ཁྱུང་སྤྲུལ་འཇིགས་མེད་ནམ་མཁའི་རྡོ་རྗེ།

[ཟླ་ཚེས། 2018-04-08 17:21:54][རྩོམ་པ་པོ། ཁྱུང་ལུང་དངུལ་མཁར་བ་ཚུལ་ཁྲིམས་ཕུན་ཚོགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

སྐྱབས་རྗེ་འཁོར་ལོའི་མགོན་པོ་ཁྱུང་སྤྲུལ་འཇིགས་མེད་ནམ་མཁའི་རྡོ་རྗེ་གཡུང་དྲུང་རྒྱལ་མཚན་དཔལ་བཟང་པོ་མཆོག་གི་རྣམ་ཐར་ལུང་གི་སྙིང་པོ་བཞུགས།
2011100521150223.jpg

ཞང་ཞུང་སྐད་དུ། ཅི་པར་སད་གྱེར་དྲུང་མུ་ཝེར་ཞི་ཤྲི་སྨར་ཐ་ཡུད་པུ་རད་སོ་ན་ཙི་པ་ཏི་གུ་དུན་ཧྲུན་ནོ།
    མཁས་དང་གྲུབ་པའི་དབང་པོ་དམ་པ་འདི་ཉིད་མདོ་སྟོད་མི་ཡི་ཆོལ་ཁ་ཞེས་རྔུལ་རྫ་ཟིལ་མོའི ་སྒང་སྟོད་ཡུལ་འབྲོག་ཤོག་སྡེ་ཚོའི་ནང་ནས་སྤ་བ་ལུང་ནང་ཟེར་བ་ལ་ཧོར་ཚོ་སོ་དགུའི་སྤྱི་ཁྱབ་རྒྱལ་པོའི་ནང་བློན་ག་རྒྱ་ཚང་ཞེས་རིགས་མཐོ་བར།  ཡབ་དཔའ་རྒོད་རྩལ་གསུམ་རྒྱས་པ་དགེ་སྡིག་བར་གསུམ་གྱི་བྱ་བར་སྟོབས་ཆེན་འཇུག་པའི་ཧོར་སྤྱིའི་མདུན་བློན་ག་རྒྱ་བསོད་ནམས་བསྟན་དར་དང་།  ཡུམ་རིགས་རྒྱུད་བཟང་བ་ཇིང་གིར་ཧོར་གྱི་གདུང་ལས་ཤེས་རྒྱ་ཆེ་ཞིང་ངང་ཐག་རིང་བ་སོགས་བུད་མེད་ཡོན་ཏན་དུ་མ་ཕྱུག་པའི་ཧོར་ཟ་བསོད་ནམས་གནམ་མཚོ་གཉིས་ལ་སྲས་བདུན་ལྕམ་གཅིག་བྱུང་བའི་ཆེ་འགོས་ཏེ།  བོད་རབ་ཚེས་མེ་མོ་བྱ་ཡི་{༡༨༩༧}ལོར་ཁྲུམས་ཟླའི་ཚེས་བཅུ་གཉིས་ཉིན་བཀྲ་ཤིས་པའི་དགེ་ལྟས་དུ་མ་དང་བཅས་སྐུ་འཁྲུངས་པས་རིམ་འགྲོ་དང་བཙས་སྟོན་རྒྱ་ཆེན་བྱས་ཤིང་སྐྱེས་མིང་ལ་བསོད་ནམས་བསྟན་འཛིན་ཞེས་གསོལ། དགུང་ལོ་བཞི་ཙམ་ལོན་པའི་དུས་སུའང་དགེ་བསྒྲུབ་སྡིག་འཛེམ་མི་བརྗེད་པ་དང་ཐ་ན་འབུ་སྦྲང་ཙམ་བསོད་དོག་དང་།  སྙིང་པོ་རྣམ་གསུམ་སྨོན་ལམ་གང་ཤེས་དང་ཕྱག་སྐོར་མཆོད་འབུལ་སོགས་མཛད།  དེ་ནས་གཟའ་སྐར་བཟང་བའི་ཉིན་གཅིག་ལ་སྤ་བ་ལུང་ཕུའི་རི་ཁྲོད་དུ་དགེ་རྒན་རྣལ་འབྱོར་བ་དྲང་སྲོང་རྒྱལ་བ་ཚུལ་ཁྲིམས་བཞུགས་ཡོད་པའི་མདུན་ནས་དབུ་མེད་འབྲུ་རྒུར་གྱི་ཀ་ཁ་ཚར་གསུམ་བསླབ་པས་ཆ་ཚང་ཤེས་ཤིང་རྗེབ་དང་ཡིག་ཆུང་གི་ཀ་ཁ་བལྟས་པས་ཚེགས་མེད་དུ་ཤེས་པས་དགེ་རྒན་ཐུགས་མཉེས། དགུང་ལོ་བདུན་བརྒྱད་ཙམ་ནས་ཡི་གེ་རྫབ་ཤར་དཀར་ནག་གང་ལའང་ཐོགས་མེད་ཀློག་འདོན་སྐྱེན་པ་བྱུང་།  དེ་ལྟར་སྔ་ཕྱིར་བླ་མ་ཁྱད་འཕགས་སྤ་སྟོན་ཉི་མ་འབུམ་གསལ་དང་རྩ་བའི་བླ་མ་སྒོ་རྒྱལ་ཉི་མ་རྒྱལ་མཚན་སོགས་རང་ཡུལ་གྱི་ཞུ་ཚང་དང་སྐམ་ཚང་སྤ་ཚང་སོགས་བླ་ཁག་ཀུན་དང་། ཕྱོགས་ཕེབས་ཀྱི་བླ་མ་གཏེར་སྲས་ཚེ་དབང་འགྱུར་མེད། སྐམ་བླ་ཟླ་བ་རྒྱལ་མཚན། སྨོན་རྒྱལ་ནམ་མཁའ་གྲགས་པ། སྟག་རྩེ་རི་ཁྲོད་ཀྱི་བླ་མ་རྒྱལ་མཚན། སྟག་བྲོ་སའི་བླ་མ། སྒྱིལ་རི་སྤྲུལ་སྐུ།  ཁྱུང་པོ་ཁོག་གི་བླ་མ་མང་པོ།  ཞུ་རི་ཞིང་བླ་མ། མདོ་སྨད་རབ་བླ་སེམས་ཉིད་གླིང་པ།  སྨན་རི་དང་མཁར་སྣ་གཡུང་དྲུང་གླིང་གི་མཁན་པོ་སོགས་ཕྱོགས་ཀྱི་བླ་མ་མང་པོ་ག་རྒྱ་ཚང་དུ་ཕེབས་པའི་སྐབས་དང་། དེ་བཞིན་གྱིམ་ཤོད་ཤེལ་ལེ་རྒྱ་སྐར་གནས་འཇལ་ཕེབས་སྐབས་སུ་གྲུབ་དབང་སྨོན་ལམ་རྒྱལ་མཚན་དང་།  ཀོང་པོ་བོན་རི་ལ་ཕེབས་སྐབས་སོགས་ཕྱོགས་ཀྱི་དགོན་པ་གནས་རི་བླ་རྟེན་བཅས་མཇལ་སྐབས་སུ་སྐྱེས་ཆེན་དུ་མའི་མདུན་དུ་བོན་འབྲེལ་སྣ་ཚོགས་ཐོབ་པ་སོགས་བོན་སྒོ་ཀུན་གྱི་དབང་ལུང་ཁྲིད་རྣམས་རྒྱུན་མ་ཆད་པར་ཀུན་ཐོབ་ཅིང་ཨ་ཁྲིད་དང་དམར་ཁྲིད་དྲན་པ་ཡབ་སྲས་སོགས་ཀྱི་སྔོན་འགྲོ་དངོས་གཞི་བཅས་ཀྱི་ཁྲིད་ལུང་ཐོབ་པར། སྐྱབས་འགྲོ་དང་སེམས་བསྐྱེད།  སྙིང་པོ་རྣམ་གསུམ་གསོལ་འདེབས་སོགས་ཁྲི་འབུམ་གྲངས་མང་བསགས་སྦྱངས་དང་ཕྱག་སྐོར་མཆོད་འབུལ་བསྔོ་བ་སྨོན་ལམ་བཅས་ཚུལ་བཞིན་མཛད་དོ། དེ་སྐབས་སོགས་ལ་དགེ་རྒན་རྒྱལ་བ་ཚུལ་ཁྲིམས་དང་དགེ་འདུན་གྲགས་པ།  ཤེས་རབ་ཉི་མ། ཝེར་ཡ་ཚུལ་མི། ཕྱྭ་བཙུན་པྲཛྙ། ཝང་ཡ་ཁི་ཁར།  རྒྱ་རོང་དབང་ལྡན་འོད་ཟེར་སོགས་དགེ་རྒན་དུ་བསྟེན་ནས་ཀུན་རྫོབ་ཀྱི་རིག་པའི་གནས་བཟོ་རིག གསོ་རིག རྩིས་རིག བརྡ་དག རྒྱུད་གཞུང་གི་དོན།  གསང་སྔགས་གསར་རྙིང་སོགས་བྲུ་ཞུའི་ལུགས་ཀྱི་ཆོ་གའི་ཕྱག་ལེན་དང་།  གཏོར་བཟོ་གྱེར་དབྱངས་ཕྱག་རྒྱ་དང་།  འཁོར་ལོ་དང་དཀྱིལ་འཁོར་འབྲི་ཚུལ།  བསྐང་མདོས་ཀྱི་རང་ཞལ་ཤིང་རིས་ནམ་མཁའ་རྒྱང་བུ་བཅས་ཆ་ཚང་བསླབ་སྟེ་བྲིས་ཤིང་བྲན་པ་སོགས་ལེགས་པར་སྦྱངས་བརྩོན་བྱས།  དེ་ལྟར་ཆུང་དུས་ནས་སྐྱེས་ཐོབ་ཤེས་རབ་ཀྱི་རྩལ་ཆེ་བས་སྤྱིར་སྦྱང་བྱ་ཐ་དག་ལན་རེ་ཟུང་རེས་ཚེགས་མེད་དུ་མཁྱེན་པར་གྲགས།  དེ་ནས་ཁོང་ཉིད་ལ་ཧོར་རྗེའི་རྒྱལ་ཁམས་སྟོད་སྨད་བར་གྱི་མི་དྲག་རྒན་བློན་མང་པོས་ཁྱེད་རང་ག་རྒྱའི་ཡབ་མྱེས་ཀྱི་རྒྱུད་བཟུང་ཧོར་བློན་དུ་བཞུགས་ནས་ཧོར་སྡེ་ཤོག་ཁ་ཀུན་ལ་ཕན་ཆེ་འབྱུང་ངེས་དེ་ལྟར་མཛོད། ཅེས་ཞུས་པ་མ་ཟད་ཡབ་ཡུམ་གཉིས་ཀྱིས་ཀྱང་ཕ་གཞིས་སྦྱར་རྒྱུ་ཁོ་ན་བྱེད་ཅིང་རྗེས་སུ་ནའང་ཧོར་སྤྱིའི་གོ་གནས་འཛིན་དགོས་ཚུལ་ཡང་བྱུང་རབས་འདུག་ཀྱང་། དམ་པ་ཁོང་ཉིད་ཀྱང་སྤྱིར་འཁོར་བ་ལ་སྙིང་པོ་མེད་པ་མི་བརྟན་པ་སྡུག་བསྔལ་གྱི་རང་བཞིན་དང་། སྒོས་སུ་ཁྱིམ་ཐབས་བྱ་བ་འདི། མེའི་འོབས་དང་སྲིན་གླིང་། དུག་སྦྲུལ་ཚང་ལྟ་བུ་དང་། འཁོར་བའི་ཕུན་ཚོགས་རྣམ་པ་སྡེ་བཞིའི་དཔལ་གྱི་ཕྱུག་ཀྱང་དུག་དང་འདྲེས་པའི་ཁ་ཟས། སྤུ་གྲི་སོ་ཁའི་སྦྲང་རྩི།  