ཡོངས་འཛིན་བསྟན་འཛིན་ཡེ་ཤེས།

[ཟླ་ཚེས། 2016-04-12 11:58:42][རྩོམ་པ་པོ། དཔོན་སློབ་སྤྲེའུ་བཙུན་ཀུན་བཟང་ལྷུན་གྲུབ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

 1.jpg

   སྨྲ་བའི་དབང་པོ་ཡོངས་འཛིན་བསྟན་འཛིན་ཡེ་ཤེས་སམ་དབྱངས་ཅན་དགའ་བའི་བློ་གྲོས་དཔལ་བཟང་པོ་མཆོག་ནི་དོ་འཕགས་ལུང་གིས་བསྔགས་པའི་ས་གནས་རྒྱ་སྡེའི་སྒར་རམ་རྒྱལ་བསྟན་ཕུན་ཚོགས་གླིང་གི་ཉེ་འགྲམ་སྣང་སྟོན་རྒྱལ་བའི་དབང་པོའི་ལྷ་འབངས་སུ་གཏོགས་པ་དཔལ་བརྟན་ཚང་ངམ་རྔམ་མགོ་ཚང་ཞེས་པའི་ཁྱིམ་དུ་ཡབ་བ་ཞིག་གི་རུས་ལས་མཆེད་པའི་དཔལ་བརྟན་དང་། ཡུམ་ཞར་བཟའ་ཚེ་དབང་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་བའི་བུང་བུ་ཞེས་པ་ས་མོ་ལུག་ལོར་སྐུ་ཡི་མཚན་དཔེ་བཞད།

2.jpg

   མིག་དམར་ཞེས་པ་ཤིང་ཕོ་བྱི་བའི་ལོར་རྗེ་བཙུན་ཁོང་དགུང་གྲངས་དྲུག་ལ་སོན་སྐབས་གཟའ་སྐར་དགེ་བའི་དུས་དང་བསྟུན་ནས་སྣང་སྟོན་རྣམ་གཉིས་ཀྱི་ཡོངས་འཛིན་བསོད་ནམས་གྲགས་པའི་དྲུང་ནས་ཀློག་བསླབ་པའི་དབུ་བཟུང་སྟེ་སྣང་སྟོན་བསྟན་པ་རབ་རྒྱས་ཀྱི་ཡོངས་འཛིན་རྡོ་རམས་པ་བསྟན་པ་དར་རྒྱས་དགེ་རྒན་དུ་བསམ་སྦྱོར་གཉིས་ཀྱི་རིགས་ཀྱི་ཅོད་པན་དུ་ཚུལ་བཞིན་བསྟེན་ནས་སྣང་དགོན་གྱི་ཚོགས་གྲལ་དུ་གཞུག

3.jpg

   དགུང་ལོ་བཅུ་གསུམ་སྐྱེས་བདག་ཅེས་པ་ལྕགས་མོ་ལུག་ལོའི་རྒྱལ་བ་མཉམ་མེད་ཆེན་པོའི་འཁྲུངས་མཆོད་ཀྱི་དུས་ཁྱད་པར་ཅན་དང་བསྟུན་ནས་ཡོངས་རྫོགས་བསྟན་པའི་མངའ་བདག་སྣང་སྟོན་ནམ་མཁའ་བློ་གྲོས་གཙོས་མཁན་སློབ་བཞི་སྦྲག་གི་དྲུང་ནས་གཙང་མ་གཙུག་ཕུད་ཀྱི་དངོས་པོ་ཡང་དག་པར་བཞེས།

4.jpg

   དགུང་ལོ་བཅུ་བཞི་ཨང་གིར་ཞེས་པ་ཆུ་ཕོ་སྤྲེལ་ལོར་མཚན་ཉིད་གྲྭ་ཚང་དུ་ཞུགས་ཏེ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་བསྟན་པའི་རྒྱལ་མཚན་གཙོས་དམ་པ་དུ་མ་མཉེས་པ་གསུམ་གྱིས་ཚུལ་བཞིན་དུ་བསྟེན་ནས་མགོ་བསྡུས་གྲྭ་ནས་བཟུང་དབུ་ཕར་འདུལ་མཛོད་སོགས་ལ་སྦྱོང་བ་མཐིལ་ཕྱིན་མཛད་ཅིང་། ཞོར་ལ་འཚོ་མཛད་གྲགས་པ་འོད་ཟེར་གྱི་དྲུང་ནས་སྨན་འབུམ་དཀར་པོ་སོགས་ལ་བརྟེན་ནས་གསོ་བ་རིག་པའི་སྐོར་དང་། རྣམ་འབྱོར་བ་བྱི་བ་ཚུལ་ཁྲིམས་ཀྱི་གམ་ནས་གཤེན་མཁས་ཀྱི་ནག་རྩིས་ཀྱི་གཞུང་སོགས་རྩིས་རིག་དང་གཤེན་མཁས་ཀྱི་བརྡ་སྤྲོད་ཉེར་བདུན་རྩ་འགྲེལ་སོགས་ལ་བརྟེན་ནས་སྦྱང་བརྩོན་མི་དམན་པར་མཛད། གཞན་རྡུལ་མཚོན་དང་འཕྲིན་ལས་གོ་རིམ། གྱེར་དབྱངས་རྟ་སོགས་ཞོར་གྱི་སྦྱང་བྱ་རུ་གྱུར། 

