རིན་པོ་ཆེ་ལ་རྟེན་སྐལ་དུ་གནང་།   དགུང་ལོ་ཉེ་དྲུག་གི་སྐབས་དེར་གླིང་གི་རྒྱལ་ཁབ་དུ་གདན་དྲངས་ནས།   གླིང་རྒྱལ་པོ་དབང་ཆེན་ཆོས་སྐྱོངས་ལ་ལྕགས་ཀྱི་སྐམ་པ་ཕྱག་མདུད་མཛད་ནས་ཕུལ་ཏེ་མཚམས་སྦྱར།    ལམ་བར་དུ་བྱ་རྒོད་དང་བྱ་རོག་གཉིས་ཀྱི་མགུ་ཚུལ་བྱས་པས་ཕ་བོང་ཁར་བྲོ་སྟབས་བྱས་པས་ཞབས་རྗེས་གསལ་པོ་འདུག་ཟེར་སྐད།  ལྷ་རི་འོད་གསལ་གླིང་གི་བླ་སྤྲུལ་རྣམས་དང་ཐུགས་ཡིད་གཅིག་འདྲེས་མཛད།   རྟེན་འབྲེལ་གཉིས་པ་ལྷོ་ཚ་བ་རོང་དུ་ཡིན་ཀྱང་བསྐུལ་འདེབས་དང་རྐྱེན་སླང་མ་བྱུང་བས།  ཀོང་ཡུལ་དུ་བྱོན་སོང་།   སྟག་རྩེ་གཡུང་དྲུང་གླིང་དུ་མཆོག་སྤྲུལ་རྣམ་གཉིས་དང་ཐུགས་ཡིད་གཅིག་འདྲེས་ཀྱི་གཡུང་དྲུང་གླིང་གི་གྲྭ་ཚང་ལ་ཕུར་པ་འབར་ནག་གི་བཀའ་བབས་མཛད།  དབུས་ཕུག་གསང་བ་ཡང་རྫོང་གཏེར་སྒོ་རིམ་པར་གསུམ་ཕྱེས་ནས།   ཀུན་ཏུ་བཟང་པོ་ནམ་མཁའི་རྒྱལ་པོའི་བསྐོར་དང་།  སྐུ་གསུང་ཐུགས་ཀྱི་རྟེན་ངོ་མཚར་བ་ཤིན་ཏུ་གྲངས་མང་བ་དང་།   དམ་རྫས་བརྒྱ་དང་རྩ་བརྒྱད་སོགས་ཤིན་ཏུ་མང་པའི་ངོ་མཚར་ཞིང་ཁྱད་པར་འཕགས་པའི་འདྲ་མིན་སྡེ་ཚན་བརྗོད་ལས་འདས་པ་དངོས་གྲུབ་ཏུ་ཐོབ་པའོ།།  ཆོས་འཁོར་གླིང་དུ་བྱོན་ནས་དྲི་མེད་ཀུན་ལྡན་གནས་ཀྱི་རྩེ་ནས་གུ་རུ་ཡབ་ཡུམ་གཙོ་འཁོར་གསུམ་དངོས་སུ་མཇལ།  ལམ་བར་ནས་རྫོགས་ཆེན་རྡོ་རྗེ་བསྡོམ་པའི་ཤོག་སེར་དངོས་གྲུབ་ཏུ་སོན།   བུ་ཆུང་གཏེར་གྱི་ཁང་མཇལ།  སླར་ཉི་མ་སྒྲུབ་ཕུག་ཏུ་རྒྱལ་རོང་སྤ་ཚང་བླ་མ་ཚེ་དབང་འོད་ཟེར་ལུང་ཟིན་གྱི་སྐལ་ལྡན་དུ་ཡིན་བཞིན་ཐོག་དབབ་ཏུ་ཕེབ་པས།   ཚེ་དབང་ཡང་གསང་སྐོར་ཕབ་སྟེ་ཐུན་མོང་གི་ངོ་མཚར་སྐྱེས་བཞིན་དབང་ལུང་གི་གཏད་གཉེར་བཅས་ཐུགས་ཡིད་གཅིག་འདྲེས་སུ་མཛད།  