དུག་སྦྲུལ་མགོ་ཡི་ནོར་བུ་ལྟར་རེག་པ་ཙམ་གྱི་ཕུང་བའི་དགྲ་འདྲེ་ལྟ་བུ་ལ་ངས་བསམ་ཞིང་བསམ་ཞིང་ནས་སྐྱོ་བ་གཏིང་ནས་སྐྱེ་བས་ག་རྒྱའི་ནོར་རྫས་དང་མངའ་ཐང་སྙན་གྲགས་བདག་མི་འདོད་ཅིང་དེ་ཉིད་བསྟེན་པ་སྨོས་ཅི་དགོས་གསུངས་ཤིང་། རྒྱལ་བ་སངས་རྒྱས་སྲས་བཅས་སོགས་སྐྱེས་བུ་དམ་པ་གོང་མའི་རྣམ་ཐར་ཅི་བཞིན་སྐུ་ཚེ་བློས་བཏང་རྒྱུའི་འདུན་པས། དང་ཐོག་འདུལ་ཁྲིམས་རབ་བྱུང་བསྒྲུབ་དགོངས་ཏེ་ཡབ་ཡུམ་གཉིས་ལ་གནང་བ་ཡང་ཡང་ཞུས་མཐར་ཡབ་ཡུམ་གཉིས་ཀྱིས། བུ་ཁྱོད་གནང་བ་མ་བྱིན་ན། དགེ་སྦྱོར་གྱི་བར་ཆད་དགེ་བའི་གེགས་ཤིང་དུ་འགྲོ་བས་མི་རུང་མོད་དགོངས་ཏེ་གནང་བ་བྱས། དེ་ནས་དགུང་ལོ་བཅོ་ལྔའི་ངོ་སྟེ་ལྕགས་ཕག་{༡༩༡༡}ལོར་ས་ཟླའི་ཚེས་བདུན་ཉིན་མཁས་བཙུན་བཟང་གསུམ་དང་མཁྱེན་བརྩེ་ནུས་གསུམ་ལྡན་པའི་འདུལ་འཛིན་རིན་པོ་ཆེ་སྒོ་སྟོན་ཉི་མ་རྒྱལ་མཚན་མཆོག་མཁན་པོ་དང་། དགེ་རྒན་དམ་པ་དྲང་སྲོང་རྒྱལ་བ་ཚུལ་ཁྲིམས་རིན་པོ་ཆེས་སློབ་དཔོན་མཛད་དེ་རབ་བྱུང་གི་སྡོམ་པ་ཡང་དག་པར་མནོས་ཤིང་ཚུལ་མཚན་གཡུང་དྲུང་རྒྱལ་མཚན་ཞེས་གསོལ་ཞིང་མཁན་པོས་བསྟན་འགྲོ་ལ་ཕན་ཐོགས་ཆེ་བར་འོང་གསུངས་མཉེས་མཉེས་མཛད།  དེ་ནས་ལོ་ཤས་རིང་དགེ་རྒན་དང་ལྷན་དུ་དབེན་གནས་གཉན་ཁྲོད་འགྲིམ་ལུགས་སྒོམ་བསྒྲུབ་བྱ་ལུགས་སོགས་ཞུས་ཏེ་སྦྱངས་པར་མཛད། རྩ་བའི་བླ་མ་སྒོ་རྒྱལ་གྱི་མདུན་ནས་རྫོགས་ཆེན་ཞང་ཞུང་སྙན་རྒྱུད་ཀྱི་སྔོན་འགྲོ་ཡོངས་རྫོགས་ཞུས་ཏེ་ཐུན་མོང་དང་ཐུན་མིན་སྔོན་འགྲོ་བཅས་ཚད་དུ་ཕེབས་པ་སྦྱངས་ཤིང་བསྐྱེད་རྫོགས་ཚད་ལྡན་དང་འབྲེལ་བ་འབུམ་ཕྲག་རེ་བསགས། འཕོ་བ་དང་དངོས་གཞིའི་ཁྲིད་རྣམས་གནང་སྦྱངས་མཛད་ཅིང་རྟོགས་འབུལ་ཞུས་ལེན་མང་པོ་གནང་བས་དེ་ཀ་རང་ཡིན་པས་ལས་འཕྲོ་བཟང་སྟེ་རིག་པ་རང་ཤར་ལྟ་བུ་ཡིན་གསུངས། བསླབ་ཁྲིད་རྒྱས་པར་གནང་བར་ཉམས་ལེན་མཉམ་གཞག་རྗེས་ཐོབ་འབྲེལ་མ་ཆད་པར་བསྐྱངས། དེ་སྐབས་ཤིག་ན་དགེ་རྒན་ཞིང་གཤེགས་ཤིང་དགེ་ཚོགས་རྒྱ་ཆེན་ཕུལ་ཞིང་རང་གནས་བག་ཕེབས་པོ་ཞིག་མ་བྱུང་བས། ལོ་འགའ་ལ་རྒུན་ཚེ་ཡུལ་སྡེ་སྟོད་ཤོག་ཕྱོགས་སུ་རྒྱལ་པོའི་ཁྲལ་བསྡུ་དང་ག་རྒྱའི་བུན་བསྡུ་རུ་ལན་འགའ་སོང་།  ཡར་མར་གྱི་ལམ་དང་དེ་ཕྱོགས་དགོན་སྡེ་གནས་རྟེན་བླ་མ་བཅས་ཆོས་འབྲེལ་རེ་ཞུས་ཤིང་དགོན་སྡེ་ཁག་ལ་མང་ཇ་སྐུ་འགྱེད་མཆོད་མེ་ཚོགས་རྟེན་སོགས་ལོ་རིམ་བཞིན་མང་པོ་ཕུལ།  ཁ་ཏོན་ཞི་རྒྱས་ཁྲོ་རྒྱས་སོགས་རྡོ་ལ་འབུར་བརྐོས་མང་པོ་དང་།  གསུང་རབ་གླེགས་བམ་ལྷ་སྐུ་བྲིས་འབོར་བཅས་བླུས་ཡོན་སྦྱར་ཏེ་མང་པོ་བཞེངས་མཛད། བུན་ལོན་རྩ་སྐྱེད་མང་པོ་དགེ་ཕྱོགས་སུ་བསྒྱུར་གནང་མཛད། དབུལ་ཞིང་འཁོས་ཆུང་རིགས་བུན་མང་པོ་དགོངས་ཡང་སྤྲད་དེ་མ་བླངས་ཤིང་ཉམ་ཆུང་རྣམས་ལ་ཕན་པ་དུ་མ་མཛད།  བུན་གན་མང་པོ་མེ་ལ་བསྲེགས།  དེ་སྐབས་གཞན་དགེ་བྱེད་སེར་མོའི་རིགས་ལ་དགེ་ཚོགས་ཀྱི་གཏམ་ཚོགས་དང་། གནས་བསྟོད་འགའ་བྲིས། བླ་མ་ཁག་ལ་ཉམས་རྟོགས་ཀྱི་གླུ་ཆུང་རེ་ཕུལ། ཕ་མ་གཉིས་སོགས་ལ་དགེ་བསྐུལ་གྱི་གདམས་པ་འགའ་སྨྲས། རང་གཞན་གྱི་གསལ་འདེབས་འགུར་མ་འགའ་ཡང་བླངས། དེ་ནས་ཀླུ་ཕུག་དགོན་བསྒྲིགས་ཞུགས་མཁར་དམར་བླ་བྲང་གི་ཕྱག་མཛོད་ལོ་གཅིག་མཛད་དེ་དགོན་གཞུང་བླ་བྲང་གཉིས་ཀའི་མཆོད་རྒྱུན་རྟེན་སོགས་ལ་སྲི་ཞུ་གང་ཐུབ་ཞུས། བོན་སྒོ་ཕྱི་ནང་ཀུན་སྦྱངས་བརྩོན་དང་ཉམས་ལེན་རྒྱུན་མ་ཆད་པར་བསྐྱང་།  དེ་ནས་རྩ་བའི་བླ་མ་སྒོ་སྟོན་ཉི་མ་ལ་ཉམས་རྟོགས་ཀྱི་གླུ་ཕུལ་ཞིང་ཕ་ཡུལ་གཉེན་འབྲེལ་དགོན་སྡེ་དང་བཅས་པ་སྤངས་ཏེ་ཆགས་མེད་རི་ཁྲོད་དུ་ཉུལ་བའི་དུས་སུ་དགེ་སྦྱོང་སྐྱོང་ལུགས་གདམས་ལུང་ཞུས་ལེན་གནང་བར་བླ་མ་ཐུགས་མཉེས། དེ་སྐབས་ཤིག་ནས་ཀླུ་ཕུག་མཁར་དམར་མཆོག་སྤྲུལ་ཁྲི་འདོན་སྐབས་སྐྱབས་རྗེ་རྩ་བའི་བླ་མ་སྤ་སྟོན་ཉི་མ་འབུམ་གསལ་ཕེབས་པའི་མདུན་བཅར་ཞུས་ཏེ་རྫོགས་ཆེན་སོགས་ཀྱི་སྐོར་དབང་ལུང་ཁྲིད་གསུམ་ཟབ་རྒྱས་མང་པོ་ཞུས། ཁྱད་པར་སྤྱི་སྤུངས་ཞི་ཁྲོ་དང་ཚེ་དབང་བྱ་རི་མའི་དབང་ལུང་བཅས་གནོས་ཤིང་ཡིད་དམ་མཛོད་ཅིག་རང་གཞན་ལ་ཕན་ཐོགས་འོང་གསུངས། དེ་སྔོན་ཕྱོགས་མེད་རི་ཁྲོད་འགྲིམས་གཅིག་ཚེ་དང་བསྒྲུབ་པ་སྙོམ་པའི་འདུན་པ་ཐུགས་བསམ་འདི་ལྟར་ཏེ། དེའང་ཀོང་པོ་དང་རྩ་རི་ལྷོ་རྒྱུད་གནས་ཁག་དང་།  ཡང་ན་མདོ་སྨད་དང་རྒྱ་ནག་ཕྱོགས་ཀྱི་གནས་དང་བླ་ཆེན་ཁག   ཡང་ན་གྲྭ་ས་ཁག་གི་བླ་སློབ་བསྟེན་ཏེ་དེ་ནས་རྒྱ་བལ་དང་སྟོད་གནས་གངས་རི་མཚོ་གསུམ་ཁྱུང་ལུང་དངུལ་མཁར་སོགས་བསྒྲུབ་པ་བྱས་ན་བསམ་པའི་དོན་གསུམ་ཡོད་པས་གང་བཟང་ཐུགས་བརྟག་ཞུས་པས།  སྐྱབས་རྗེ་སྤ་སྟོན་མཆོག་དགོངས་པ་དལ་ཙམ་གཟིགས་ཏེ་དེ་ལྟར་ཕྱོགས་མེད་རི་ཁྲོད་འགྲིམས་པར་ཤིན་ཏུ་བཟང་། ལན་གཉིས་གསུངས་ཏེ་བཟང་གསུམ་ལ་ཁྱད་པར་མེད།  ཚེ་འདིར་གདོས་བཅས་འོད་གསལ་དག་ནས་སྐྱེ་མེད་ཀུན་བཟང་སར་གཤེགས་པའི་རྟེན་འབྲེལ་ལྷོ་གནས་ཕྱོགས་བཟང་།  འགྲོ་དོན་འདུལ་བྱ་མདོ་སྨད་ཕྱོགས་དེའང་བཟང་། རྒྱལ་བའི་བསྟན་པ་ལ་ཕན་ཐོགས་ཆེ་བ་གྲྭ་ས་ཁག་དང་སྟོད་གནས་གངས་ཏི་སེ་དང་ཁྱུང་ལུང་སོགས་ན་འོང་བས་བཟང་གསུམ་ཕྱོགས་མེད་ཐུགས་དང་བསྟུན་ཏེ་གཟིགས་དཔྱད་མཛོད།  མི་རྒན་ངའི་བསམ་པར་མངའ་རིས་ཀྱི་ཡུལ་དེ་སྔར་བོན་བསྟན་འབྱུང་གནས་ཡིན་ཡང་དིང་སྐབས་བོན་བསྟན་མིང་ཙམ་མེད་ཅིང་རྣམ་རྟོག་བྱ་ཡོད་སྐད་པས་དེར་ཕན་པ་ཞིག་བྱུང་ན་དགའ། ཁྱད་པར་མཁར་སྣའི་དགེ་སློང་ཚབ་ཤི་ཉི་མ་གྲགས་པ་མདུན་བཅར་ན་ལེགས་དང་པོ་དེ་ལྟར་ཕེབས་ན་ལེགས་སམ་བསམ།  ཧ་ཧ་ཞེས་ཞལ་རྒོད་གནང་སྟེ་མི་རྒན་གྱིས་དེ་རིང་རྫུན་ཆེན་པོ་ཞིག་བཤད་སོང་གསུངས།  དེ་ལྟར་སྤ་སྟོན་ཉི་མ་འབུམ་གསལ་མཆོག་ལ་བཀའ་བབས་ཀྱི་སློབ་མ་དྲུག་ཡོད་པའི་ནང་ཚན་བསྟན་འཛིན་བཀའ་བབས་དྲུང་མུ་ཝེར་ཞི་{གཡུང་དྲུང་རྒྱལ་མཚན་}ཞེས་ཉི་འབུམ་རྣམ་ཐར་ལས་གསུངས། དེ་སྐབས་རྩ་བའི་བླ་མ་ཉི་མ་རྣམ་གཉིས་ལ་ཉམས་རྟོགས་རྟོགས་འབུམ་ཟབ་གདམས་ཞུས་ལེན་མང་པོ་དང་། ཕ་མ་སོགས་ལ་འདི་ཕྱིར་ཕན་པའི་བསླབ་བྱ་དང་ཐུགས་གསོས་སོགས་མཛད་ཅིང་། རང་ལོ་ཉེར་གསུམ་པ་ས་ལུག་{༡༩༡༩}ལོར་དབྱུག་ཟླའི་ཚེས་བཅུ་བདུན་ཉིན་སྤེན་པ་་བེའུ་རྫིའི་འཕྲོད་སྦྱོར་ལ་སྤྲད་དེ། སྤུན་དང་རོགས་འགའ་དང་བཅས་ཁྱིམ་ནས་ཐོན་ཞིང་ཕ་ཡུལ་ལ་བདེ་བཞུགས་སྨོན་ལམ་བཏབ་སྟེ་ཕེབས།  རང་ཡུལ་རི་ཆེན་ཡུལ་ལྷ་རྣམས་ཀྱི་ཕེབས་སྐྱེལ་དང་། ཐང་ལྷ་གནམ་མཚོ་སོགས་ཀྱི་ཆིབས་བསུའི་སྣང་ཉམས་བྱུང་བས་གནས་བསྟོད་སོགས་བྲིས། དེ་ནས་སྨན་རི་ལ་མཁན་ཆེན་ཕུན་ཚོགས་བློ་གྲོས་མཆོག་མཉམ་མེད་གསེར་ཁྲིར་དབུ་བཞུགས་མཛད་པའི་ཐོག་སློབ་དཔོན་དཔང་པོ་སོགས་བླ་མ་དྲང་སྲོང་བཅུ་གསུམ་ཙམ་ཚོགས་བཞུགས་མཛད་པའི་མདུན་བསྙེན་རྫོགས་ཀྱི་ཁྲིམས་ཡོངས་སུ་རྫོགས་པར་ཞུས་པས་ཚུལ་མཚན་གཡུང་དྲུང་རྒྱལ་མཚན་དཔལ་བཟང་པོ་ཞེས་གསོལ་ཞིང་དེ་ནས་བཟུང་དྲང་སྲོང་གི་ཆས་གོས་རྫས་སོགས་ཁྲིམས་དང་ལྡན་པར་མཛད། དེར་སྨན་རིའི་རྣམ་ཀློང་གྱི་སྒྲུབ་ཆེན་འཚོགས་སྐབས་ཡིན་པར་ལས་པ་གཞུང་འཛིན་བཏང་ཞིང་བསྒྲུབ་ཆེན་གྱི་དབང་ལུང་ཡོངས་རྫོགས་ཐོབ། དེར་ཕེབས་པའི་ཕྱོགས་ཀྱི་བླ་མ་རྣལ་འབྱོར་བཟོད་པ་རིན་པོ་ཆེ་དང་།  དགེ་སློང་ལྷ་བཟོ་རིན་པོ་ཆེ།  སྤ་འབྲུག་རིན་པོ་ཆེ།  གར་ཤེལ་བླ་མ་ཡབ་སྲས། སྟོད་དྭང་རའི་བླ་མ་སོགས་བླ་ཁག་ཆེ་ཆུང་མང་པོ་ཡོད་པས་འབུལ་བ་དང་བོན་འབྲེལ་དབང་ལུང་སྣ་ཚོགས་རེ་ཞུས།  གཡུང་དྲུང་གླིང་ལ་མཇལ་སྐོར་དང་བོན་འབྲེལ་འབུལ་པ་རྒྱ་ཆེན་མཛད།  དེ་མཁར་སྣ་ལ་ཕེབས་ཏེ་དགེ་སློང་རྣམ་གཉིས་ཀྱི་གསེར་ཞལ་མཇལ་ཏེ་དགོན་པ་ལ་ལས་པ་གཞུང་འཛིན་བཏང་འབུལ་ཚོགས་རྒྱ་ཆེན་མཛད། དེ་ནས་ཁོང་གི་སྤུན་དང་གཡོག་རྟ་དྲིལ་ཁལ་མ་ཡོ་བྱད་ཕལ་ཆེར་ཀུན་མར་ལ་བཏང་ཞིང་ཟླ་ཤས་རིང་རྒྱགས་སྒྲུབ་རྟེན་ཙམ་ལས་ཅི་ཡང་མ་བཟུང་།    བྱ་བྲལ་དགེ་སློང་ཉི་མ་གྲགས་པའི་མདུན་དུ་དང་ཐོག་ཚེ་དབང་བྱ་རི་མ་ནས་བོད་ཡུལ་མའི་དབང་ལུང་ཁྲིད་མན་ངག་རྗེས་གནང་བཅས་དང་།  རྫོགས་ཆེན་ཞང་ཞུང་སྙན་བརྒྱུད་ཀྱི་མུན་ཁྲིད་རྩ་ལུང་བཅུད་ལེན་རྣམས་རིམ་པ་རྫོགས་པར་མནོས། དགེ་སློང་ཆུང་བ་གཡུང་དྲུང་ཚུལ་ཁྲིམས་དང་ཁྱུང་དཀར་རྣལ་འབྱོར་བཟོད་པ་རིན་པོ་ཆེ་དང་། ཁྱུང་སེར་རྟོགས་ལྡན་ཐེག་མཆོག་བསྟན་འཛིན་བཅས་ཀྱི་དྲུང་དབང་ལུང་ཁྲིད་སོགས་མང་པོ་ཞུས་ཤིང་རྩ་རླུང་དང་། མུན་མཚམས། བཅུད་ལེན་སོགས་ལོ་གཅིག་རིང་ཉམས་ལེན་རྩེ་གཅིག་དྲིལ་ཏེ་བཞུགས་པས་ལྟ་བ་བོགས་ཐོན་སྙིང་རྗེ་བྱང་སེམས་རྒྱུད་ལ་ཤར་ཞིང་དགེ་སྦྱོར་བྱེད་པར་སྙིང་ཤེད་ཆེ་རུ་སོང་།  མཁར་སྣའི་དགེ་སློང་རྣམ་གཉིས་ཐུགས་མཉེས་ཤིང་གདམས་ངག་སྐོར་སོགས་གསུངས་གླེང་ཟབ་རྒྱས་དང་ཡོ་བྱད་ལྷག་མ་ཀུན་ཚོགས་སྦྱོར་གཏང་རག་ཕུལ་ཏེ། སྤ་སྟོན་ཉི་མ་འབུལ་གསལ་གྱི་ཞལ་སློབ་མཆོག་དགེ་སློང་སེ་དོལ་བོན་ཉིད་རྒྱལ་མཚན་དང་ཁོང་རྣམ་གཉིས་ལྷན་དུ་ཚེ་འདིར་བློས་བཏང་ཕྱོགས་མེད་དབེན་པའི་རི་ཁྲོད་དུ་ཚེ་དང་སྒྲུབ་པ་སྙོམས་པའི་དམ་བཅའ་མཛད་ཅིང་། རང་ལོ་ཉེར་བཞི་པ་ལྕགས་སྤྲེལ་{༡༩༢༠}དབྱུག་ཟླའི་ཚེས་དགུ་ཉིན་མཁར་སྣ་ནས་ཐོན་ཏེ་སྤྱན་གསལ་དགོན་པ་མཆོད་མཇལ་ཞུས་སྐབས་གྲུ་རིན་དངུལ་ཊམ་གཉིས་ཉར་བ་ལས་དེ་མིན་དངུལ་ཆ་ཚང་དེར་ཉམ་ཐག་སྤྲང་རྒན་ཞིག་ལ་བྱིན།  དེ་ནས་ཕུང་པོ་རི་བོ་ཆེའི་རྩེར་བདུད་འདུལ་གླིང་ཞེས་རྙིང་དགོན་མཇལ་ཞིང་རིགས་གསུམ་བླ་སྒྲུབ་བསྒྲུབ།  དེ་ནས་ཡར་རིམ་བཞིན་གཙང་བཀྲ་ཤིས་ལྷུན་པོའི་རྟེན་དང་བརྟེན་པ་བཅས་དང་པཎ་ཆེན་རིན་པོ་ཆེ་ཐུབ་བསྟན་ཆོས་ཀྱི་ཉི་མ་དང་།  བུ་སྟོན་གདན་ས་དཔལ་ཞ་ལུ་དགོན་པ་རི་ཁྲོད། པན་རྣམ་དགའ་བ་གདོང་གི་དགོན་སྡེ།  དེ་ནས་བཀྲ་ཤིས་ཕྱུག་མོ་དཔལ་རིའི་རྔ་འདོགས་སྒྲུབ་ཕུག་ལ་སྔོན་འགྲོ་དངོས་གཞི་དང་ཚེ་དབང་བོད་ཡུལ་མ་དང་ཐུགས་རྗེ་ཀུན་སྒྲོལ་ཟབ་གཅོད་ཀྱི་བསྙེན་མཚམས་དང་། ཞང་ཞུང་སྙན་བརྒྱུད་ལུགས་ཀྱི་རྩ་རླུང་འཕྲུལ་འཁོར་སྦྱངས་པས་གཏུམ་མོ་བདེ་དྲོད་འབར་ཞིང་དབུ་མའི་རྩ་མདུད་གྲོལ་ནས་བདེ་སྟོང་གི་ཉམས་རྒྱུན་ཆད་མེད་པ་བྱུང་། ཚེ་དབང་མཇལ་སྣང་གིས་བྱིན་དབབ་དོན་གཉིས་ནུས་པའི་དབང་ཐོབ་པ་སོགས་རྨིས་ཤིང་གནས་དེར་བཞུགས་རིང་ཉམས་ལེན་གནད་ཕེབས་པའི་རྟགས་མཚན་བཟང་པོ་ཤ་སྟག་བྱུང་བས་གནས་བསྟོད་དང་རྩ་བའི་བླ་མའི་དྲན་གླུ་བླངས།  