བླ་མ་ཐབས་མཁས་རྒྱ་མཚོ།

[ཟླ་ཚེས། 2021-09-23 09:37:30][རྩོམ་པ་པོ། འཕན་བུ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ཀོང་པོ་སྐུ་ཤུག་དགོན་པའི་དབུ་བླ་ཐབས་མཁས་རྒྱ་མཚོ་མཆོག་གི་ངོ་སྤྲོད་མདོར་བསྡུས།

   དེ་ཡང་སྦས་པའི་རྣལ་འབྱོར་བ་ཆེན་པོ་ཀོང་པོ་སྐུ་ཤུག་དགོན་པའི་དབུ་བླ་སྐུ་ཞབས་ཐབས་མཁས་རྒྱ་མཚོ་མཆོག་ནི་ཤར་མདོ་ཁམས་སྨད་ཀྱི་ཆར་གཏོགས་པ་གཉན་ཆེན་སྣང་རྩེ་བྲག་དཀར་གྱི་ཉེ་འདབས་འཕན་ཆུ་བབ་བཟོ་སྟེ་དེང་གི་དབང་དུ་བྱས་ན་སི་ཁྲོན་ཞིང་ཆེན་མཛོད་དགེ་རྫོང་བབ་བཟོ་ཡུལ་ཚོ་འོ་མཚོ་ཐང་སྡེ་བའི་སྤེ་ཕྲུག་ཚང་ཞེས་པར་ཡབ་ཁྲོ་བོ་སྐྱབས་དང་ཡུམ་སྒྲོལ་མ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་མེ་ཕོ་ཁྱི་ལོར༼༡༩༤༦༽སྐུ་འཁྲུངས། མཚན་ལ་དབང་འདུས་ཞེས་སུ་བཏགས། ཆུང་དུས་ནས་དད་སེམས་བརྟན་ཞིང་རང་བཞིན་དྲང་བ་། སྙིང་རུས་ཆེ་ཞིང་ལས་ལ་བརྩོན་པ་ཞིག་ཡིན་རབས་འདུག
   དགུང་ལོ་བཅུ་གསུམ་སྟེང་དགེ་ཚུལ་གྱི་སྡོམ་པ་བླངས་ནས་སྐྱང་མདའ་ཆེན་དགོན་གཡུང་དྲུང་བཤད་སྒྲུབ་དར་རྒྱས་གླིང་གི་ཚོགས་གྲལ་དུ་ཞུགས། ལོ་དེའི་སྟོན་མཇུག་ཏུ་དུས་འགྱུར་ཟིང་འཁྲུག་ལངས་ནས་དགོན་པ་འཐོར། དེ་ནས་དམངས་གཙོ་བཅོས་བསྒྱུར་གྱི་སྐབས་སུ་མང་ཚོགས་དཀྱུས་མའི་ཚུལ་གྱིས་ངལ་རྩོལ་གྱི་ལས་ལ་ཞུགས། རིག་གནས་གསར་བརྗེའི་སྐབས་སུ་གྲལ་རིམ་འཐབ་རྩོད་སོགས་ཀྱི་དབང་གིས་སྐུ་ངལ་ཆེན་པོ་མྱངས་པར་བཤད།
   དེ་ནས་སྤྱི་ལོ་༼༡༩༨༠༽ཡས་མས་ནས་ཏང་གི་ཡང་དག་པའི་སྲིད་ཇུས་འོག་ནས་ཆོས་ལུགས་དད་མོས་རང་དབང་དོན་འཁྱོལ་བྱུང་སྟེ་ས་གནས་སོ་སོར་བསྟན་པ་བསྐྱར་གསོའི་བྱ་བའི་ལས་འགོ་བརྩམས། ས་ཕྱོགས་འདིར་ཡང་སྔོན་གྱི་བླ་རྒན་གྲྭ་རྒན་རྣམ་པའི་དབུ་ཁྲིད་འོག་ནས་དགོན་པ་བསྟན་པ་བསྐྱར་གསོའི་ལས་ཀྱི་ཚ་རླབས་འཕྱོ་བར་བྱེད། སྤྱི་ལོ་༼༡༩༨༡༽ལོར་མདའ་ཆེན་དགོན་པར་བྱ་འཕུར་ཤེས་རབ་བློ་ལྡན་མཆོག་གི་སྐུ་མདུན་ནས་རབ་ཏུ་བྱུང་ནས་མཚན་ལ་