5.jpg

   དགུང་ལོ་ཉེར་གསུམ་པ་ཁྱུ་མཆོག་ཅེས་པ་ལྕགས་སྦྲུལ་ལོའི་གནམ་ལོ་གསར་ཚེས་ཀྱི་ཚེས་ལྔའི་ཉིན་རྒྱལ་བ་མཉམ་མེད་ཆེན་པོའི་ལྔ་མཆོད་དགུང་མོར་དཔོན་སློབ་ཚུལ་ཁྲིམས་བསྟན་འཛིན་གྱིས་ལྔ་ཐོག་དམ་བཅའ་གསར་འཛུགས་མཛད་དེ། དེའི་ཐོག་མར་རྗེ་བཙུན་ཁོང་གིས་རང་རྒྱལ་གཞན་ཕམ་གྱི་ཀུན་སློང་སྤངས་ཏེ་རྩོད་པ་བྱེད་ལུགས་ཐལ་མོ་རྡེབ་ཚུལ་སོགས་བསྟན་པའི་མཛེས་རྒྱན་དུ་འགྲོ་ངེས་སྒོ་ནས་ཐོག་མར་རྟགས་གསལ་འཕང་བའི་བློ་ལྡན་གཟུར་གནས་དགྱེས་པའི་མཆོད་སྤྲིན་དུ་སྤེལ། ཕྱི་ཉིན་ཡོངས་རྫོགས་བསྟན་པའི་བདག་ཉིད་སྣང་སྟོན་ནམ་མཁའ་བློ་གྲོས་དང་བསྟན་པའི་བཀའ་སྲུང་སྲོག་བདག་དགེ་བསྙེན་ལྷ་རང་བབས་དང་གདོང་ལྷན་འཛོམས་བྱས་ཏེ་རྗེ་བཙུན་ཁོང་ལ་གཡུང་དྲུང་བོན་གྱི་བསྟན་ལ་མཁས་པའི་བྱ་བ་གསུམ་གྱི་ཞབས་ཕྱི་སྒྲུབ་དགོས་ཞེས་སྨོན་ལམ་རྣམ་པར་དག་པའི་མཚམས་སྦྱོར།

6.jpg

   དགུང་ལོ་ཉེར་བཞི་སྣ་ཚོགས་ཞེས་པ་ཆུ་རྟ་ལོར་དགེ་བའི་བཤེས་གཉེན་གྱི་མིང་རྟགས་གསེར་གྱི་ཅོད་པན་བཞེས་ཏེ། པོད་ཆེན་ལྔའི་གཞུང་དོན་མཐའ་དག་ཚིག་སྤྱི་དང་ཁས་ལེན་མི་ཤོར་བ་ཙམ་ཞིག་ལ་འཆེལ་བ་མ་ཡིན་པ་ལུང་རྣམ་དག་གི་རྐྱང་བར་དྲངས་བའི་གནད་འགག་ཕྲ་མོ་རྣམས་ལ་ཚུལ་བཞིན་དུ་ཞིབ་གཟིགས་ཡང་ཡང་མཛད་པའི་ངུར་སྨྲིག་གར་གྱིས་མཛེས་པའི་འདུས་སྡེའི་དབུས་དགེ་བའི་བཤེས་གཉེན་ཆེན་མོའི་དམ་བཅའ་བཞག