དེ་ནས་རྒྱལ་རྩེ་དཔལ་མགོན་མཆོད་རྟེན་དང་། ཞུ་རི་ཞིང་གཡུ་འབྲང་ཕྱུག་མོར་ཟླ་གཉིས་རིང་ཞི་ཁྲོ་སྦྲག་མ་བསྒྲུབས། གཤེན་རབ་ཞབས་རྗེས་སར་བྱ་རི་མ་བསྒྲུབས།  སྐྱིད་མཁར་ན་རིང་ཕུག་པར་ཟབ་བཅོད་བསྒྲུབས། ཞུ་རི་ཞིང་བླ་བྲང་བླ་དགོན་རྟེན་བྱིན་ཅན་རྣམས་དང་། དཀྱིལ་རུ་དགོན་པ། རང་ལོ་ཉེར་ལྔ་པ་ལྕགས་བྱ་{༡༩༢༡}ལོར་གཡུང་དྲུང་སྲ་བརྟན་རི་བོ་དང་། འབྲིག་མཚམས་མཐའ་སྐས། གདོང་ནག  མཚོ་རྔ་བྲག་དཀར།  གཤེན་ཆེན་ཀླུ་དགའི་སྒྲུབ་གནས་བྲག་ཕུག་ཀེ་རུ་ཀ།  བ་རི་དང་མཆོད་རྟེན་ཉི་མ། ལྷ་རི་ཉི་ཕུག  ཕག་རིའི་ཕྱོགས་ནས་ཕེབས་ཏེ་འབྲུག་ཡུལ་བོན་གྱི་གཏེར་གནས་སྤ་གྲོ་སྟག་ཚང་སེང་གེ་རྫོང་དང་། དཔལ་ཕུག ཐུགས་རྗེ་ཀུལ་སྒྲོལ་གནས་མོན་ཆུ་མོ་ཕུག སྟག་ཚར་གནས་ཀྱི་ལྡེ་མིག་སོགས་དེ་ལྟར་དགོན་སྡེ་དབེན་ཁྲོད་དུར་ཁྲོད་རྣམས་ལ་འགྲིམས་པའི་ཚེ། ཕྱག་སྐོར་མཆོད་ཚོགས་བོན་འབྲེལ་དཔེ་གཟིགས་དང་ཞི་ཁྲོ་དང་ཟབ་གཅོད་སོགས་ཀྱི་བསྒྲུབས་པ་དང་། གཉན་ས་བཅད་པ་སོགས་ཉམས་ལེན་བརྩོན་བཞིན་གནང་བར། སྙིང་རྗེ་བྱང་སེམས་ཤུགས་འབྱུང་སྐྱེས་ཤིང་ཉམས་རྟོགས་ཀྱི་ཡོན་ཏན་ཐམས་ཅད་རྒྱས། ལྟ་སྒོམ་སྤྱོད་འབྲས་གཡོ་མེད་ཀྱི་བཙན་ས་ཟིན། གནས་བསྟོད་དང་འགུར་མ་སོགས་ཐུགས་ཉམས་ལ་ཤར་བ་ལྟར་བླངས། དུར་ཁྲོད་གནས་ལ་གཅོད་དམིག་འགྱེད་བཞིས་དང་པོ་སློང་ཚད་བར་དུ་ཚར་བཅད་རྗེས་སུ་གྲོལ་ཚད་ཀྱིས་གཉན་ས་བཅད་དེ་ལྷ་འདྲེ་ཡོངས་ལ་བོན་བཤད་དམ་ལ་བཞག་པ་སོགས་ཡུལ་ཕྱོགས་ཀྱི་ལྷ་འདྲེ་མི་གསུམ་ཀུན་ལ་བཀྲ་ཤིས་བསྔོ་སྨོན་ཡང་དག་རེ་མཛད། དེ་ནས་འབྲུག་པ་རྒྱལ་པོས་ཕོ་བྲང་དུ་བོས་ཏེ་བཤོལ་བཏབ་པར་ཉམས་མེད་ལྷ་ཁང་དུ་རྒྱལ་བའི་བཀའ་འགྱུར་དག་འདོན་དང་དེའི་ཕྱོགས་སྐྱ་སེར་ཕོ་མོ་མང་པོ་ལ་སྔོན་འགྲོ་ཁྲིད་མཛད་ཅིང་བསགས་མཁན་སུམ་ཅུ་སྐོར་བྱུང་། དད་ཅན་ཡོན་བདག་འབྲུག་ཀྲོང་སྲས་རྒྱལ་པོ་ལ་མགུར་དབྱངས་དགེ་གཏམ་སྤྲིངས་ཡིག་ཟླ་ཟེར་ཞེས་པ་གནང་མཐར་དེར་འདུ་འཛི་རྣམ་གཡེང་ཟས་ནོར་ལ་སྐྱ་ཟིང་དུ་དགོངས་ནས་ནུབ་གཅིག་གསང་ཐབས་མཛད་དེ་བྱོན།  དེ་ནས་ཇོ་མོ་ལྷ་རིའི་ཕྱོགས་ལྷ་རི་ཉི་ཕུག་ལ་བྱ་རི་མ་བསྒྲུབ་མཛད། དེ་ནས་གྲོ་མོའི་ཕྱོགས་པད་དགོན། ཤུག་པ་གཏན་ཤུག དགོན་ཆུང་། དེ་ནས་རྫི་ལི་ལ། རྒྱ་གར་ཀ་གླིང་སྤུངས་། ཏྲི་སེ་བྲག་ཕུག  གངྒཱ་ལ། ན་ལེཎྜ། བྱ་རྒོད་ཕུང་པོའི་རི། རྡོ་རྗེ་གདན། དུར་ཁྲོད་བསིལ་བ་མཚལ། ཆུ་བོ་ནེ་རཉྫ་ན། གྷ་ཡ་གོ་རི་དང་མཆོད་རྟེན་རྣག་དག་དཀར་པོ། བྷ་ན་ར་ཛཱ། ས་ར་ན་ཐི། རྩ་མཆོག་གྲོང་། ཛཱ་ཏིའི་ཚལ། ས་ཧིག་མ་ཧིག་སོགས་དང་། བལ་ཡུལ་དུ་མཆོད་རྟེན་རྣམ་གསུམ་དང་། ཡམ་བུ་འཕགས་པ།  གླང་རུ་ལུང་བསྟན་སོགས་རྒྱ་བལ་གྱི་གནས་རྟེན་གང་ཡོད་ལ་བྱོན། ཕེབས་ལམ་དུ་འཕྲུལ་འཁོར་རི་ལི་གྷ་དྲིལ་གྲུ་གཟིགས་སོགས་ལའང་ཞུགས། གནས་རྟེན་ཀུན་ལ་ཕྱག་སྐོར་མཆོད་ཚོགས་དང་བསྟན་འགྲོར་ཕན་པའི་སྨོན་ལམ་རྒྱ་ཆེན་རེ་མཛད་བཞིན་ཐོན། དེ་ནས་བལ་བོད་ཀྱི་སོ་མཚམས་མ་རྒྱུད་གསང་མཆོག་གསུང་གི་གནས་ཡོལ་མོ་ལ་ཕྱི་གངས་གྱི་ར་བའི་གནས་ཀྱི་ལྷོ་སྒོར་གཤེན་གསང་འདུས་ཀྱི་སྒྲུབ་གནས་ཨ་སུ་ར་ཡི་བྲག་ཕུག་གམ་བལ་ཡུལ་ཡང་ལེ་ཤོད་ཀྱི་ཕུག་ཏུ་དང་ཐོག་ཚེ་སྒྲུབ་དང་། དེ་ནས་ཞི་ཁྲོ་སྦྲག་མ་བསྙེན་སྐོར་ཞག་གཉིས་བརྒྱ། བསྙེན་སྨྱུང་ཞག་ཉིས་བརྒྱ་སུམ་ཅུ་སོགས་དཀའ་སྤྱད་སྡུན་སྲན་མཛད་པས་སྐུ་ལུས་ཤེད་ཤོར། དེ་ལྟར་ཉམས་ལེན་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་ལ་རྩེ་གཅིག་བརྩོན་ཏེ་བཞུགས་ཚེ་དངོས་ཉམས་རྨི་ལམ་ལའང་ཞལ་གཟིགས་ལུང་བསྟན་གྲུབ་པའི་རྟགས་སོགས་དང་ཉམས་རྟོགས་ཁྱད་པར་ཅན་འཕེལ་ཞིང་ཡེ་གཞི་ཀུན་བཟང་དགོངས་པ་མངོན་དུ་གྱུར་ཏེ་ཐུགས་ཉམས་རྩལ་ཤར་བའི་འགུར་དབྱངས་འགའ་དང་གནས་བསྟོད་བླངས། དེར་ཕྱོགས་ཀྱི་སྐྱ་སེར་ཕོ་མོ་མང་པོ་ལ་དྲང་ངེས་ཀྱི་ཆོས་དང་དགེ་བསྐུལ་དཔག་མེད་མཛད་པས་བསགས་སྦྱངས་དང་འབྲེལ་རང་མགོ་ཐོན་པའི་སློབ་མ་མང་པོ་བྱུང་། དད་སྦྱིན་བལ་ཡུལ་ཆོས་བློན་ཆེན་པོ་དྷརྨ་ས་ཨུ་ལ་དོན་དམ་སེམས་ཉིད་སྐྱོང་ཚུལ་ལྷུག་པ་དམར་ཁྲིད་འཆིང་བ་རང་གྲོལ་ཞེས་པའི་གདམས་ཟབ་གནང་། བོད་ཕྱོགས་སོགས་ཀྱི་གནས་སྐོར་བ་དུ་མ་སླེབས་པར་ཆོས་འབྲེལ་དང་དགེ་བསྐུལ་སྣ་ཚོགས་མཛད། རྩ་རིའི་མཚམས་པ་རྣལ་འབྱོར་འཇིགས་མེད་འོད་ཟེར་དེར་ཕེབས་པའི་མདུན་ནས་ཆོས་ལུགས་ཟབ་ཆོས་འགའ་ཞུས་ཞིང་བོན་དང་ཆོས་ཀྱི་སྐོར་བགྲོ་གླེང་མཛད་པས་དེ་གཉིས་ལ་ཁྱད་པར་ཡེ་མེད་ཅིང་རྣལ་འབྱོར་ཁྱེད་གཉིས་འདྲ་བར་སྐལ་བ་བཟང་ངོ་གསུངས། དེར་དགུན་རིང་དུ་མཚམས་དམ་པོ་བཞུགས་ཀྱང་དེ་ནས་ཕྱོགས་དུ་མས་མཇལ་མཁན་ཇེ་མང་འགྲོ་བས་རྣམ་གཡེང་ཆེ་བ་འོང་ངོ་དང་བལ་ཡུལ་དུ་ཚད་པ་ཆེ་བས་ལོ་མང་མི་སྡོད་དགོངས་ཤིང་དེ་ཕྱོགས་ཀྱི་སློབ་མ་རྣམས་ལ་གདམས་པ་གསུངས་ཏེ།     