ཐམབས་མཁས་རྒྱ་མཚོ་ཞེས་སུ་གསོལ། དེ་ནས་སྤྱི་ལོ་༼༡༩༨༣༽ལོར་བབ་བཟོ་གཡུང་དྲུང་བསམ་གྲུབ་དགོན་པའི་མཁན་པོ་བསྟན་འཛིན་ཉི་མ་མཆོག་གིས་གདུགས་ངོ་ཞེས་པར་རྗེས་འཇུག་སློབ་མ་རྣམས་ལ་དགོངས་ནས་ལོ་གསུམ་སྒྲུབ་གྲྭ་ཁྲིད་པའི་དབུ་བཟུང་། དེ་དུས་ཁོང་ནི་དགུང་ལོ་སོ་བརྒྱད་ཡིན་ཞིང་མཁན་པོ་ཚང་གི་སྐུ་མདུན་ནས་རྩྭ་རིན་ཆེན་འོད་ཟེར་དང་མཁན་པོ་དགའ་བཟོད་པ་རྒྱ་མཚོ། ཚེ་མཚམས་པ་བསྟན་འཛིན་དར་རྒྱས་སོགས་དང་མཉམ་དུ་ལོ་གསུམ་བཅད་རྒྱ་ལ་བཞུགས། ལོ་ངོ་གསུམ་གྱི་རིང་ལ་མཁན་པོ་ཚང་གི་ཐུགས་བརྩེ་བ་ཆེན་པོའི་དྲོད་ཁོལ་འོག་ནས་སྔོན་འགྲོ་དངོས་གཞི་དང། ཨ་གཏད་ཞི་གནས། འོད་གསལ་ཐོད་རྒལ་མུན་ཁྲིད་དང་། རྩ་རླུང་ཐིག་ལེ་འཕྲུལ་འཁོར། བཅུད་ལེན་རིགས་དྲུག་རང་སྦྱོང་དང་བཅས་པ་ཀུན་མཁྱེན་ཤར་རྫ་བའི་རང་ལུགས་ཇི་བཞིན་དབང་ལུང་ཁྲིད་ཐབས་ལག་ལེན་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་འཐོབ་ཅིང་ལེགས་པར་མཐར་ཕྱིན་པར་མཛད།
   དེ་ནས་བརྩེ་བའི་མཆེད་གྲོགས་འགའ་དང་ལྷན་དུ་མདའ་ཆེན་དཀར་མོ་རི་ཁྲོད་ནས་རྐྱང་ཕྱག་བཙལ་ཏེ་སྟོད་ཉི་མ་ལྷ་སར་ཕེབས། དགེ་བའི་ཚོགས་རླབས་པོ་ཆེ་དེ་ལེགས་པར་འགྲུབ་རྗེས་ཕྱིར་རང་ཡུལ་དུ་ཕེབས་ཏེ་གདན་ས་ཆེན་པོ་མདའ་ཆེན་དཀར་མོ་རི་ཁྲོད་དུ་སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་མཆོག་གི་སྐུ་གདུང་བསྐྱར་བཞེངས་ཀྱི་ལས་ལ་ཞུགས། ཁོང་དང་མཆེད་གྲོགས་འགའ་ཞིག་གི་དད་པའི་སྟོབས་དང་ལྷག་བསམ་གྱི་ཤུགས་ཀྱིས་སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་གྱི་སྐུ་གདུང་མཐོང་བ་རང་གྲོལ་འདི་ཉིད་བཞེངས་བསྐྲུན་མཛད་པ་ལེགས་པར་འགྲུབ་ཅིང་དད་ལྡན་མང་ཚོགས་རྣམས་ཀྱི་རྟེན་སྐལ་དུ་སྣང་བ་ད་ལྟའང་མཇལ་དུ་ཡོད་པ་འདི་ལགས་སོ།།