7.jpg

   དགུང་ལོ་ཉེར་བརྒྱད་པ་མི་ཟད་ཅེས་པ་མེ་ཕོ་ཁྱི་ལོར་བགྲང་བྱ་གཉིས་ཡུན་གྱིས་གཞུང་ཁྲིད་པ་དང་གཞུང་ལས་པའི་འགན་ཁུར་དགོས་པའི་བཀའ་ནན་སྤྱི་བོར་བབས་པ་བཞིན། མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་བླ་ནས་བླ་རུ་འཕེལ་བའི་ཐུགས་ཀྱི་ཁུར་ཆེན་བདག་གིར་བཞེས་ཏེ། འཛིན་གྲྭ་སོ་སོའི་རྩི་བཞག་དང་རྩོད་པ་དམ་བཅའི་འགྲོ་རིམ་སོགས་མཚན་ཉིད་གྲྭ་ཚང་གི་འགྲིག་ལམ་ཀུན་སྤྱོད་སོགས་སུ་ཞིབ་གཟིགས་མཛད་ཅིང་། དཔོན་སློབ་ཚུལ་ཁྲིམས་བསྟན་འཛིན་གྱི་དྲུང་ནས་སྐར་རྩིས་ཀྱི་ལྔ་བསྡུས། ཞག་གསུམ་སྟོང་འཇུག གཟའ་ལྔ་སོགས་ཕྲ་ཞིང་ཞིབ་པར་མནོས།

8.jpg

   དགུང་ལོ་སུམ་བཅུ་སོ་བཞིར་སོན་པ་དགའ་བ་ཞེས་པ་ཆུ་ཕོ་འབྲུག་ལོར་མཱ་བློན་གདུགས་དཀར་གྱི་དགེ་བསྐོས་ཆེན་མོའི་འགན་བགྲང་བྱ་གསུམ་ལ་བཞེས་ཞིང་། ཞོར་ལ་བློ་གསལ་དོན་གཉེར་ཅན་གྱི་སློབ་ཚོགས་ལ་འཆད་ཁྲིད་རྒྱུན་ཆད་མེད་པར་གནང་།

9.jpg 

 དགུང་ལོ་སོ་བདུན་པ་མྱོས་བྱེད་ཅེས་པ་ཤིང་ལུག་ལོར་གཟིམ་ཤག་ཏུ་སྐུ་འཚམས་དམ་པོར་བསྡམས་ནས་རྫོགས་ཆེན་ཡང་རྩེ་ཀློང་ཆེན་ལྟར་རིགས་དྲུག་རང་སྦྱོང་གི་བཅད་རྒྱ་བགྲང་བྱ་གཅིག་ལ་བཞུགས་ཏེ་སྒྲུབ་པ་ཉམས་ལེན་ལ་གཞོལ།

10.jpg 

 དགུང་ལོ་སོ་བརྒྱད་པ་གདོང་ངན་ཞེས་པ་མེ་སྤྲེལ་ལོར་སྣང་ཞིག་དགོན་གྱི་ཚོགས་ཆེན་དགེ་བསྐོས་ཆེན་མོའི་འགན་བཞེས་ཏེ་བཤད་སྒྲུབ་བསྟན་པའི་ཞབས་འདེགས་སུ་དམིགས་ཏེ་འདུས་སྡེའི་ཚོགས་ཆེ་ཆུང་གང་གི་སྐབས་སུ་འདུས་སྡེའི་བཅའ་ཡིག་ཆེན་མོའི་དགོངས་དོན་བཞིན་དུ་དུས་བཞིའི་འཆད་ཐོག་སོ་སོའི་འགྲིག་ལམ་ཀུན་སྤྱོད། བསླབ་པ་སློབ་གཉེར། དཔེ་ཁྲིད་སྐྱོར་སྦྱང་བརྩི་བཞག་རྒྱུགས་སྤྲོད་མཛད་ཚུལ་སོགས་ལ་རྟིང་བསྐུལ་ནན་ཏན་ཞིབ་ཚགས་སུ་མཛད་ཅིང་། མཚན་ཉིད་པ་རྣམས་ལ་འཆད་ཉན་ཡར་རྒྱས་ཀྱི་ཐབས་ལ་འབད་བརྩོན་གྱི་བཀའ་དྲིན་ཚད་མེད་བསྐྱངས།