རང་ལོ་ཉེར་བརྒྱད་པ་ཤིང་བྱི་{༡༩༢༤}རྟ་ཟླའི་ཡར་ཚེས་ཐོན་ཏེ་རྒྱ་གར་ལྷོ་རྒྱུད་ནས་སྐོར་ཏེ་ཟ་ཧོར་མཚོ་པདྨ་མཇལ་སྐོར་དང་སྦྱིན་བདག་ཁམས་པའི་བུ་ཞེས་འཕྲད། དེ་ནས་ཁུ་ནུའི་རྒྱལ་ས་རམ་པུར་དང་ལིད་དུ་བླ་མ་བསོད་ནམས་འབྲུག་རྒྱལ་མཇལ་དུས་འཁོར་རྒྱུད་འགྲེལ་སོགས་རྩིས་རྒྱུད་རྣམས་གཟིགས། ལིད་དང་། ཨ་ས་རང་། སྦིལ་ཡུལ་གྱི་བླ་མ་བློན་པོ་ཨེམ་རྗེ་སྦྱིན་བདག་སོགས་དེ་ཕྱོགས་སྐྱ་སེར་ཕོ་མོ་མང་པོར་ཚེ་དབང་དང་སྔོན་འགྲོ་ཆོས་སྦྱིན་དང་ཞལ་གདམས་དགོན་ཁག་ལ་མང་ཇ་ཕྱག་འགྱེད་གནང་།  དེ་ནས་ཁུ་ནུའི་སྟོད་ནས་ཤི་རང་ལ་ཐོན་ཏེ་ཤང་རྩེ་ཕི་བང་མཐོ་ལིང་དགོན་པ་སོགས་གླང་ཆེན་གཙང་པོ་རྒྱུད་ནས་རྨ་བྱ་ཆུ་འགོ་ནས་མར་ཁྭ་ཆར་བཅས་མཇལ་ཞིང་།  ཡར་རྨ་བྱ་ཆུ་འགོའི་ཕུགས་ནམ་མཁའ་ཁྱུང་རྫོང་གསང་སྔགས་སྙིང་མའི་བྱ་བཏང་ཆེན་པོ་སྐྱབས་རྗེ་བདེ་བའི་རྒྱལ་པོ་མཆོག་ཞལ་མཇལ་ཚེ་བླ་མ་ཉིད་ཀྱི་ནམ་མཁའ་ནས་གསེར་གྱི་རྡོ་རྗེ་ཞིག་སྐུ་པང་ལྷུང་བའི་དགོངས་ལམ་བྱུང་བཞིན་རྗེས་སུ་མཚན་ཡང་འཇིགས་མེད་ནམ་མཁའི་རྡོ་རྗེ་ཞེས་གསོལ། དེ་ནས་ཁྲོས་མའི་རྒྱུད་གཞུང་ཀུན་དང་། གཉན་ས་ལམ་འཁྱེར་སྐོར། སེམས་རྒྱུད་སྐོར་སོགས་ཟབ་ཆོས་མང་པོའི་ཁྲིད་ལུང་ཐོབ་ཅིང་། དེར་བླ་མའི་ཆོས་ར་ནང་ནས་སྙིང་མ་དང་། བཀའ་བརྒྱུད། དགེ་ལུགས་སོགས་ཀྱི་བླ་མ་གྲྭ་པ་བཙུན་མ་སྔགས་པ་མང་པོ་ཡོད་པས། མཆེད་གྲོགས་ཁོང་རྣམ་གཉིས་ལ་ནི་ལ་ལས་དད་མོས་བྱེད་ཅིང་ལ་ལས་བོན་པོ་ཡིན་པས་མི་འཐད་པ་དོགས། ལ་ལས་བར་མ་འཇོག་ཅིང་ཅི་མི་སྙམ་པར་སྣང་ཚུལ་ཐ་དད་བྱེད་པར་མ་གཟིགས་པར། སྤྱོད་ལམ་སྙོམ་ཆུང་ཞི་འཇམ་ངང་ནས་གཤེས་གྲོགས་ཚུལ་བཞིན་བསྟེན་ཏེ་དམ་ཆོས་ཐུགས་བཅུད་བླངས་ཏེ་རྒྱུད་ལ་སྦྱར།  མཆེད་གྲོགས་འབྲུག་པའི་ཆོས་རྗེ་ངག་དབང་འཕྲིན་ལས་ལ་དོན་དམ་རྫོགས་ཆེན་དགོངས་པའི་འགུར་དང་བོན་གྱི་གྲུབ་མཐའི་བྱུང་ཚུལ་རྣམ་བཞག་གནང་། དེ་ནས་ཆོས་ར་ནས་བླ་མ་མཆེད་གྲོགས་རྣམས་ལ་བདེ་བཞུགས་གླུ་དང་བཅས་ཐོན་ཏེ་སྟག་རི་ཁྲ་བོའི་མགུལ་གྱི་གུར་ལ་ནས་གངས་རི་མདུན་དུ་གནས་བསྟོད་བླངས། ཕྱོགས་བཞི་སྒྲུབ་ཕུག་གནས་དགོན་དུར་ཁྲོད་ཀུན་མཇལ་ཕྱག་སྐོར་མཆོད་ཚོགས་བསྔོ་སྨོན་རྒྱ་ཆེན་མཛད།  ཨ་ནུ་རྟོགས་ལྡན་མཇལ་གེ་ཁོད་ལུང་ཞུས།  དེ་ནས་མར་པྲི་ཏ་པུ་རི་དང་།  གཡུང་དྲུང་རིན་ཆེན་འབར་བའི་སྒྲུབ་ཕུག ཁྱུང་ལུང་དངུལ་མཁར་གདོང་དྲན་པའི་རྡོ་སྐུ་རང་བྱོན། སེ་བོན་ཞབས་རྗེས་བཅས་མཇལ། དེ་ནས་ཁྱུང་ལུང་དགོན་པའི་ལྟག་ལྡེབས་ནཀྵུ་ཕུག་ཞེས་བོད་སྐད་དུ་དགའ་བྱེད་ཕུག་ཅེས་པའི་གནས་ལ་མཆེད་གྲོགས་ཁོང་རྣམ་གཉིས་ཀྱི་ཐོག་མར་བྱ་རི་མ་འབུམ་རེ་བསྒྲུབས་ཤིང་རྒུན་རིང་མཚམས་བཅད་རྒྱ་བཞུགས། དེ་ནས་མཆེད་གྲོགས་སེ་དོལ་བོན་ཉིད་རྒྱལ་མཚན་དང་ཁོང་རྣམ་ཀྱིས་དགོངས་པར། དཔྱིད་ཀ་གངས་རི་ལ་ཞག་བརྒྱ་གཅིག་ཙམ་སྒྲུབ་པ་མཛད། དེ་ནས་རྨ་བྱའི་ཆོས་འཁོར་དུ་ཆོས་ཞུ་ནས་མངའ་རིས་བྱང་བརྒྱུད་རུ་ཐོག་ཕྱོགས་ལ་གནས་འབྲེལ་བྱས་ཏེ་དེ་ནས་ལ་དྭགས། སེང་པ། ཁ་ཆེན། ཨོ་རྒྱན། བྲུ་ཤ་སོགས་བོད་ཡུལ་རྣ་བ་མི་ཐོས་པའི་ས་རུ་སོང་ནས་གངས་ཁྲོད་གཡའ་ཁྲོད་ནགས་གསེབ་བྲག་ཕུག་གང་རེད་ཅིག་དུ་དགེ་སྦྱོང་མཛད་དེ་རུས་གོང་བོར་རྒྱུའི་བློ་ཐག་གཏིང་ནས་བཅད་ཀྱང་། དེ་སྔོན་པུ་རང་རྫོང་དཔོན་གྱིས་རྫོང་དུ་ཁོང་རྣམ་གཉིས་ཟླ་ཤས་མཆོད་གནས་འགྲོ་དགོས་ཤེས་ནན་ཆེར་བྱས་པར་མ་ལྡོག་པའི་རྐྱེན་ཁས་ལེན་དགོས་བྱུང་བས། ཁོང་ཉིད་ཡེ་ཤེས་དབལ་མོའི་ལུང་བསྟན་པར་མཆེད་གྲོགས་ཉིད་མ་ཕེབས་ནས་དགའ་ཞེས་གསུངས་པས། གྲོགས་ཀྱི་ཞལ་ནས་རྨིས་ལྟས་དེ་ལྟར་ང་རང་ལ་བྱུང་མོད་དེ། ཁར་དུས་འགྲོ་རྒྱུ་བྱས་ཚར་བས་མི་ཆོས་དང་ལྷ་ཆོས་གང་ལའང་འགལ་བའི་བྱ་བ་ཡིན་པས་ལན་གཅིག་ཅིས་ཀྱང་འགྲོ།  གལ་སྲིད་ཕྲན་མ་འཁོར་བ་འདྲ་བྱུང་ནས་ཁྱེད་ཐག་རིང་ལ་ཕེབས་པ་མི་བཟང་། གནས་འདིར་ལོ་གསུམ་ཅིས་ཀྱང་བཞུགས་ཤེས་གསུངས།   དེ་ལྟར་མཁྱེན་བཞིན་ཏུ་གཞན་དོན་གཙོར་བྱེད་སེམས་དཔའི་སྤྱོད་མཆོག་ཉིད་ལྷུར་བཞེས་ཏེ་བདེ་བཞུགས་ན་དགའ་འཆི་སྐྱིད་འགུར་དབྱངས་བཅས་བླངས་ཤིང་ཐེ་ཚོམས་རེ་དོགས་གང་ཡང་མེད་མཆེད་གྲོགས་ཉིད་ཕེབས། ཤུལ་དུ་རྗེ་ཉིད་དཀོན་མཆོག་ལ་གསོལ་བ་བཏབ་ནས་ཉམས་ལེན་ལ་བརྩོན་པའི་ཚེ་སྐྱོ་ཤས་དད་གདུང་ཉམས་རྟོགས་གོང་འཕེལ་དུ་གསལ་ཞིང་སྐྱེ་མེད་ཀ་དག་རྫོགས་པ་ཆེན་པོའི་གནས་ལུགས་རིག་སྟོང་འོད་གསལ་འབྲལ་མེད་དུ་ཤར་ཞིང་ཀུབ་རྫོབ་འགག་མེད་རོལ་པར་འཛིན་ཞེན་མེད་པའི་ངང་དུ་བྱ་རི་མ་སོགས་བསྒྲུབས། དཔྱིད་ཀར་མཆེད་གྲོགས་སྤུ་རང་ནས་ཚུར་ཕེབས་པའི་ལམ་བར་དུ་དགོངས་པ་གཤེགས་པས་ཐུགས་སྐྱོ་བའི་ངང་དུ་ཞེ་དགུའི་དགོངས་རྫོགས་སུ་དམིགས་ཏེ་དགེ་སྦྱོར་གང་ནུས་འབད་ཅིང་།     