   བར་མཚམས་དེ་ནས་རྒྱལ་ཉི་དམུ་རི་གནས་སུ་ཕེབས་ཏེ་མཚམས་ལ་ཅུང་ཙམ་བཞུགས་ན་ཡང་རིང་བོ་མ་འགོས་པར་དབུ་ཕྱོགས་སུ་ཐེངས་གཉིས་པར་ཕེབས། སྐབས་དེར་ཀོང་པོ་བོན་རིའི་མདུན་ཞོལ་སྟག་རྩེ་རི་ཁྲོད་དུ་བཞུགས་ཏེ་ཕྱག་སྐོར་ཉམས་ལེན་དང་རྟེན་བཞེངས་ཀྱི་ཕྱག་ལས་ལ་བརྩོན་པར་མཛད། ཁོང་གི་བློ་སྤོབས་དང་ལྷག་བསམ་གྱི་སྟོབས་ཀྱིས་དགོན་པ་དེར་ཐོག་བརྩེགས་གཉིས་ཅན་གྱི་གྲྭ་ཤག་ཁང་མིག་མང་བོ་ཅན་ཞིག་ཕུབ་ནས་ཕྱོགས་སོ་སོ་ནས་ཕེབས་པའི་གནས་མཇལ་བ་དང་དགེ་སྦྱོར་བ་རྣམས་ལ་ཕྱག་སྐོར་ཉམས་ལེན་གནང་སའི་ཁོར་ཡུག་ལེགས་པོ་ཞིག་ཀྱང་བསྐྲུན་པར་བྱས།
   དེ་ནས་སྟོན་པ་གཤེན་རབ་མི་བོ་མཆོག་གི་སྐུའི་བླ་རྟེན་དུ་གྲགས་པའི་སྐུ་ཤུག་ཆེན་པོའི་ཉེ་འགྲན་དུ་མང་ཚོགས་ལག་ནས་ཞིང་ས་ཉོས་ཏེ་དེང་གི་ཀོང་པོ་སྐུ་ཤུག་གཡུང་དྲུང་བསྟན་རྒྱས་གླིང་ངམ་ཡོངས་གྲགས་སུ་སྐུ་ཤུག་དགོན་པ་འདི་ཉིད་ཕྱག་བཏབ།༼སྔོན་ཆད་རྟོགས་ལྡན་རལ་བ་འབྲུག་གསས་ཚང་གིས་དགོན་པ་འདི་ཐོག་མར་ཕྱག་བཏབ་པར་གྲགས་མོད་ཀྱང་དུས་འགྱུར་སྣ་ཚོགས་ཀྱི་དབང་གིས་བླ་མ་ཐབས་མཁས་རྒྱ་མཚོས་གནས་འདིར་དགོན་པ་རྒྱག་དུས་སྐུ་ཤུག་ཙམ་ལས་གཞན་གང་ཡང་མེད་པས་གསར་དུ་དབུ་བརྩམས་པ་དང་གཉིས་སུ་མེད་པར་བཤད༽དང་ཐོག་ཆ་རྐྱེན་ཞན་ཞིང་གོ་སྐབས་ཤིན་ཏུ་ཕྲ་ན་ཡང་ཁོང་གིས་ཐུགས་དགོངས་ཆེ་བཞེས་ཀྱིས་དཀའ་བ་དང་དུ་བླངས་ཤིང་ངལ་བ་གདོང་གིས་བསུས་ནས་བསྟན་འགྲོའི་དོན་དུ་སྐུ་ངལ་ཆེན་པོ་གནང་ཞིང་ཕྱིའི་འཛུགས་སྐྲུན་དང་ནང་གི་རྟེན་བཞེངས་མཐའ་དག་ལེགས་པར་འགྲུབ། ཁོང་གིས་བོན་བསྟན་སྤྱི་དང་ཁྱད་པར་དུ་ཀོང་པོའི་ཡུལ་གྱི་བླ་རྟེན་སྐུ་ཤུག་འདིའི་འཇིགས་ཉེན་ལ་དགོངས་ནས་དགོན་པ་འདི་བཏབ་སྟེ་སྐུའི་བླ་རྟེན་སྐུ་ཤུག་ཆེན་པོར་བདག་སྐྱོང་གནང་བ་ནི་སུས་ཀྱང་བསྙོན་དུ་མེད་པའི་སྤྱི་དོན་ཆེན་པོ་ཞིག་ཏུ་འདུག དེ་ནས་ཉེ་བའི་ལོ་ངོ་ཁ་ཤས་ཀྱི་ཡར་སྔོན་དུ་དགོན་པ་འདིར་མེ་སྐྱོན་བྱུང་ནས་རྟེན་བཞེངས་པ་ཐམས་ཅད་མེ་ལྷའི་ཞལ་དུ་བསྟབས། དེར་སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེས་རྒྱབ་སྐྱོར་ཆེན་པོའི་བཀའ་དྲིན་འོག་ནས་ཡང་བསྐྱར་ཁོང་རིན་པོ་ཆེ་དང་ཨ་གྲགས་ཤེས་རབ་དཔལ་ཆེན་རྣམ་གཉིས་ཀྱིས་རྟེན་དང་བརྟེན་པ་ཐམས་ཅད་བསྐྱར་བཞེངས་མཛད་ནས་ལེགས་པར་འགྲུབ་ཅིང་ཉེ་འཁོར་གྱི་དད་ལྡན་རྣམས་ལ་ཡང་གང་ལ་གང་འདུལ་གྱི་ཚུལ་དུ་བོན་གྱི་སྦྱིན་པ་རྒྱ་ཆེར་གནང་། ས་གནས་དེ་གའི་སྲིད་གཞུང་གིས་ཀྱང་མཐོང་ཆེན་གནང་ཞིང་རྒྱལ་གཅེས་ཆོས་གཅེས་ཀྱི་མི་སྣར་བརྩིས་ནས་ནང་བསྟན་ཕྱོགས་ནས་གོ་གནས་ཆེན་པོ་སྤྲད། ཁོང་ནི་གྲྭ་རྐྱང་དཀྱུས་མའི་བརྟུལ་ཞུགས་བཅངས་ནས་གོ་གནས་དང་གྲགས་སྙན་སོགས་ལ་དེ་ཙམ་སྤྲོ་བོ་མི་གནང་མཁན་ཞིག་ཡིན་ན་ཡང་། རྒྱལ་གཅེས་ཆོས་གཅེས་ཀྱི་མཛད་པ་རྒྱ་ཆེར་བསྐྱངས་པས་དད་ལྡན་མང་ཚོགས་རྣམས་ཀྱིས་ཀྱང་ཨ་མདོ་ཕྱག་འཚལ་བླ་མ་འམ་སྐུ་ཤུག་བླ་མ་ཟེར་ནས་བརྩི་མཐོང་ཆེན་པོ་བྱེད། ཁོང་ནི་དད་པ་བརྟན་ཞིང་སྙིང་སྟོབས་ཆེ་བ། སྤྱན་རྒྱང་རིང་ཞིང་སྒོམ་དགྱེས་ཆེ་བས་ཕ་ཡུལ་ཕྱོགས་སུ་ཡང་། འདོད་དགུ་ཇོ་མོ་དགོན་པ་བཞེངས་བསྐྲུན་དང་དད་ལྡན་མང་ཚོགས་རྣམས་ལ་རང་ནུས་ཅི་ལྕོག་གིས་རྒྱུ་ཤུགས་དངོས་གསུམ་ནས་རོགས་སྐྱོར་དང་སྣ་ཁྲིད་གང་ལེགས་མཛད་ཡོད་པས་སྙན་པའི་གྲགས་པ་ཡོངས་སུ་ཁྱབ། དེ་ལྟར་སྐུ་ཚེ་གང་བོར་སྦས་པའི་ཚུལ་གྱིས་སམ་གྲྭ་རྐྱང་དཀྱུས་མའི་བརྟུལ་ཞུགས་བཟུང་ནས་བསྟན་དང་འགྲོ་བའི་དོན་དུ་མཛད་པ་འཕྲིན་ལས་ལེགས་པར་བསྐྱངས་ནས་མཐར་དགུང་གྲངས་བདུན་ཅུ་དོན་དྲུག་བཞེས་པ་སྤྱི་ལོ་༢༠༢༡ལོའི་ཟླ༩་ཚེས་༩ཉིན་ཀོང་པོ་སྐུ་ཤུག་དགོན་དུ་དགོངས་པ་བོན་དབྱིངས་སུ་བསྡུས་སོ།།
   སྐབས་འདིར་བླ་མ་ཁོང་གི་ངོ་སྤྲོད་ཅིག་དགོས་མཁོ་ཆེ་བར་བསམ་ནས་འབྲི་ཁུལ་བྱེད་པ་ཡིན། འདིའི་ནང་དུ་མང་བོ་ཞིག་འདུས་མེད། དེ་བས་ཀྱང་མ་འདང་ས་དང་མ་འདུས་པ། འབྲི་ནོར་ཤོར་བ་དང་མགོ་མཇུག་ལོག་པ་སོགས་ཀྱི་གནས་ཚུལ་ཡོད་ངེས་ཡིན་པས་ཀློག་པ་པོ་ཡོངས་ལ་དགོངས་འགལ་མེད་པར་ཞུ། ཞེས་ཕྲན་འཕན་བུ་རུ་འབོད་པས་གུས་པ་དང་རྗེས་དྲན་གྱི་ཚུལ་དུ་བྲིས་པ་དགེའོ།།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།