སྙེལ་སྟོན་བླ་མ་གཡུང་དྲུང་དར་རྒྱས།

[ཟླ་ཚེས། 2017-04-18 00:01:23][རྩོམ་པ་པོ། ཆོས་འཁོར་ཚང་དགེ་བཤེས་གཡུང་དྲུང་རྒྱ་མཚོ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

05.jpg
སྙེལ་སྟོན་བླ་མ་གཡུང་དྲུང་དར་རྒྱས་རིན་པོ་ཆེ།
སྐུ་འཁྲུངས་པའི་སྐོར།

   སྙེལ་སྟོན་དྲང་སྲོང་གཡུང་དྲུང་དར་རྒྱས་ཁོང་ནི་མེ་ཕོ་ཁྱི་སྤྱི་ལོ་༡༩༤༥ལོར་ཡབ་བོན་རྒྱུད་འཛིན་པ་སྙེལ་སྟོན་བསོད་ནམས་ཕུན་ཚོགས་དང་ཡུམ་སྐུ་བ་སྒྲོལ་མ་གཉིས་ཀྱི་སྲས་སུ་འཁྲུངས།

 རིགས་རུས་སྐོར།

   དེ་ཡང་སྙེལ་ཞེས་པའི་གདུང་རྒྱུད་དེ་ཐོག་མར་གློ་བོ་དགེ་མི་ནས་དོལ་པོ་བྱི་གཅེར་བཀྲ་ཤིས་ན་མལ་གྱི་ཡུལ་དུ་ཚུར་རིམ་པར་མཆེད་ཅིང་སྐྱིད་ཕུག་ཚང་ཞེས་སྔར་ནས་ད་བར་གདུང་རྒྱུད་དེ་ཟམ་མ་ཆད་པར་གནས་ཡོད། ཁོང་གི་མེས་པོ་དེ་སྐྱིད་ཕུག་ཚང་ནས་བྱི་གཅེར་གྱི་ར་ནག་གྲོང་པ་ར་མོང་ཚང་དུ་མག་པར་ཕེབས་ཏེ་རིམ་གྱིས་ཕེལ་བ་ཡིན།

03.jpg
སྐུ་གཞོན་དུས་སྐབས།
སློབ་གཉེར་གནང་སྟངས་སྐོར།

   ཁོང་ནི་ཆུང་དུས་ནས་གདན་ས་བསམ་གླིང་དགོན་གྱི་སྒྲིག་ཁོངས་སུ་ཞུགས་གནང་ནས་ཡང་སྟོན་བླ་མ་སྐུ་ཞབས་ཤེས་རབ་བསྟན་འཛིན་གྱི་མདུན་ནས་ཡི་གེ་འདོན་ཀློག་སོགས་ལེགས་པར་སྦྱངས་པས་མ་ཚད་ལོ་གསུམ་སྒྲུབ་པར་བཞུགས། དམར་ཁྲིད་དུག་ལྔ་རང་གྲོལ་གྱི་སྔོན་འགྲོ་གསོག་སྦྱོང་དང་དངོས་གཞི་སེམས་ཁྲིད་ལེགས་པར་བསྐྱལ། ལྷག་ཏུ་སློབ་གཉེར་གྱི་སྐབས་སུ་བསམ་གླིང་བླ་བྲང་གི་ངོས་ནས་ཟས་གོས་གནས་མལ་སོགས་མཐུན་རྐྱེན་གང་དགོས་རིགས་སྦྱོར་འཇགས་གནང་བས། ཁོང་གི་ཞལ་ནས་རྒྱུན་དུ་བླ་བྲང་དེ་ང་ལ་བཀའ་དྲིན་ཆེ་བ་ལ་ཆེ་ཚོད་མེད་པ་ཞིག་ཡིན་ཞེས་ཡང་ནས་ཡང་དུ་གསུང་གི་ཡོད།