རང་ལོ་ཉེར་དགུ་པ་ཤིང་གླང་{༡༩༢༥}ལོ་ནས་ལོ་གསུམ་རིང་རྩེ་གཅིག་ཟབ་མོའི་སྒོམ་སྒྲུབ་ལ་བརྩོན་བཞིན་བཞུགས། དེ་ནས་གངས་མཚོ་དང་སྤུ་རང་ནམ་མཁའ་ཁྱུང་རྫོང་དུ་བླ་མའི་མདུན་དུ་སྔ་ཕྱི་ལན་འགའ་ཕེབས་ཤིང་རྫོགས་ཆེན་སྐོར་སོགས་ཆོས་ཀྱི་དབང་ལུང་ཁྲིད་སོགས་མང་པོ་ཐོབ་ཅིང་། ཁྱུང་ལུང་རི་ཁྲོད་དུ་སྒྲུབ་ལ་གཞོལ་ཚེ་ཕྱོགས་ཀྱི་གནས་སྐོར་དང་མཇལ་མཁན་སླེབས་མཁན་དག་ལ་དགེ་བསྐུལ་དང་། དགེ་སློང་ལྷ་བཟོ་རིན་པོ་ཆེ་དང་སྤུ་རང་བདེ་རྒྱལ་སོགས་ཕྱོགས་ཀྱི་བླ་མ་དང་དཔོན་པོ་དད་སྦྱིན་མང་པོས་ཕྱག་ཡིག་འབྱོར་བར་གནས་ཚུལ་ཞུ་ལན་དང་གདམས་པ་དགེ་བསྐུལ་སོགས་སོ་སོར་གང་ལ་གང་དགོས་ཡིག་ལན་བསྐུར། དེ་སྐབས་དཔྱད་གསུམ་དག་རྩིས་འགོ་བཙུགས་ཚེ་དབང་བྱ་རི་བོད་ཡུལ་མ། ཟབ་གཅོད། ཁྲོས་མ་སོགས་བསྒྲུབས་བཞིན་གཏུམ་མོ་དང་། ཁྲེགས་ཆོད། ཐོད་རྒལ་བསྒོམས་པས་ཉམས་ལེན་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་འབྱམས་ཀླས་པ་ཉམས་རྟོགས་རྩལ་ཀུན་རྫོགས་ཚེ་ལྟ་སྒོམ་སྤྱོད་གསུམ་དང་སེམས་འགུར་སོགས་བླངས། སློམ་མ་འགའ་ཞིག་ལ་ལུང་ཁྲིད་དང་ཞལ་འདོན་སོགས་གནང་སྟེ་རྒྱུན་གྱི་ཉམས་ལེན་བྱེད་འཇུག   དེ་ནས་རང་ལོ་སོ་བཞི་པ་ལྕགས་རྟ་{༡༩༣༠}ལོར་ས་ཟླའི་ཡར་ཚེས་ལ་འཁོར་སློབ་བརྒྱ་ཕྲག་དང་བཅས་ཁྱུང་ལུང་ནས་ཐོན་གངས་ཏི་སེར་གནས་བསྟོད་དང་གནས་དགོན་ཀུན་ལ་ཕྱག་སྐོར་མཆོད་ཚོགས་རྒྱ་ཆེན་དང་ཆོས་སྦྱིན་དབང་ལུང་སོགས་མཛད་དེ་ཟླ་ཤས་མཚམས་བཅད་རྒྱ་མཛད། དེ་སྐབས་ཁྱུང་ནག་རྟོགས་ལྡན་བཀྲ་ཤིས་སོགས་བླ་གྲྭ་གནས་སྐོར་འགའ་རེ་སླེབས། དེའི་ནང་དཔལ་ལྡན་ཚུལ་ཁྲིམས་དེ་ནས་བཟུང་ཁྱུང་སྤྲུལ་ཆེན་པོའི་གམ་རྒྱུན་དུ་གནས་པ་ཡིན། དེ་ནས་ཁྱུང་ལུང་ནས་ཐོན་གླང་ཆེན་གཙང་པོའི་བརྒྱུད་ཀྱི་དགོན་སྡེ་ཀུན་མཇལ་ཞིང་མང་ཇ་ཕྱག་འགྱེད་ཚེ་དབང་བྱིན་རླབས་ཆོས་སྦྱིན་རེ་མཛད་བཞིན་ཕེབས། ཁུ་ནུ་དང་རྒྱ་གར་བྱང་ཆུབ་ལྗོན་ཤིང་དང་དེ་ཕྱོགས་ཀྱི་གནས་ཀུན་མཇལ་ཞིང་དྷི་ཧ་ལི་རུ་ཁྲོས་མའི་སྐོར་སོགས་འཕྲུལ་པར་བཏབ།  དེང་སྐབས་བོད་ཀྱི་ལོ་རྒྱུས་ཐོག་ཆོས་དཔེ་འཕྲུལ་པར་བཏབ་མཁན་ཐོག་མ་ཁྱུང་སྤྲུལ་རིན་པོ་ཆེ་ཡིན་པའི་ལོ་རྒྱུས་འདུག དེ་ནས་ཟ་ཧོར་མཚོ་པདྨ་བསྙེན་མཚམས་སོགས་མཛད། རང་ལོ་སོ་ལྔ་པ་ལྕགས་ལུག་ཟླ་{༡༩༣༡}དང་པོར་ཁུ་ནུ་རྒྱལ་ས་རམ་པུར་རྒྱལ་པོ་པོ་ཏམ་སེང་ཧ་དང་བཙུན་མོ་སོགས་ལ་ཆོས་འབྲེལ་གནང་ཞིང་བྱམས་མ་རིག་སྐྱོབ་ཀྱི་སྲུང་བ་བྱིན་པས་ཕྱི་ལོར་རྒྱལ་སྲས་ཤིག་འཁྲུངས། དེའང་ཁུ་ནུ་ཡུལ་ལོ་ལྔ་བཞུགས་རིང་དུ་ལིད་ཐང་དང་། ཆོས་དར་ཕུག སྤང་ཕུ། ཅབ། ཀྱི་ལ། གྲབ་གླིང་གྲོབ་གླིང་། གསེར་རིང་བཅས་ལ་རི་ཁྲོད་སྒྲུབ་ཁང་གསར་བཞེངས་མཚམས་བསྙེན་སྒྲུབ་བཅད་རྒྱ་དང་རི་ཆོས་སོགས་མཛད་ཅིང་། རང་སློབ་གྲྭ་པ་བཞི་ཕ་ཡུལ་ཕྱོགས་ལ་དཔེ་ཆ་ལེན་དུ་བཏང་བས་ག་རྒྱ་དང་ཕ་ཡུལ་ནས་དཔེ་ཆ་རྣམས་བླངས་ཏེ་རྒྱལ་རྩེ་ནས་སྦྲག་ཐོག་བརྒྱུད་དེ་ཁུ་ནུ་རྒྱལ་ས་ཅིན་དུ་འབྱོར།  དཔྱད་གསུམ་དག་རྩིས་དང་ཟབ་ཆོས་ཁྲོས་མ་སོགས་ཀྱི་དཔར་རྩ་བྲིས་ཏེ་དྷེ་ཧ་ལིར་དཔར་བཏབ་སྟེ།  སྟོད་སྨད་བར་གསུམ་དད་སྦྱིན་བླ་གྲྭ་སྐྱ་སེར་ཀུན་ལ་ཆོས་སྦྱིན་བྱས། མི་སེར་སྟོང་ཕྲག་མང་པོ་ལ་ཚེ་དབང་བྱིན་རླབས་དང་སྔོན་འགྲོ་བློ་ལྡོག་སོགས་དྲང་ངེས་ཀྱི་ཁྲིད་ལུང་ཆོས་འཁོར་བཙུགས་ཤིང་དགེ་བསྐུལ་ཆོས་བཤད་གང་ཟབ་མཛད་ཅིང་དགེ་བསྐུལ་དགེ་ཚོགས་རྒྱ་ཆེན་སྤེལ།  སྤང་པ།  ཨ་ས་རོང་། ཧྲིབ་རང་།  མུ་རང་།  རིས་སྤག སྤིལ། སྐྱབ། བྱང་།  པུ། ཀ་ནམ། ཤར་པ། སུམ་ནམ། ཧང་། ལི། ཅང་། ན་གོའི་ཡུལ་བཅས་ལ་ཡས་མས་ཕེབས་སྐབས། དེར་སྤང་པའི་ཡུལ་ལྷ་བསམ་འགྲུབ་དབང་རྒྱལ་གཙོས་པའི་ཨ་ས་རོང་སོགས་ཡུལ་སོ་སོའི་ཡུལ་ལྷ་ཆེན་པོ་བཅུ་དྲུག་དང་ཡན་ལག་དྲེགས་ཚོགས་རྣམས་ལ། དེ་སྔོན་ར་ལུག་སོགས་སེམས་ཅན་སྲོག་བཅད་དེ་ཤ་ཁྲག་དམར་ཆོག་འབུལ་བའི་འཚེ་བ་ལོག་ལམ་དུ་སོང་བའི་སྲོལ་ཡོད་པས། ལྷ་འདྲེ་ཀུན་དམ་ལ་བཏག་ཅིང་ཡུལ་གྱི་ལྷ་མི་སེར་སྐྱ་ཀུན་གྱིས་སྡིག་རྒྱུན་གཅོད་པའི་བློས་བླངས་ཆོད་དོན་འགྱིས་ཤིང་ཡུལ་ལྷའི་གསོལ་མཆོད་དང་མཆོད་པ་གྲོ་ཁུར་དཀར་མངར་རིགས་བརྟེན་དུ་བཅུག  སྤང་དང་ཨ་ས་རང་བར་གྱི་རི་རྩེར་རྡོ་ལ་ཞབས་རྗེས་ཤིག་དང་། ཧྲིབ་ཀྱི་རྒྱབ་རི་ཀེ་ལ་ཤའམ་གངས་ཆེན་དེའི་རྩེ་དང་གསེང་ཡར་མར་ལ་བྱ་བཞིན་ཕེབས་པ་སོགས་གྲུབ་པའི་རྟགས་ཀྱང་མཛད། དེ་ལྟར་ལྷ་འདྲེ་དང་སྐལ་ལྡན་རྗེས་འཇུག་མང་པོ་སྨིན་འགྲོ་གྱི་ལམ་མཆོག་བཀོད་གྲུབ་ཅིང་ཀུན་ལ་ཆོས་གདམས་དང་བདེ་བཞུགས་འགུར་གླུ་བཅས་མཛད་དེ་ཐོན། དེ་ནས་ཚུར་རིབ་ནས་རིམ་པར་བརྒྱུད་དེ་རྩ་རང་ཁྱུང་ལུང་རྒྱ་ཉི་ནམ་མཁའ་ཁྱུང་རྫོང་བཅས་ཕེབས། དེ་ནས་འདི་སྐད་ཐོས་ཏེ།     སྐྱབས་རྗེ་འཁོར་ལོའི་མགོན་པོ་ཁྱུང་སྤྲུལ་འཇིགས་མེད་ནམ་མཁའ་མཆོག་ཉིད་སྐུ་ཚེ་གང་བོ་ཕྱོགས་མེད་ཀྱི་མི་ཡུལ་དུ་བྱ་བྲལ་མཛད་དེ་དགེ་སྦྱོར་གནང་རྒྱུའི་དམ་བཅའ་ཞིག་ཡོད་ཀྱང་། འོན་ཀྱང་སྔོན་ལས་དང་འཕྲལ་རྐྱེན་བཟང་པོས་བསྐུལ་ཏེ་ཅི་སྐད་དུ་སྙན་བརྒྱུད་བོན་ལས། ཁྱུང་ལུང་དངུལ་མཁར་རྒྱལ་བ་མཉེས་པའི་ཡུལ། འོད་འཕྲོ་གཡུང་དྲུང་སྤུངས་བའི་རི་བོ་ལ།  བླ་ཆེན་སྤྲུལ་པས་སླར་ཡང་བསྟན་རྒྱས་བྱེད།  ཞེས་དང་། ཚེ་དབང་རིག་འཛིན་འདི་ནས་སླར་བྱོན་ཏེ། བྱ་རྒྱལ་ལུས་ལ་བཀའ་རྟགས་རི་མོ་བརྒྱན། ཞེས་ནས་། མཐུ་སྟོབས་ལྡན་ཅིང་བསྟན་པའི་དགྲ་བགེགས་འདུལ། དགོན་གནས་འདེབས་ཤིང་གསས་ཁང་རྟེན་གསུམ་བཞེངས། འཆད་ཉན་བྱེད་ཅིང་བསྒོམ་སྒྲུབ་བསྟན་པ་སྤེལ།  ཞེས་སོགས་བན་བོན་གྱི་མ་འོངས་ལུང་བསྟན་གྱི་རིགས་མང་པོའི་ནང་དུ་འཁོད་ཡོད་ཅིང་། ཁོང་རིན་པོ་ཆེའི་ཞལ་ནས།  