དགུང་ལོ་ཉེ་བདུན་ལོར་བྲག་གསུམ་གཡུ་མཚོ་སྐོར་དུ་བྱོན་པས་རྫས་རྒོད་དྲེག་པ་ཀུན་འདུལ་སྦྲམ་བཅས་རྙེད།   ཕྱིར་ལམ་གསེར་ཚ་བཙན་གྲགས་གདན་འདྲེན་བྱོན་ནས།  ཟངས་བྲག་རིན་ཆེན་འབར་བའི་གཏེར་སྒོ་ཕྱེས་ནས་བོན་སྐྱོངས་དགོངས་འདུས་ཀྱི་ཤོག་སེར་རྙེད།   མར་ལམ་བླ་མའི་ལུང་བཞིན་གཏེར་སྦྲམ་ཐང་དུ་བོན་གྱི་འདུས་སྡེ་ཆགས་པའི་རྟེན་འབྲེལ་སོགས་མཛད།   བྲག་དམར་རི་འདུས་གསང་བའི་གནས་སྒོ་ཕྱེས།  སླར་ཟླ་ཀླུང་གནས་ཀྱི་མདུན་གྲེ་མདོར་བྱོན་ཚེ་ལྷོ་ཕྱོགས་བདེ་བ་ཕུག་ནས་གསེར་འོད་ནོར་བུ་མཆོག་རྒྱལ་རྫས་རྟེན་བརྟན་པ་བཅས་དངོས་གྲུབ་ཏུ་རྙེད།   དགུང་ལོ་ཉེ་བརྒྱད་སྐབས་སུ་ཐར་བདེ་མཁའ་སྤྱོ་བདེ་གསལ་ཁང་དུ་གུ་རུ་བདུད་དཔུང་ཟིལ་གནོན་སྐུ་བརྙན་བཞེངས་ནས་རབ་གནས་སྒྲུབ་པ་མཛད་ཚེ།  སྐུ་ཡི་ཐུགས་ཀ་ནས་སྒྲ་གྲགས་པ་དང་།  དེ་ནས་ལྗོམ་རྡོ་ཏི་གངས་དཀར་གནས་སྒོ་ཕྱེས་པས་ཤོག་སེར་གྱི་དངོས་གྲུབ་ཐོབ། གཡུ་བྲག་རིང་གི་སིངྒེ་སྦར་ཁྱིམ་ནས་ཡང་གསང་གི་གཏེར་དྲངས།  སླར་ལྷ་རི་ཤོག་ཆེན་ནམ་མཁའ་རྫོང་གི་གནས་སྒོ་དང་གཏེར་སྒོ་ཕྱེས།  དེ་ཡན་ཆད་རང་གི་བླ་མའི་གདན་ས་ཐར་བདེ་རི་ཁྲོད་ལ་བཞུགས།   སྤྱིར་རྗེ་ཉིད་ཐར་བདེ་བླ་མ་ཡིན་པས་མཁའ་སྤྱོད་བདེ་གསལ་ཁང་ཞེས་གཟིམས་ཁང་ཉམས་གསོ་བྱས་ནས་དེང་སང་ཡང་མཇལ་ཡུལ་དུ་བཞུགས་ཡོད་ཕྱིས་སུ་མ་དང་མཁའ་འགྲོའི་ལུང་བསྟན་བཞིན་དགུང་ལོ་སུམ་བཅུའི་སྐབས་སུ་ཞལ་བཞེས་དགོན་དུ་བསྐྱོད་ནས་དགེ་སྦྱོར་ལ་བར་ཆད་མི་འབྱུང་ཞིང་མ་འོངས་བསྟན་འགྲོ་ལ་ཕན་པའི་ཐུགས་དགོངས་ཟབ་མོ་ཡོད་ཕྱིར་ཞལ་བཞེས་དགོན་མཚོ་སྟེང་བདེ་ལྡན་ཁྲོད་དུ་ཞབས་བཟང་གཏན་བསྐྱོད་མཛད་ནས་སྒྲུབ་པ་བཅད་རྒྱར་བཞུགས་པ་དང་།  