འཇིག་རྟེན་འཁོར་བ་ལ་ངེས་འབྱུང་སྐྱེས་ཚུལ།

   ཁོང་གི་ཡབ་སྐུ་ན་གཞོན་དུས་སུ་གཤེགས། གྲོང་པ་ར་མོང་གི་ཁྱིམ་རྒྱུད་འཛིན་མཁན་ཁོང་ལས་གཞན་མེད་སྟབས་སྐུ་བའི་ཡུལ་ནས་བུ་མོ་དཔལ་བཟང་ལྷ་མོ་བཟའ་ཟླར་བཞེས་ཏེ་ཁྱིམ་གྱི་ཐུགས་འགན་ཆ་ཚང་ཁུར་དགོས་བྱུང་། ཁོང་ཉིད་དགུང་ལོ་ཉི་ཤུ་རྩ་གྲངས་ནང་སྔོན་ལས་ཀྱི་འབྲེལ་བའི་བུད་མེད་ལ་ཕྲུ་གུ་ཞིག་སྐྱེས་ཀྱང་ཆུང་དུས་ནས་ཚེ་ཡི་འདུ་བྱེད་རྫོགས། དེས་མ་ཚད་ལོ་ཤས་རྗེས་ཁོང་གི་བཟའ་ཟླ་ཡང་ཚེ་ལས་འདས། དེ་ནས་ཁྱིམ་རྒྱུད་འཛིན་པའི་བུ་མེད་སྟབས་ཟུར་དཀར་ཚང་ནས་རང་གི་སྐུ་ཚ་ཡང་ཟ་ཚེ་རིང་དབང་མོ་བོམ་ཚབ་ཏུ་བསུས། ཁྱིམ་གཞིས་ཀྱང་ཚ་མོར་རྩིས་སྤྲད་ནས་རང་ཉིད་འཇིག་རྟེན་འཁོར་བའི་བྱ་བར་རྒྱབ་ཀྱིས་ཕྱོགས་ནས་རབ་ཏུ་འབྱུང་རྒྱུའི་ཐུགས་འདུན་འཁྲུངས།

རབ་ཏུ་བྱུང་བའི་སྐོར།

   ཆུང་དུས་ནས་ཡབ་ཡུམ་དང་བཟའ་ཟླ་བུ་ཕྲུག་སོགས་དང་ཁ་བྲལ་བའི་སྟབས་ཀྱིས་འཁོར་བར་ངེས་འབྱུང་སྐྱེས་ནས། ཁུ་བོ་རྟོགས་ལྡན་དྲང་སྲོང་ལྷ་སྐྱབས་ཀྱི་དྲུང་ནས་གཙང་མ་གཙུག་ཕུད་ཀྱི་སྡོམ་ཁྲིམས་ཞུས་ཤིང་། ཕྱིས་སུ་ཡམ་བུར་ཆེད་ཕེབས་གནང་ནས་༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སྨྲ་བའི་དབང་པོའི་དྲུང་ནས་དག་པ་དྲང་སྲོང་གི་སྡོམ་ཁྲིམས་ཀྱང་ཞུས།

སྒྲུབ་པ་ཉམས་ལེན་གྱི་སྐོར།

   དེ་ནས་བཟུང་སླར་ཡང་རྩ་བའི་བླ་མ་ཡང་སྟོན་སྐུ་ཞབས་ཤེས་རབ་བསྟན་འཛིན། ཡང་སྟོན་བླ་མ་རྣམ་རྒྱལ་དབང་འདུས། ཁུ་བོ་སྙེལ་སྟོན་དྲང་སྲོང་ལྷ་སྐྱབས། ཡང་སྟོན་བླ་མ་ཚུལ་ཁྲིམས་ཡེ་ཤེས། ཁྱུང་པོ་དགེ་རྒན་བསྟན་པ་ཚུལ་ཁྲིམས་ལ་སོགས་ཀྱི་མདུན་ནས་དབང་ལུང་ཁྲིད་གསུམ་མང་པོ་ཞུས། ཡི་དམ་མེ་རི་དང། སྟག་ལ། ཁྱུང་དམར། གསས་མཁར་མཆོག་ལྔ་སོགས་ཀྱི་བསྙེན་མཚམས་ལོ་གྲངས་མང་པོར་བཞུགས། ཁྱད་པར་དུ་མཁའ་འགྲོ་གསང་གཅོད་ཀྱི་ཕྱི་ལྷ་གཞུང་ལ་ཞག་བརྒྱ། ནང་འབུམ་སྐུལ་ལ་ཞག་ཉེར་གཅིག གསང་བ་གནད་འདུས་གཡུག་གཅོད་ལ་ཞག་མ་ཉིས་བརྒྱ། བཀའ་སྲུང་དྲེལ་དམར་ལ་ཟླ་བ་གཅིག ཁྱུང་དམར་སྒྲུབ་པ་ཟླ་བ་གཅིག་དང་རིས་དྲུག་གཅོད་མཚམས་ལ་ཞག་མ་ལྔ་བཅུ་བཅས་སྒྲུབ་པ་བྱས་ནས་ཉམས་ལེན་གནང་། གཞན་ཡང་གཡུང་དྲུང་གླིང་གི་མཁན་ཆེན་ཤེས་རབ་བསྟན་པའི་རྒྱལ་མཚན་རིན་པོ་ཆེ་དང་། ཡོངས་འཛིན་སངས་རྒྱས་བསྟན་འཛིན་རིན་པོ་ཆེ་སོགས་སྐྱེས་ཆེན་དམ་པའི་མདུན་ནས་དབང་དང་ལུང་དུ་མ་ཞུ་རྒྱུའི་བསྐལ་བཟང་ཐོབ། དེ་ནས་སྤྱི་ལོ་༡༩༩༠ ལོ་ནས་བཟུང་རྒྱལ་ས་ཡམ་བུ་དང་རྒྱ་གར་འཕགས་ཡུལ་དུ་ལན་མང་ཕེབས་ནས་ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་དང་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་སོགས་ཀྱི་སྐུ་མདུན་ནས་དབང་ལུང་ཁྲིད་གསུམ་གང་མང་ཞུ་བའི་གོ་སྐབས་ཐོབ་པར་མ་ཟད། ཐོས་དོན་དོན་ཁེལ་གྱི་ཉམས་ལེན་ཚུལ་བཞིན་གནང་།