སྔོན་ཡུལ་ཆེན་བཅོ་བརྒྱད་བོད་སོགས་དང་ཁྱད་པར་ཞང་ཞུང་སྒོ་གོང་གི་ལྗོངས་འདིར་བླ་ཆེན་དྲན་པ་ཡབ་སྲས་སོགས་རིག་འཛིན་སེམས་དཔའ་སེམས་མ་གྲུབ་ཐོབ་བསམ་གྱིས་མི་ཁྱབ་པ་བྱོན་ཅིང་། དུས་དེར་ལུགས་འབྱུང་རྒྱལ་བསྟན་རིན་པོ་ཆེ་རབ་ཏུ་དར། གཤེན་རྣམས་དབུ་འཕང་འཐོ། ས་སྤྱོད་ཀུན་མངའ་ཐང་ཆེ། འགྲོ་ཀུན་བདེ་སྐྱིད་ཀྱི་ཉི་མ་ཤར་བའི་གནས་ཀྱི་འདུན་པ་རྗེས་སུ་དྲན་ན། ད་ལྟ་གྱེར་བསྟན་ལྷག་ཞབས་ཙམ་ལས་མེད་པ་འདི་ཤིན་ཏུ་ཡིད་ཕམ་ཞིང་སེམས་སྐྱོ་བའི་གནས་སུ་གྱུར། སླར་ཉམ་ཆུང་དབང་ཞན་བདག་ལྟ་བུས་གྱེར་བསྟན་མེ་རོ་སློང་ནུས་དཀའ་ཡང་སྔོན་ནས་སྨོན་ལམ་དང་། ད་ལྟ་རང་འདོད་ཀྱི་བློ་ངན་རྒྱབ་ཏུ་བསྐྱུར་ཏེ་བསྟན་དང་འགྲོ་ལ་ལྷག་བསམ་ཀུན་དྷ་ལྟར་དཀར་ངོས་རྒྱབ་རྟེན་དཀོན་མཆོག་ལ་བཅོལ་ཏེ། བསམ་བྱ་གྱེར་བསྟན་ཕྱོགས་བཅུ་དུས་གསུམ་རྒྱལ་བའི་ཐུགས་ཀློང་གར་ཁྱབ་དེ་ཉིད་མི་ནུབ་དར་ཞིང་རྒྱས་པའི་སྨོན་པ་འདི་བགྱིས་པ་ཡིན་པས།  ཞེས་གསུངས། དེ་ཡང་ཁྱུང་ལུང་ཡུལ་ཚོས་ཕུལ་བའི་ཁྱུང་ལུང་དངུལ་མཁར་གུ་རུ་དཔལ་རྒྱས་ཐང་དུ་རང་ལོ་སོ་དགུ་པ་ཤིང་ཕག་{༡༩༣༥}དབོ་ཟླའི་ཡར་ཚེས་ནས་བླ་སློབ་འཁོར་དང་བཅས་པས་ཞབས་རིམ་ཚོགས་མཆོད་སོགས་བོན་སྤྱོད་རིགས་དག་འདོན་རྒྱ་ཆེན་བགྱིས་ཏེ་གཡུང་དྲུང་རིན་ཆེན་འབར་བའི་སྒྲུབ་ཕུག་ཉམས་གསོ་དང་འབྲེལ་དགོན་པ་བསྐྲུན་རྒྱུའི་ཆ་རྐྱེན་ཀུན་ལྟ་གོན་དང་རྒུན་རིང་བཅད་རྒྱ་མཛད།  རང་ལོ་བཞི་བཅུ་པ་མེ་བྱི་{༡༩༣༦}ཧོར་ཟླའི་ཚེས་གསུམ་དགེ་བའི་ཉིན་ནས་ཁོང་བླ་སློབ་རྣམས་ཀྱིས་ཐུགས་བསྟན་གཟི་འབར་མདོ་སྔགས་གྲགས་རྒྱས་གླིང་གི་ལྷ་ཁང་རྨེངས་གཏིང་སྟེ། དེ་ནས་ལོ་རིམ་དུས་མཆོད་དང་གར་འཆམ་སོགས་དེ་མཚུངས་བཙུན་དགོན་གཡུ་ལོ་བཀོད་བཅས་རིམ་པར་བསྐྲུན་འགོ་བཙུག།  རང་ལོ་ཞེ་ལྔ་པ་ལྕགས་སྦྲུལ་{༡༩༤༡}ལོར་ཧ་སག་ཁ་པའི་ཇག་ཚོགས་སླེབས་པས་དགོན་པའི་རྟེན་རྣམས་བཤིག་གཏོར་བསྲེགས་རྡིབ་བཏང་ཡང་ཉམས་གསོ་མཛད།  ཕ་ཡུལ་ག་རྒྱ་ཡབ་ཚང་གིས་བཀའ་འགྱུར་རྟེན་འགྱུར་སོགས་རྟེན་མཆོད་གྱ་ནོམ་གཡག་རྒྱབ་སོ་ལྔ་སྒ་སྟན་ཆ་འགྲིགས་བཅས་འབྱོར་བ་སོགས་སྐུ་གསུང་ཐུགས་རྟེན་རབ་རྒྱས་དང་། ཁྱུང་ལུང་དངུལ་མཁར་གདོང་ལ་ལོ་རྒྱུས་ལ་གྲགས་ཆེ་བ་ཞང་ཞུང་དྲན་པ་ནམ་མཁའི་རྡོ་སྐུ་རང་བྱོན་ལ་ལྷ་ཁང་བཅས་བསྐྲུན།  དད་སྦྱིན་བལ་པོའི་ཆོས་བློན་ཆེན་པོ་དྷརྨ་སཱ་ཨུད་དང་ཁུ་ནུ་རྒྱལ་པོ་སོགས་ཕྱོགས་ཀྱི་མི་ཆེན་སོགས་དད་སྦྱིན་མང་པོས་མཐུན་རྐྱེན་རྒྱ་ཆེན་ཕུལ། ཐུགས་དམ་སྤྱི་སྤུངས་ཞི་ཁྲོ་རྒྱས་བསྒྲུབ་སོགས་གསས་མཁར་མཆོག་ལྔ། བཀའ་སྲུང་དམ་ཅན་རྒྱ་མཚོ་དང་སྒེར་སྲུང་ཨ་བསེའམ་ལྷ་བཙན་ཐོག་མདའ་མེ་འབར་སོགས་ཞང་ཞུང་སྲིད་པའི་ལྷ་རིགས་དང་སྨན་ཚོགས་རྣམས་ཀྱིས་ཕྲིན་ལས་བསྒྲུབ་པར་ཞལ་བཞེས་གཡར་དམ་བཅས། རྒུན་རིང་ལ་མཚམས་བསྙེན་བསྒྲུབ་བཞུགས་མཛད་ཅིང་སློབ་མ་རྣམས་ལ་ཟབ་གཅོད་དང་ཁྲོས་མ་སོགས་གཉན་ཁྲོད་རི་འགྲིམས་ཀྱི་ཟབ་ཁྲིད་རྒྱུན་སྤྱོད་དང་།  སྡེ་སྣོད་གསུམ་དང་རིག་གནས་ཀྱི་བཤད་ཁྲིད་སྐྱེད་རྫོགས་སྒོམ་སྒྲུབ་ཀྱི་དབང་ལུང་ཁྲིད་རྒྱུན་བཅས་གནང་། དེ་སྐབས་སྟོད་གནས་སུ་གནས་གཟིགས་ཕེབས་པའི་སྨན་རི་མཁན་ཆེན་བསྟན་པ་བློ་གྲོས། གཤེན་འཛམ་གླིང་རིན་པོ་ཆེ།  རྒྱལ་བ་ཀརྨ་པ་བཅུ་དྲུག  སྙིང་མའི་བླ་མ་སངས་རྒྱས་བཟང་པོ་སོགས་ཕྱོགས་ཀྱི་བན་བོན་གྱི་བླ་མ་མང་པོ་བྱོན་པར་དབང་ལུང་ཞུས་པ་སོགས་ཆོས་འབྲེལ་འགའ་ཞིག་མཛད། དེ་ལྟར་སྔ་ཕྱིར་མངའ་རིས་སྐོར་གསུམ་སྤྱི་ཁྱབ་སྒར་དབུ་གུར་ལྷན་དང་། རུ་ཐོག་པུ་ཧྲང་རྩ་མདའ་བཅས་རྫོང་བཞི་བཅས་ཀྱི་ཤོད་དྲུང་ངམ་དཔོན་བཅས་ལ་བསྟན་དགོན་བསྐྲུན་ཆོག་གི་མགོ་མཆན་དང་མ་འོངས་ལུང་བསྟན་ཞལ་གདམས་བོན་བྱུང་སོགས་ཞུ་ལན་མང་པོ་དང་དབང་དང་བྱིན་རླབས་ཆོས་འབྲེལ་མཛད་པས། བཀའ་ལག་གཙང་བཙན་མེ་བྱི་ཅན་སོགས་རྒྱབ་གནོན་དམ་རྒྱ་རིམ་པར་རྩལ་ཞིང་། བོད་གཞུང་གིས་ཀྱང་མངའ་རིས་ཁུལ་འདིར་བོན་དགོན་བརྒྱད་ལྷག་ཙམ་གསར་བསྐྲུན་བྱེད་ཆོག་པའི་བཀའ་ལག་གཙང་བཙན་དམ་རྒྱ་ཅན་ཡང་ཐོབ་པ་མ་ཟད་ཁྲིམས་འགོ་རང་བཙན་ལྟ་བུར་ཐོབ། དེ་ལྟར་མངའ་རིས་ཁུལ་འདིར་བོན་ལ་དོགས་པའི་རྣམ་རྟོག་བཅད་དེ་སྐོར་གསུམ་སྒར་སྤྱིའི་དབུ་བླ་བཅས་མཛད།  སླར་ཡང་རང་ལོ་ང་གཉིས་པ་ས་བྱི་{༡༩༤༨}ལོར་ཁྲུམས་ཟླའི་ཚེས་ལ་ཨོ་རྒྱན་ཅལ་བྷན་མ་རྒྱུད་གནས་ཆེན་གངས་ཆེན་རིགས་ལྔ་སོགས། ཟ་ཧོར་མཚོ་པདྨ། བལ་ཡུལ། རྒྱ་གར་འཕགས་ཡུལ་ཐུབ་པའི་གནས་ཆེན་བཅས་གནས་ཀུན་མཇལ་ཞིང་དྷིལ་ལིར་གསུང་རབ་འཕྲུལ་དཔར་འདེབས་པའི་སྣག་ཤོག་སོགས་ཉེར་མཁོ་རྣམ་བསྒྲུབ་སྟེ་ཕྱིར་དགོན་པར་བསྐྱོད།  དེ་ནས་མཚམས་བསྙེན་སྒྲུབ་ཀྱི་ཞོལ་དུ་བླ་སློབ་རྣམས་ཀྱིས་སྐྱབས་རྗེ་མཆོག་གིས་གསུངས་བརྩམས་དང་དཀྱིལ་འཁོར་ཐིག་རྩ་དཔེ་རིས། ཙག་ལི་ཐང་སྐུ། ཡི་དམ་རིགས་ཀྱི་སྒྲུབ་སྐོར།  ཤར་རྫའི་བཀའ་འབུམ་སོགས་དཔར་རྩ་བྲིས་ཏེ་ཞུ་དག་ལ་སོགས་མཛད་ནས་ཐང་སྐུ་དང་གླེགས་བམ་ཁྲི་ཕྲག་གྲངས་དཔར་བསྐུན་མཛད་ཅིང་དགོན་པར་བཞུགས་པ་སོགས་སྟོད་སྨད་ཀུན་ལ་ཆོས་སྦྱིན་གནང་སྟེ་སྤེལ།  