   དགུང་ལོ་སོ་དགུ་བ་གསེར་འཕྱང་ཞེས་པ་མེ་མོ་བྱ་བའི་ལོར་དུས་བབས་དང་བསྟུན་པའི་དགོས་མཁོ་དུ་མར་ཐུགས་ཀྱི་དགོངས་ཏེ་རྒྱལ་མོ་རོང་གི་ས་ཡི་ཆར་ལྷ་རྒྱལ་གླིང་དུ་དགེ་བའི་བཤེས་གཉེན་ཆེན་པོ་བསམ་གཏན་རྒྱ་མཚོའི་དྲུང་ནས་སྒྲ་རིག་པ་དང་། སྡེབ་སྦྱོར། སྙན་ངག བརྡ་སྤྲོད་སོགས་རིག་པའི་གནས་ཆུང་བ་ལྔ་ལ་ཕྲ་ཞིང་ཞིབ་པའི་གསན་བསམ་ཡང་དག་མཛད།

   དགུང་ལོ་བཞི་བཅུ་གསེར་འཕྱང་ཞེས་པ་ས་ཕོ་ཁྱི་ལོར་རང་དགོན་དུ་ཕེབས་ཏེ་རྗེ་མཉམ་མེད་ཡབ་སྲས་ཀྱི་བསྟན་པའི་རྗེས་བཞག་གི་སེམས་ཕྱོགས་ཨ་སྙན་རྫོགས་གསུམ་གྱི་ཉམས་ལེན་གྱི་གཞི་བཟུང་། གསང་སྔགས་བཀའ་དྲུག་གི་རིམ་གཉིས་དང་འབྲེལ་བའི་བསྙེན་སྒྲུབ་ཀྱི་གཞུང་བསྲང་། རྒྱུ་མཚན་ཉིད་བཀའ་པོད་རྣམ་ལྔ་དང་འབྲེལ་བའི་བྱང་ཆུབ་ལམ་གྱི་རིམ་པའི་ཉམས་ལེན་གྱིས་ཟུར་བརྒྱན་རྒྱལ་བ་གཤེན་གྱི་བསྟན་པ་རིན་པོ་ཆེ་འཁོར་ལོ་གསུམ་གྱིས་འཛིན་ཅིང་སྐྱོང་བའི་སྐབས་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་རྒྱ་དམག་གིས་བཅོས་བསྒྱུར་བྱས་ཏེ། བགྲང་བྱ་བཅུ་ཕྲག་ལྷག་ལ་རྒྱལ་བསྟན་ཉིན་མོའི་མགོན་པོ་ཆུ་འཛིན་སྟུག་པོས་རེ་ཞིག་གཡོག་ནས་འཇིག་རྟེན་མུན་པའི་གླིང་དུ་གྱུར།

   དགུང་ལོ་ཞེ་དགུ་ཞེས་པ་སྤྲེའུ་ཞེས་པ་མེ་མོ་ལུག་ལོར་རྐྱང་བཟའ་གཡུ་བཙུན་མའི་འབབས་སྟེགས་རྐྱང་ལྷས་གད་ཐོག་ཏུ་འདུལ་བའི་སྤྱོད་ལམ་བཞི་ཤཔང་བའི་བས་མཐའི་སྤྱིལ་ཆུང་དུ་དབྱར་སེར་སྲུང་དང་དགུན་ཁང་སྲུང་གི་ཚུལ་དུ་བགྲང་བྱ་བཞི་ལྷག་ལ་བཞུགས་པའི་སྐལ་བ་བྱུང་། དེའི་སྐབས་ཀུན་ཏུ་བློ་གསལ་དོན་གཉེར་ཅན་རྣམས་ལ་ཕྱི་ནང་གསང་གསུམ་རིག་གནས་བཅས་པ་གང་འདོད་དུ་འཆད་ཁྲིད་བྱས། བསྟན་པའི་གསལ་བྱེད་དུ་དམིགས་ཏེ་བསྟན་བཅོས་འགའ་བརྩམས་གནང་མཛད།

   དགུང་ལོ་ལྔ་གསུམ་འགལ་བྱེད་ཅེས་པ་ལྕགས་མོ་ཕག་ལོར་ཁོང་ཡུལ་ཚོའི་སྨན་པ་རུ་བཞག་སྟེ་རྒྱ་སྡེའི་སྒར་དུ་རྒྱུན་བཞུགས་བྱས་ཏེ། གསོ་བ་སྨན་གྱིས་ནད་ཀྱིས་གདུང་བའི་འགྲོ་བ་རྣམས་ལ་ཕན་པ་བསྐྲུན། སྐབས་དེར་གསོ་བ་རིག་པའི་སྐོར་དང་། སྒྲ་འགྲེལ་ལམ་འགྲེལ་བརྡ་སྤྲོད་ཀྱི་བསྟན་བཅོས་སོགས་མང་དུ་མཛད།