གནས་མཇལ་དུ་ཕེབས་པའི་སྐོར།

   གཞན་ཡང་གནས་མཇལ་གྱི་ཆེད་དུ་བོད་ཁ་བའི་ལྗོངས་ལ་ཐེངས་བཞི་ཙམ་ཕེབས་ནས་ཞང་ཞུང་གི་གནས་ཆེན་གངས་དཀར་ཏི་སེ་དང། རི་སྤོས་རི་ངད་ལྡན། མཚོ་མ་པང་། གཞན་ཡང་ཁྱུང་ལུང་དངུལ་མཁར་རྒྱལ་བ་མཉེས་པའི་ཡུལ། པྲེ་ཏ་པུ་རི། ཆུ་མིག་མཐོང་གྲོལ། གཙང་བྱེ་མ་གཡུང་དྲུང་། དབལ་གྱི་བྲག་ཕུག་རོང་ཆེན་སོགས་གཡུང་དྲུང་བོན་གྱི་རིག་འཛིན་གྲུབ་ཆེན་གོང་མ་དག་གི་སྒྲུབ་ཕུག་དང་གནས་ཤུལ་དགོན་ཤུལ། མདོར་ན་སྟོད་ཕྱོགས་ཀྱི་བན་བོན་ཀུན་གྱི་གནས་རི་དང་དགོན་ཁག་མང་པོ་མཇལ། གཞན་ཡང་རོང་སྒོམ་རྟོག་མེད་ཞིག་པོ་དང་ཡང་སྟོན་ཤེས་རབ་རྒྱལ་མཚན་སོགས་ཀྱིས་ཞབས་དངོས་སུ་བཅག་ས་གློ་བོ་ཀླུ་བྲག་སོགས་མཇལ། དེ་བཞིན་དོལ་པོ་ཤེལ་གྱི་རི་བོ་འབྲུག་སྒྲ་གཙོས་པའི་དོལ་པོའི་གནས་ཆེན་ཀུན་མཇལ། སྔ་རྗེས་མང་པོར་ཐག་རིང་རྒྱ་གར་འཕགས་པའི་ཡུལ་དང་ཡམ་བུ་སོགས་ལ་གནས་སྐོར་འགྲོ་རྒྱུའི་གོ་སྐབས་བྱུང་ནས་བོན་ཆོས་རིས་མེད་ཀྱི་གནས་དགོན་མང་པོར་མཇལ་སྐོར་ཕེབས་ནས་ཚོགས་བསགས་དང་སྒྲིབ་པ་སྦྱོང་བར་མཛད།

སློབ་ཚོགས་བསྐྱངས་སྐོར།

   གཞན་ཡང་དགུན་ཐོག་ཕལ་ཆེར་མཚམས་བསྙེན་སྒྲུབ་དང་སློབ་མ་དག་ལ་ཡོན་ཏན་གྱི་གཞི་མ་འབྲི་ཀློག་འདོན་གསུམ། གྱེར་འཕྲིན་ལས། སྔོན་འགྲོ་དངོས་གཞི་སོགས་ཞིབ་པར་སློབ་སྟོན་མཛད། གཞན་ཡང་བསམ་གླིང་བླ་མ་གདུང་སྲས་ཤེས་རབ་བསྟན་འཛིན་རིན་པོ་ཆེ་ལ་ཕྱག་རོགས་གནང་སྟེ་དགོན་པར་ཞབས་ཏོག་བཀའ་དྲིན་བསུབ་ཏུ་མེད་པར་མཛད།