ཁྲོ་བོ་དབང་ཆེན་སོགས་ཡིག་རྡོ་མང་པོ་བརྐོས། དགོན་པའི་དཀོར་པ་གྲོང་ལྔ་བཅུ་ཡན་མན་ལ་མངའ་ཁུལ་དད་སྦྱིན་ཚོས་ཕུལ་བའི་ར་ལུག་སྟོང་ཕྲག་ཕྱེད་གཉིས་ལྷག་ཙམ་དང་ནོར་གནག་བརྒྱ་ལྷག་ཡོད་ཅིང་འཚོ་གནས་ས་རྒྱའང་ཆེན་པོ་ཡོད་པར་ཇི་སྲིད་མི་ཉམས་བར་དུ་བསྟན་རྒྱུན་བཆོད་རྩར་བཙུགས། རང་ལོ་ང་བདུན་པ་ཆུ་སྦྲུལ་{༡༩༥༣-༡༩༥༥}དང་ཤིང་རྟ་དང་ཤིང་ལུག་ལོའི་དཔྱིད་སོས་བཅས་སྔ་ཕྱིར་གངས་མཚོ་སྐོར་ཞིང་ནམ་མཁའ་ཁྱུང་རྫོང་དུ་ཕེབས་ཏེ་རྩ་བླ་བདེ་རྒྱལ་སྐུ་གདུང་དང་ལྷ་ཁང་གསར་བཞེངས་ཀྱི་མཐུན་རྐྱེན་དང་ཨར་ལས་ཀྱི་རྒྱུ་འགྲོ་གང་མང་བཏང་ཞིང་དགོན་པ་ཕར་ཆེར་འགྲུབ་དགེ་བཙུན་རྣམས་ལ་རོགས་རམ་གང་དྲག་མཛད།   དེ་སྐབས་སུ་སྤ་སྤྲུལ་བསྟན་པ་རྒྱལ་མཚན་རིན་པོ་ཆེ་དང། དགེ་སློང་མཁས་གྲུབ་བསྟན་འཛིན་དབང་གྲགས་མཆོག་ཟུང་དང་། སྒྲུབ་མཁན་བྱ་བཏང་དྲང་སྲོང་བརྩོན་འགྲུས་རྒྱལ་མཚན་རིན་པོ་ཆེ་བཅས་འདིར་ཕེབས་བཞུགས་ཏེ་སྒྲུབ་མཁན་མཆོག་མཁན་པོ་གནང་བའི་གྲུབ་དབང་ཤར་རྫའི་ལུགས་ཀྱི་བསྒྲུབ་གྲྭ་བཙུགས།  རྒྱལ་ཚབ་མཁས་གྲུབ་དགེ་སློང་བསྟན་འཛིན་དབང་གྲགས་མཆོག་ལ་དགོན་འདིའི་འཛིན་སྐྱོང་སྤེལ་གསུམ་སྨིན་གྲོལ་གྱི་བསྟན་རྒྱུན་རྩལ།  སྤྱིར་མངའ་རིས་སྐོར་གསུམ་དང་བྱེ་བྲག་ཁྱུང་ལུང་གུར་གྱམ་གཙོས་པའི་སློབ་ཚོགས་སེར་སྐྱ་རྣམས་ལ་ཞལ་གདམས་བསླབ་བྱ་དང་སྨོན་ལམ་བཅས་མཛད་དོ། དེ་ནས་རྗེ་ཉིད་ཀྱིས་སྔ་ཕྱིའི་གསུང་རྩོམ་སྐོར་ལ་ནི། སྨན་སྦྱོར་སྟོང་རྩའི་གཞུང་སོགས་གཅེས་བཏུས་བཟོ་ཐབས་སྨན་དཔེ་ལེའུ་ཚན་བཞི།  དཔྱད་གསུམ་དག་རྩིས་ཕྱི་ནང་གསང་བ་ཡང་གསང་བཞིའི་རྩིས་གཞུང་རྒྱས་བསྡུས་ཆ་ལག་རེའུ་མིག་དང་།  འབྲས་རྩིས་རད་ཎི་བང་མཛོད།   ཀེག་རྩིས་རྡེའུ་བཅས།  དག་ཡིག་མིང་གཞི་བརྡ་སྤྲོད་རྩ་འགྲེལ་རེའུ་མིག་བཅས།  སྔགས་འབུམ། ཀེག་རྩིས་རྡེའུ། དཀྱིལ་འཁོར་ཐིག་རྩ། དབྱངས་ཅན་སྒྲ་མདོ།  བྱིངས་སྒྲུབ་རེའུ་ཁ།  ཚོགས་འདོན་བརྒྱུད་རིམ་ཀུན་ཚང་བླ་མའི་གསོལ་འདེབས། རང་རྣམ།{བཀའ་བསྡུ་བ་པོ་མཁས་དབང་ཚུལ་ཡིན།།}དེ་བཞིན་ཉམས་འགུར་སྐོར། རི་ཆོས། ཞལ་གདམས། བསྟོད་ཚོགས། གསོལ་འདེབས། བསྐུར་ཡིག  མ་འོངས་ལུང་བསྟན།   གནས་བསྟོད། ཡུལ་ལྷའི་ལོ་རྒྱུས་དང་གསོལ་མཆོད་སྐོར་སོགས་བསྟན་བཅོས་པོད་བཅུ་གསུམ་ལ་རྩོམ་འཕྲོ་འགའ་ལས་ཕར་ཆེར་གྲུབ།   རང་ལོ་ང་དགུ་པ་ཤིང་ལུག་{༡༩༥༥}ལོའི་ཟླ་བཅུ་གཅིག་ཚེས་གསུམ་གྱི་སྔ་དྲོར་སྐྱབས་རྗེ་མཆོག་ནས།  འདི་ལྟར་ཕ་ཡུལ་དུ་དཔལ་འབྱོར་ཕུན་ཚོགས་ལྡན་པར་ཡོད་ཀྱང་བདེ་སྐྱིད་ལོངས་སྤྱོད་མཆིལ་མའི་ཐལ་བ་བཞིན་དུ་བོར་ཏེ་ཕྱོགས་མེད་ཀྱིདབེན་ཁྲོད་དུ་འགྲིམས་ཏེ་བོད་ཡུལ་དང་། རྒྱ་བལ། ཟ་ཧོར། ཨོ་རྒྱན། བྲུ་ཤ། ཞང་ཞུང་མངའ་རིས་ལ་འགྲིམས་ཤིང་དམ་པའི་སྐྱེས་བུ་བརྒྱ་ཕྲག་ལྷག་པར་བསྟེན་ནས་རང་དོན་དུ་ཐོས་བསམ་སྒོམ་གསུམ།  གཞན་དོན་མཆད་རྩོད་རྩོམ་གསུམ། གཉིས་དོན་བསླབ་གསུམ་སྡོམ་ཁྲིམས་གཅེས་བསྲུངས།  ས་དགེ་རྙིང་དཀའ་བོན་བཅས་ཀྱི་ཆོས་ལ་ཕྱོགས་མེད་ཉམས་སུ་བླངས་ཤིང་སློབ་ཚོགས་རྣམས་གང་ལ་གང་འདུལ་གྱི་འཆད་སྤེལ་རྒྱ་ཆེན་བྱས་པ་དང་། དགོན་གནས་གསར་བཞེངས་མཛད་ཚུལ་སྐོར་བཅས་གསུངས་ཤིང་།  མཁས་དབང་དཔལ་ལྡན་ཚུལ་ཁྲིམས་མཆོག་ལ་སྐུ་ཉིད་ཀྱི་རྣམ་ཐར་དང་འགུར་འབུམ། བསྟན་ཆོས་རྩོམ་འཕྲོ་སྐད་གཉིས་ཤན་སྦྱར། བཟོ་རིག་སོགས་རིག་གནས་ཆེ་ཆུང་སྐོར་པོད་བཅུ་གསུམ་ཁ་བཀང་ངམ་བཀའ་བསྡུ་བྱེད་དགོས་པའི་བཀའ་བབས་པ་ཡིན་ཞེས་སོགས་དང་། རྗེས་སུ་དགོན་པའི་བསྟན་རྒྱུན་འཚོ་སྟངས་བཅས་ཞལ་ཏ་མཛད་དེ་རང་ཉིད་མཁའ་སྤྱོད་གདོད་མའི་ཞིང་དུ་ངལ་གསོ་ཚུལ་དུ་སྡོད་པ་ཡིན། ཞེས་སོགས་ནས། སེམས་ཉིད་ཀྱི་ངོ་བོ་ལ་བལྟ། ཞེས་པའི་བར་དུ་གསུངས་ནས་སྐུ་ལུས་དྲང་པོར་བསྲང་ཞིང་དགོངས་པ་བོན་དབྱིངས་སུ་གཟིགས་པར་མཛད་དོ།   དེ་ལྟར་རྣམ་ཐར་རྒྱས་པ་{སྐྱབས་རྗེ་མཁས་གྲུབ་འཇིགས་མེད་ནམ་མཁའི་རྣམ་ཐར་དབྱར་སྐྱེས་རྔ་དབྱངས་དད་པའི་རྨ་བྱ་རྣམ་པར་རྩེ་བ་}ཞེས་པར་གཟིགས་ཤིག ། 

སྨྲས་པས།    བླ་མའི་རང་རྣམ་སེང་གེ་འོ་མ་ལས།  ལྷག་བསམ་གསེར་སྣོད་བླངས་ཏེ་ཚུལ་བཞིན་དུ།
 བསྡུས་སྟེ་གཞན་ལ་སྦྱིན་པའི་གཏམ་འདི་ཉིད།  ཐོས་ཚད་རྒྱུད་ལ་བྱིན་རླབས་འཇུག་པར་ཤོག ། 

   ཞེས་པ་འདིའང་མདོ་སྨད་སྐྱང་ཚང་དགོན་པའི་སློབ་དཔོན་བསོད་ནམས་ཚུལ་ཁྲིམས་ཀྱིས་བོད་ཀྱི་ཆོས བརྒྱུད་ཁག་ཚང་མས་མཉམ་ལས་ཐོག་རིས་མེད་ཀྱི་སྐྱེས་ཆེན་དམ་པའི་རྣམ་ཐར་སོགས་དེབ་བཟོ་འཆར་ཡོད་པ་བཞིན་སྐྱབས་རྗེ་ཁྱུང་སྤྲུལ་རིན་པོ་ཆེའི་རྣམ་ཐར་ཉུང་བསྡུས་ཤིག་དགོས་ཡོད་ཅེས་གསུངས་བཞིན་གུས་པ་ཞང་ཞུང་ཁྱུང་ལུང་དངུལ་མཁར་བ་ཚུལ་ཁྲིམས་ཕུན་ཚོགས་ཀྱིས་སྐྱབས་རྗེ་མཆོག་གི་རྣམ་ཐར་དབྱར་སྐྱེས་རྔ་དབྱངས་ལས་ལྷག་བསམ་དག་པའི་སྒོ་ནས་ཚུལ་བཞིན་བསྡུས་ཏེ་བཀོད་པའོ། ༢༠༡༥. ༡. ༡༥ ཉིན།     

ཐ་ཚན་མུ་ཙུག་སྨར་རོ།
སྐྱབས་རྗེ་ཁྱུང་སྤྲུལ་རིན་པོ་ཆེ་མཆོག་སྐུ་བལྟམས་ནས་ལོ་སྐོར་གཉིས་ཏེ་འབྱུང་ལྡན་སུམ་རྩ་གཅིག་ཉག་མ་སོ་གསུམ་མེ་བྱ{༡༨༩༧_༢༠༡༧}ལོར་མི་ལོ་བརྒྱ་དང་ཉི་ཤུ་འཁོར་བའི་དྲན་རྟེན་དུ་འཕྲུལ་དེབ་དུ་བཟོས།   ཞལ་ད྄ོ་བྱིན་ཆགས་པར་ཤོག་ཅིག

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།