   དགུང་ལོ་རེ་གཉིས་དྲག་པོ་ཞེས་པ་ལྕགས་སྤྲེལ་ལོར་རྫོང་གི་མཐོ་རིམ་ལས་བྱེད་ནས་གཡུང་དྲུང་བོན་སྤྱོད་ཆོག་པའི་ཁྱབ་བསྒྲགས་བྱས། དེ་མུར་རྒྱལ་ཚབ་རིན་པོ་ཆེ་དང་རྗེ་བཙུན་ཁོང་སོགས་འཚོགས་འདུ་ལ་དངོས་སུ་ཞུགས་ཏེ་བོན་གྱི་ལོ་རྒྱུས་དང་། སྣང་དགོན་གྱི་ལོ་རྒྱུས། གྲུབ་མཐའ་སོགས་ཀྱི་སྐོར་ནས་སྙན་སྒྲོན་ཞིབ་རྒྱས་སུ་བསྩལ། ཁོང་གིས་ཟླ་བ་དུ་མར་དཔོན་སློབ་ཀྱིི་ཚབ་བྱས་ཏེ་བཅུ་བཞི་བཅོ་ལྔའི་མདོ་འཆད་རྒྱུ་དང་། དུས་སྐབས་དང་མཐུན་པའི་འཆད་རའི་རྟིང་འཛིན་དང་། དོན་གཉེར་ཅན་མང་པོའི་ངོར་གང་འདོད་ཀྱི་གཞུང་ཁྲིད་ཀྱི་ཁུར་བླངས།

   དགུང་ལོ་རེ་དྲུག་མིག་དམར་ཞེས་པ་ཤིང་ཕོ་བྱི་ལོར་མདའ་ཆེན་དགོན་འདུས་སྤྱི་ནས་གསོལ་བ་བཏབ་པ་ལྟར་མདའ་ཆེན་དཀར་མོ་རི་ཁྲོད་དུ་གཞི་ཕབ་སྟེ། དོན་གཉེར་ཅན་མང་པོར་བརྡ་སྤྲོད་དང་ལམ་རིམ་སོགས་ཀྱི་བཀའ་དྲིན་བསྩལ། ཤེས་རབ་སྨྲ་བའི་སེང་གེའི་དབང་ལུང་རྗེས་གནང་དང་འདུལ་བའི་གཞུང་ལས་འཕྲོས་པའི་བསླབ་བྱ་སོགས་གནང་། སྐབས་དེར་སྣང་དགོན་གྱི་ཚོགས་ཆེན་དཔོན་སློབ་ཀྱི་ཁྲི་ལ་འཁོད་པའི་བསུ་མའི་བྱ་མ་རྟ་འབྱོར། ཆུ་སྟོད་ཟླ་བའི་བཅོ་ལྔའི་ཉིན་དཔོན་སློབ་ཀྱི་ཁྲི་ལ་མངའ་གསོལ་ཏེ། འདུས་སྡེའི་ཕྱག་སྲོལ་བཞི་ལོ་རེའི་འཆར་ཅན་གྱི་བཀའ་རམས་ལས་ཐོག་པའི་དཔོན་སློབ་ཀྱི་དྲུང་ནས་དཔེ་ཁྲིད་བྱེད་དགོས་པའི་གཙོས་དོན་གཉེར་ཅན་སོ་སོའི་འདོད་མོས་ལྟར་བཅུ་ཕྲག་རིག་པའི་གནས་འཆད་ཁྲིད་ཀྱི་རྒྱུན་བཟུང་། རྒྱལ་ཚབ་རིན་པོ་ཆེའི་མཁན་པོ་དང་ཁོང་གི་དཔོན་སློབ་མཛད་དེ་སློབ་བུ་བརྒྱ་ཕྲག་མང་པོར་གཙང་གཙུག་གི་སྡོམ་པ་མནོས། མཚན་ཉིད་པའི་གཙོས་གྲྭ་མང་ཡོངས་ལ་བདུན་ཕྲག་རེ་རེའི་གཟའ་པ་སངས་ཉིན་གྲྭ་མང་ལ་བསྙེན་བཀུར་དང་རྩོད་གྲྭ་བ་རྣམས་ལ་ཐལ་བ་འཕེན་ཚུལ། ཐལ་མོ་རྡེབ་ལུགས། ཐལ་སྐད་གཏོང་ཚུལ་སོགས་བསླབ་སྟོན་དང་། བརྩི་བཞག་གི་རིམ་པ། འཛིན་གྲྭའི་གཏུག་འདུག་སོགས་དུས་བབས་དང་བསྟུན་པའི་འགྲིག་ལམ་གྱི་རྟིང་བསྐུལ་དང་བཤད་སྒྲུབ་ཀྱི་བསྟན་པའི་ཁོ་ལག་ཅི་རྒྱས་ཀྱི་ཕྱོགས་ལ་ཐུགས་བརྩོན་གནང་།