02.jpg
༧སྐྱབས་རྗེ་སྨན་རིའི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་མཇལ་སྐབས།
མཛད་འཕྲིན་བསྐྱངས་སྐོར།

   དམིགས་བསལ་དུ་སྤྱི་ལོ་༡༩༩༦ལོར་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་གི་བཀའ་དགོངས་བཞིན་ཁོང་དང་། བསམ་གླིང་བླ་མ་ཤེས་རབ་བསྟན་འཛིན། བསམ་གླིང་དགོན་པའི་སྔགས་འཆང་ཁྱུང་པོ་ཉི་མ་རྒྱལ་མཚན། ར་ནག་བཀྲ་ཤིས་ཚེ་དབང་བཅས་ཁོང་རྣམ་པ་བཞི་བོན་གྱི་མཐུན་མིན་དབལ་ཆུའི་བསྙེན་སྒྲུབ་ཉམས་ལེན་སྐྱོང་ཆེད་དུ་བོན་གཞིས་ཐོབ་རྒྱལ་གསར་པར་ཕེབས་ཏེ་ཟླ་གཅིག་རིང་ཉམས་ལེན་བསྙེན་སྒྲུབ་དང་། མཇུག་ཏུ་དབལ་ཆུ་བསྐོལ་ཏེ་སྒྲུབ་པའི་རྟགས་མཚན་མིག་མཐོང་ལག་ཟིན་བྱུང་། སྐབས་དེར་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་ལ་མཁའ་འགྲོ་གསང་གཅོད་ཀྱི་ལུང་འབུལ་བའི་གོ་སྐབས་བཟང་པོ་བྱུང་། རྒྱུན་དུ་མི་མངས་ཀྱི་རེ་འབྲས་བཞིན་མོ་ལུང་ཐུགས་བརྟག རྩིས་བསྐོར་རྒྱུ། གཏོ་མདོས་གསུང་རྒྱུ། ལྷ་སྐུ་འབྲི་བཞེངས། ནད་པར་སྨན་གནང་བ། ནོར་ཕྱུགས་ཀྱི་ནོར་སྲུང་སོགས་གནང་གི་ཡོད་ཅིང་། དེ་དག་ལ་སྐུ་ཡོན་སོགས་གང་ཡང་བཞེས་ཀྱི་མེད་པར་མ་ཟད། ད་དུང་ཁོང་རང་ལ་གང་ཡོད་ཉམས་ཐག་ནད་པ་དག་ལ་གཏོང་གནང་གི་ཡོད།

གསུང་རྩོམ་སྐོར།

   རྒྱུན་དུ་གདན་ས་བསམ་གླིང་རང་དུ་ཉམས་ལེན་བསྙེན་སྒྲུབ་བསྐྱངས་པ་དང་དགོས་པ་གལ་ཆེན་ལ་གཟིགས་ཏེ་གསུང་རྩོམ་ཡང་བརྩམས་པར་མཛད། བསམ་གླིང་དགོན་པའི་གདན་རབས་དང་། སྨུག་པོ་རོང་གི་གནས་བཤད། བླ་མ་སྙེལ་གྱི་གདུང་རབས། ཞང་ཞུང་སྙན་བརྒྱུད་ཀྱི་སྟོད་ལུགས་བླ་མའི་རྣམ་ཐར། ཁྱུང་པོ་གདུང་རྒྱུད་ཀྱི་ལོ་རྒྱུས། དོལ་པོའི་ལོ་རྒྱུས་ཕྲན་བུ་སོགས་གསུང་མགུར་སྣ་ཚོགས་ཞིག་མཛད་གནང་ཡོད་པར་མ་ཟད་གཞན་ཡང་བོན་སྒོ་དང་བགྲེས་པའི་འབེལ་གཏམ་ལ་སོགས་དུས་དེབ་ཁག་ལ་གསུང་རྩོམ་ཡང་མང་པོ་བཀོད་ཡོད།