དགུང་ལོ་སོ་གཉིས་དུས་རྟེན་འབྲེལ་གཉིས་པ་ཚ་བ་རོང་དུ་བྱོན་ནས་རྡོ་རྗེ་དྲེལ་དཀར་དུ་ཚོགས་མཆོད་འབུལ་ཚེ་ཚེ་རྫས་གནམ་བབས་དུ་དངོས་གྲུབ་ཐོབ།  དབྱིབ་དྲག་པོ་རྫོང་དུ་བྱོན་ནས་དབལ་འབར་སྟག་སླག་ཅན་དང་ཐུན་མོང་མ་ཡིན་པའི་ཐུགས་ཡིད་གཅིག་འདྲེས་དབང་དང་ལུང་གི་བསྲེ་བ་སོགས་ཤིན་ཏུ་ཞིབ་པར་བྱས་ཤིང་།  སེལ་ཆེན་མི་བཞི་འཇོམས་པའི་ཕྱིར་དུ།   དྲག་པོ་རྫོང་གི་ལྷོ་ཕྱོགས་ཨུ་མི་ཐང་དུ་མནན་པ་ཤིན་ཏུ་ཟབ་པར་རྒྱག་ནས།  གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན་བཞེངས་ཏེ་རབ་གནས་བརྟེན་བཞུགས་དང་བཅས་པ་མཐར་ཕྱིན་མཛད།  དགུང་ལོ་སོ་གསུམ་ལོར་དབལ་འབར་སྟག་སླག་ཅན་དེའི་མགུལ་ཕུར་འབར་བ་ཚད་མཆོག་ཏུ་གོས་མཐིང་ཁྲ་ཁ་གང་གསོལ་ནས་ཕུལ་གནང་མཛད་པས་རྟེན་འབྲེལ་བྱིན་ཅན་དུ་གོ།  དགུང་ལོ་སོ་ལྔའི་དུས་སྤུ་རྒྱལ་གནས་ཀྱི་སྒོ་ཕྱེས་མཚོ་དམར་ནག་རཀྟ་ནས་གུ་རུ་ཤིནྟ་རཀྟའི་སྐུ་བརྙན་དང་།  ཀླུ་གྲུབ་ཡེ་ཤེས་སྙིང་པོའི་ཀླུ་སྨན་སོགས་གཏེར་རྫས་འགའ་ཞིག་ཐོན།   ཚེ་ལུང་དཔལ་འབར་གདོང་ནས་དགོངས་འདུས་ཀྱི་ཤོག་སེར་གཙོས་གཏེར་རྫས་ལྔ་ཡོད་པ་སོགས་དྲངས།   དགུང་ལོ་བཞི་བཅུའི་ཐོག་ཐུགས་རྗེ་དཀོན་ཕུག་ནས་དཀར་མོ་ཚེ་འཛིན་མའི་དངོས་གྲུབ་དུ་ཐོབ།  དགུང་ལོ་ཞེ་གཅིག་ལོར་ཨ་དཀར་ཚེ་ལུང་བྲག་ནས་ཤོག་སེར་དང་གཏེར་རྫས་ཆ་ལྔ་རེ་ལྕང་སྤྲུལ་རིན་པོ་ཆེ་འཇིགས་མེད་བོན་དབྱིངས་ཆེ་མཆོག་རང་གྲོལ་སྙིང་པོ་གཙོས་སྐལ་ལྡན་འདུས་པ་བརྒྱད་ཀྱི་དབང་པོའི་སྤྱོད་ཡུལ་དུ་ངོ་མཚར་བའི་ལྟས་དྲུག་དང་ལྡན་ཏེ་མཐོང་གྲོལ་དུ་སྤྱན་དྲངས།   