   དགུང་ལོ་དོན་གཅིག་དཀར་པོ་ཞེས་པ་ས་མོ་སྦྲུལ་ལོར་ ༧ གོང་ས་སྐྱབས་མགོན་རྗེ་ཚུལ་ཁྲིམས་བསྐལ་བཟང་བློ་གྲོས་རྒྱ་མཚོ་དཔལ་བཟང་པོའི་ཡོངས་འཛིན་ལ་མངའ་གསོལ་ཏེ། གོང་ས་སྐྱབས་མགོན་མཆོག་གི་སྐུ་ཡོན་དུ་ཡོན་ཏན་ཀུན་གྱི་ཕྱི་མོ་འཕྲུལ་ཡིག་བཞི་བཅུ་ནས་ཡིག་སྦྱོར་སློབ་པའི་དབུ་བཟུང་ཞིང་རིམ་བཞིན་འབྲི་ཀློག་དང་འཕྲིན་ལས་ཀྱི་གོ་རིམ། བརྡ་སྤྲོད། ལམ་རིམ། རྩིས་རིགས་སོགས་གསན་སྦྱོང་རྣམས་ལ་ཐུགས་བརྩོན་ཤིན་ཏུ་ཆེ་བ་ཁྲུས་ཀྱི་རྫིང་བུའི་ནང་གི་ཆུ་སྐྱེས་བཞིན་སྐྱེད་ཐོན་པར་འབད་པ་དང་སྣང་དགོན་གྱི་བསྟན་སྲིད་གཉིས་ལ་བཀའ་དྲིན་བསྐྱངས།

   དགུང་ལོ་བརྒྱད་ཅུ་གྱ་གཉིས་པ་དཔའ་བོ་ཞེས་པ་ལྕགས་འབྲུག་ལོའི་ཧོར་ཟླ་བདུན་པའི་ཚེས་བཅུ་ཉིན་དཀྱིལ་ཀྲུང་མཉམ་བཞག་དང་བཅས་གཟུགས་སྐུའི་བཀོད་པ་བོན་དབྱིངས་སུ་བསྡུས་པའི་ཚུལ་བསྟན།

 

   རྗེས་བཞག་གི་གསུང་རྩོམ་སྐོར་ལ་ཚོགས་ལམ་བཅུ་གཉིས་ཀྱི་འགྲེལ། བརྡ་སྤྲོད་བློ་གསལ་མགུལ་རྒྱན་གྱི་འགྲེལ། བརྡ་སྤྲོད་སྡོང་འགྲེལ། ལྷ་མོ་དབྱངས་ཅན་མའི་མདོའི་འགྲེལ་བ། སྐར་རྩིས་མཐོང་བ་དོན་གསལ། སྐར་རྩིས་རིན་ཆེན་དོ་ཤལ། བྱ་བརྒྱའི་གཏམ་རྒྱུད། ལས་ཆོག་རིན་ཆེན་ཐེམ་སྐས་ཀྱི་འགྲེལ། རྒྱལ་བ་སྨན་རིའི་གསོ་སྦྱོང་གི་ཞལ་ཤེས། རིག་གནས་ལྔའི་འབྱུང་ཁུངས། སྨན་གྱི་སྤྱི་བྱེ་བྲག་གི་རྣམ་གྲངས། མེ་བཙས་སྐོར། སྨན་གྱི་སྡེབ་སྦྱོར་ཉུང་བསྡུས། འདུལ་བའི་དཔེ་རིས། བཀླག་ཐབས་ཕག་མོ་གྲུབ་སྦྱོར། སྙན་ངག་གི་རྒྱན་ལྷག་འཕྲོ། ཐོར་བུ་སྐོར་སོགས། པོད་ཆེན་ལྔའི་བདག་ཉིད་ཅན་ཞིག་ཞྭ་དཀར་བསྟན་པའི་མཛེས་རྒྱན་དུ་བཞག་པའོ། །

༢༠༡༢-༠༦-༢༠ ཉིན་བྲིས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།