01.jpg
ཁོང་རིན་པོ་ཆེ་ཐུགས་དམ་དུ་བཞུགས་ཀྱི་སྐུ་སྤུར།
སྐུ་གཤེགས་ཚུལ་སྐོར།

   སྤྱི་ལོ་༢༠༠༢ལོ་ནས་བཟུང་ཏྲི་བཱིའི་སྙུང་གཞི་ཞིག་བཞེས་ནས་ཡུན་རིང་དྲག་སྐྱེད་དུ་མ་ཕྱིན་ནས་ལྷག་པའི་རྐྱེན་གྱིས་རྒྱུན་དུ་སྙུང་གཞི་ཞིག་ཡོད་ཀྱང་སྐབས་རེ་དྲག་སྐྱེད་ལྟ་བུ་བྱུང་། གང་ལྟར་ལོ་མང་རིང་སྙུང་གཞི་ལྕི་མིན་ལ་མ་ལྟོས་པར་ཉམས་ལེན་རྒྱུན་འཁྱོངས་གནང་། སྤྱི་ལོ་༢༠༡༦བོད་ཟླ་དགུ་པའི་ཚེས་༣༠ཞོགས་པ་སྔ་དྲོའི་ཆར་སྐུ་མི་རྟག་ཞི་བར་གཤེགས་པས། སྐབས་དེར་གནམ་ནས་འཇའ་ཚོན་སྣ་ལྔ་དང་ས་ལ་དྲོད་ལོག་ཟེར་བའི་ཡུལ་སྡེའི་རྟགས་བཟང་རྩིས་གསོལ་ཡོད་པ་བཞིན་བྱུང་། ཉིན་ཞག་གསུམ་གྱི་རིང་ལ་ཐུགས་དམ་ངོ་མཚར་ཆེ་བར་བཞུགས། མཐར་བོད་ཟླ་བཅུ་པའི་ཚེས་༣ཉིན་ཐོ་རངས་སྐབས་སྐུ་སྤུར་༧ཡ་ངལ་གཤེན་གྱི་གདན་ས་རུ་གདན་འདྲེན་ཞུས་ནས་ཕྱག་ཚོད་གསུམ་གྱི་རིང་ལ་དམ་པ་གང་ཉིད་ཀྱི་རྒྱུན་ལྡན་ཉམས་ལེན་གནང་སར་ཁྲི་ཐོག་ཏུའང་ཐུགས་དམ་བཞུགས། དེ་རྗེས་སུ་སྐུ་སྤུར་ཞུགས་ལ་བཞུས་སྐབས་སྤུར་ཁང་ནས་དུ་བ་འཐོན་མ་ཐག་སྤུར་ཁང་གི་དབུས་ལ་བྱ་ཐང་དཀར་ཞིག་དང་ཐང་སྨུག་ཅིག་བཅས་བྱ་གཉིས་ཀྱིས་གཡས་སྐོར་གསུམ་བརྒྱབ་པ་ཡུལ་མི་སྷ་སྡེ་རྣམས་ཀྱིས་མཐོང་བ་སོགས་ཀྱི་རྟགས་མཚན་བྱུང་བ་ལགས་སོ།། །།

04.jpg
སྙེལ་སྟོན་བླ་མ་གཡུང་དྲུང་དར་རྒྱས་རིན་པོ་ཆེ་དང་ཁོང་གིས་ངོས་འཛིན་གནང་བའི་ཡང་སྟོན་སྤྲུལ་སྐུ་རིན་པོ་ཆེ།

མཇུག་སྡོམ།

   རྣམ་ཐར་ཉུང་འདུས་འདི་དམ་པ་ཁོང་ཉིད་ཀྱི་ཞལ་རྒྱུན་དང་བསམ་གླིང་དགོན་པའི་བླ་མ་དགེ་བཤེས་རྣམས་དང་ཡུལ་མིའི་ངག་སྒྲོས། དེ་བཞིན་སྐུ་གཤེགས་སྐབས་ཀྱི་དངོས་བྱུང་གནས་ཚུལ་རྣམས་དམ་པ་ཁོང་གི་དངོས་སློབ་ཁྱུང་པོ་ཟླ་བ་བསམ་གྲུབ་ཀྱི་བརྒྱུད་ནས་ཐོས་པ་བཅས་ཕྱོགས་གཅིག་ཏུ་བསྡུས་བ་པོ་ཆོས་འཁོར་ཚང་དགེ་བཤེས་གཡུང་དྲུང་རྒྱ་མཚོ་དང་དམ་པ་གང་ཉིད་ཀྱི་སྐུ་ཚ་ར་ནག་གཡུང་དྲུང་འོད་ཟེར་གཉིས་ནས་སྤེལ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།