དགུང་ལོ་ཞེ་གཉིས་དུས་བམ་བྲག་བརྩེགས་པ་རིན་ཆེན་འབར་བའི་གཤོག་བར་ནས་དྲག་པོ་ཁྱུང་གི་རྫས་རྒོད་གཏེར་སྦྲམ་དང་བཅས་པ་མཁྱེན་བརྩེ་དབང་པོའི་ཞལ་ལུང་ལྟར་དངོས་གྲུབ་ཏུ་སྤྱན་དྲངས་པ་སོགས་བརྗོད་ལས་འདས་པའོ།།  དམ་པ་ཁོང་ནི་བཀའ་གཏེར་སྙན་རྒྱུད་ཀྱི་མངའ་བདག་གྲུབ་པའི་རིག་འཛིན་ཆེན་པོ་ཞིག་ཡིན་ཏེ།  བཀའ་གཏེར་ཆེན་མོ་བཅུ་གསུམ་ལ་དབང་བར་ཕྱི་ནང་གསང་བ་ཡང་གསང་བཞི།  དེ་རེ་རེ་ལ་རྒྱུད་ལུང་མན་ངག་སྟེ་བཅུ་གཉིས་དང་གཉིས་ཀ་མ་ཡིན་པ་དང་བཅུ་གསུམ་དུ་ཡོད་པས།  དང་པོ་ཕྱི་མདོ་ལ།  ཀུན་བཟང་ནམ་མཁའི་རྒྱལ་པོ་རྒྱུད་ཀྱི་མདོ།  མཐར་ཕྱིན་དགའ་བ་དགེ་ལྡན་ལུང་གི་མདོ།  དུས་ཀྱི་འཁོར་ལོ་འབྱུང་བ་མན་ངག་གི་མདོ་དང་གསུམ།  དེ་དག་གི་ཆ་ལག་དང་བཅས་པ་དང་།  གཉིས་པ་ནང་སྔགས་ལ།  བདེ་གཤེགས་བཀའ་བརྒྱད་གསང་འདུས་རྒྱུད་ཀྱི་སྔགས།  དབལ་ཕུར་ཐུགས་ཀྱི་གཟེར་བུ་ལུང་གི་སྔགས།  བདེ་གཤེགས་དགོངས་འདུས་ཐུགས་སྒྲུབ་མན་ངག་གི་སྔགས་དང་གསུམ།  དེ་དག་ལ་ཡང་ཆ་ལག་དང་བཅས་པ་དང་།  གསུམ་པ་གསང་བ་ལ།  དབྱིངས་ཆེན་ཟབ་མོ་བསྟན་པ་རྒྱུད་ཀྱི་སྡེ།  མཁའ་འགྲོ་ཤེས་རབ་གསང་བ་བ་གའི་རྒྱུད་དང་།   མཁའ་གསང་གབ་པ་སྒྲོན་མེ་ལུང་གི་སྡེ།   སྲིད་པ་ཀློང་གི་མན་ངག་རྒྱུད་ཀྱི་སྐོར།     རིག་འཛིན་ཐབས་ཀྱི་སྐོར་ལ་སྡེ་ཚན་གསུམ།   མ་མོ་ཡོངས་སྙིང་འདུས་པ་རྦོད་གཏོང་སྐོར།   དུག་མཚོ་ཁོལ་མ་འཇིག་བྱེད་གཤིན་རྗེའི་སྐོར།  གསེར་འོད་ནོར་བུ་མཆོག་རྒྱལ་ཐབས་ཞགས་གསང་།   དེ་དག་གི་ཆ་ལགས་ཞིབ་རྒྱས་རྣམས་དང་།   བོན་གྱི་ཡང་སྙིང་བླ་མེད་རྫོགས་པ་ཆེན་པོ་ཕྱི་ནང་གཉིས་སུ་བསྟན་པ་དང་།  གཉིས་ཀ་མ་ཡིན་པ་ལ་རྫོང་འཕྲང་གསུམ་བཅས་ཡོད་དོ།།  གཞན་ཡང་སྙན་བརྒྱུད་ཀྱི་སྐོར་ཡང་མང་ངོ་། རྡོ་ལ་ཞབས་ཕྱག་གི་རྗེས་དང་། གྲི་མདུད་པ། དཀར་ཡོལ་ཟན་ལྟར་བཅང་བ། དམ་རྫས་ཐིགས་པ་རེ་ཡིས་ནད་གདོན་སེལ་བ་མཛད་པ།  ཁོང་གི་ཟབ་གསང་ལུང་གི་སྙིང་པོ་གཏེར་གྲོགས་ཌཱཀྐི་ལྷ་སྐྱིད་ལ་འགྲོ་དོན་ནུས་པའི་སྲས་སྤྲུལ་པ་དང་རྗེ་ཉིད་ཀྱིས་ཡུལ་ཉེ་རིང་ནས་བྱུང་བའི་སློབ་ཚོགས་རྣམས་སྨིན་གྲོལ་ཟབ་མོའི་ཁྲིད་ཀྱིས་བསྐྱངས་པ་དང་ཞལ་བཞེས་དགོན་པའི་བསྟན་དོན་གྱི་བྱ་བ་རྣམས་ལ་གཟིགས་སྐྱོར་རྒྱ་ཆེར་མཛད་པ་དང་བར་སྐབས་རྣམས་སུ་བསྟན་འགྲོའི་དོན་གྱི་ཆིབས་བསྐྱོད་མདོ་དབུས་ཁམས་གསུམ་ཀུན་ཏུ་བསྒྱུར་ཏེ་སྔོན་ཚེ་རིག་འཛིན་གོང་མས་བྱིན་གྱིས་བརླབས་པའི་གནས་ཆེན་དག་ནས་ཟབ་གཏེར་གསང་གཏེར་གྱི་སྒོ་མོ་ཡང་ཡང་ཕྱེས་ཤིང་བཀའ་གཏེར་གཞུང་ལུགས་ཀྱི་སྐོར་སོགས་མདོར་ན་སྐུ་གསུང་ཐུགས་ཀྱི་རྟེན་རྣམས་ཕྱི་རབས་འདྲེན་པའི་རྟེན་དུ་བཞག་པར་མཛད་པའི་བཀའ་དྲིན་བསྩལ།  དེ་ལྟར་རྨད་དུ་བྱུང་བའི་རིག་འཛིན་ཆེན་པོའི་ཡོན་ཏན་དག་རྣམ་ཐར་ཆེན་མོར་གཟིགས་པར་མཛོད།  རྗེ་བླ་མ་ཉིད་འཆི་མེད་གཉུག་མའི་དོན་ལ་དབང་འབྱོར་བས་སྐྱེ་སྲིད་ཀྱི་འཇིགས་པ་ལས་རིང་དུ་བརྒལ་ཡང་སྐུ་གསུང་ཐུགས་ཀྱི་མཛད་འཕྲིན་རྣམས་མཐར་ལེགས་པར་ཕྱིན་ཏེ་དགུང་ལོ་དྲུག་ཅུ་བཞེས་པ་སྤྱི་ལོ་༡༨༩༢ཆུ་ཕོ་འབྲུག་གི་ལོར་དབྱར་ཟླ་འབྲིང་པོའི་ཚེས་ཉེར་བརྒྱད་ཉི་མ་རི་རྩེར་ཤར་དུས་སུ་དགོངས་པ་མཁའ་སྤྱོད་ཀྱི་དབྱིངས་སུ་སྙོམས་པར་བཞུགས་སོ།། 
ཞེས་རྣམ་ཐར་མདོར་བསྡུས་འདི་ནི་གུས་ཤེར་མིང་པ་དེས་༢༠༢༠ ལོའི་ཟླ་ཚེས་བཟང་པོ་ཉིན་བྲིས་པ་དགེའོ།།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།