ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> མི་སྣ། >> ཞིབ་འཇུག་མི་སྣ། >> སྨན་པ་ཁྱུང་པོ་དྲུང་མུ་ཟུར་ཨུན།
སྨན་པ་ཁྱུང་པོ་དྲུང་མུ་ཟུར་ཨུན།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། སྤུ་བླ་བ་ཁྱུང་པོ་ཚེ་དབང་འབྲུག་གྲགས།] [ཟླ་ཚེས། 12-05-22] [ཀློག་གྲངས། ]

བོད་ལུགས་གསོ་རིག་སྨན་པ་ཁྱུང་པོ་དྲུང་མུ་ཟུར་ཨུན་གྱི་ལོ་རྒྱུས་རིན་ཆེན་གཙག་བུ།

 བདེ་ཆེན་སྤྲོས་བྲལ་གཞི་ཡི་གནས་ལུགས་དོན།།
མ་རྟོགས་ལུས་ཅན་ཉོན་མོངས་ཚ་གདུང་ཅན།།
ཕན་བདེའི་བསིལ་སྦྱིན་བེེཌཱུརྱའི་ཡི་འོད།།
སངས་རྒྱས་སྨན་གྱི་ལྷ་དེས་དགེ་ལེགས་རྩོལ

ལྔ་ཟུང་ཤེས་བྱའི་ལྷ་ལམ་ཡང་པོ་རུ།།
ལུང་རིག་གཤོག་ཟུང་རྐྱང་པར་ནུས་མེད་ཀྱང་།།
ལྷག་བསམ་སྤྲིན་དཀར་བསུས་པའི་ཉེར་ལེན་དུ།།
འདབ་དྲུག་ཁ་བའི་མེ་ཏོག་འདི་ནས་འཐོར།།

   དུས་རབས་བཅུ་དགུའི་ནང་འབྲོག་གྲོང་གི་བོད་ལུགས་གསོ་རིག་སྨན་པ་ཁྱུང་པོ་དྲུང་མུ་ཟུར་ཨུན་གྱི་ལོ་རྒྱུས་ཅུང་ཙམ་གླེང་བ་ནི།། ཁོང་ནི་དུས་རབས་བཅུ་དགུའི་ནང་གི་བོད་སྡེ་རེ་དཀར་སོག་གསུམ་ཕྱེས་བའི་དཀར་ཤོད་སྤུ་བླ་བླ་མའི་མངའ་འབངས་སུ་གཏོགས་པའི་དགུ་ཆེན་ལུང་པ་ཞེས་པའི་ས་གནས་དེར་ཁྱུང་པོའི་རུས་ལ་སྐྱེས་པའི་བོད་ལུགས་གསོ་རིག་ལ་མཁས་པའི་སྨན་པ་ཡིན་ཞིང། དེ་ཡང་ཁོང་ཆུང་ངུས་དུས་སུ་ཕ་མ་གཉིས་དང་ལྷན་དུ་གནས་ཆེན་ཁྱུང་པོ་རི་བོ་རྩེ་དྲུག་ལ་གནས་མཇལ་དུ་ཕྱིན་སྐབས་བྲག་དམར་རི་ཡི་མདུས་རྒྱབ་རི་སྣར་བཞུགས་པའི་བླ་མ་ཀུན་དགའ་རིན་པོ་ཆེ་མཇལ་ཕྲད་ཞུས་སྐབས་བླ་མ་ཀུན་དགའ་རིན་པོ་ཆེས་ཁོང་གི་ཕ་མ་གཉིས་ལ་ཕྲུ་གུ་འདི་གཞན་དང་མ་འདྲ་བར་ཁྱད་པར་ཅན་རེད་འདུག་པས་ཁྱེད་ཚོས་འདི་གཙོག་ཏུ་མི་འཇུག་པར་བཙའ་རྫི་དང་བདག་སྐྱོང་ཡག་པོ་བྱེད་དགོས་ཚུལ་ཡང་ཡང་གསུང་འདུག། དེ་རྗེས་སྤ་ཚང་དགོན་གྱི་སྤ་སྟོན་གཡུང་དྲུང་བསྟན་པ་འབྲུག་གྲགས་རིན་པོ་ཆེ་དང་སློབ་དཔོན་གཡུང་དྲུང་བློ་ལྡན་རིན་པོ་ཆེ་རྣམ་གཉིས་ཀྱི་གསེར་ཞལ་མཇལ་བའི་བསྐལ་བཟང་གི་དུས་དེར། སྤ་སྟོན་བསྟན་པ་འབྲུག་གྲགས་རིན་པོ་ཆེ་རྩ་བའི་བླ་མ་བསྟེན་ཞིང་ཁོང་རྣམ་གཉིས་མདུན་ནས་ཐུན་མོང་རིག་གནས་སྤྱི་དང་། ཐུན་མིན་སེམས་དོན་རྫོགས་པ་ཆེན་པོའི་ཉམས་སྐོར་གྱི་ཞལ་གསུང་བདུད་རྩིའི་རྒྱུན་ལ་ཅུང་ཞིག་ལོངས་སུ་སྤྱོད་པའི་སྐབས་དང་བརྟུན། ལྷག་པར་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ལ་སྦྱོང་བརྩོན་མི་དམན་པའི་ཐོག་སྨན་པ་རབ་འབྱམས་པའི་མཚན་རྟགས་བཞེས་མྱོང་ཡོད། དེ་སྐབས་སྦྲ་ཆེན་ཁུལ་གྱི་སྨན་པ་གནས་ཚད་མཐོ་ཤོས་སམ་གྲགས་ཆེ་བའི་རྒལ་དམར་སོག་དཔོན་ཚང་གི་སྨན་པ་གཏམ་འབྲིང་ལ་བརྟེན་ཏེ་བོད་ལུགས་གསོ་རིག་གི་ཉིང་བཅུད་ཀ་སུ་མི་རྟ་གཉིས་ཀྱི་གཏར་སྲེག་སོགས་སྨན་དཔྱད་གཉིས་ཀའི་ཐད་ལ་ལག་ལེན་དམར་མོ་མཛུབ་ཁྲིད་གཏིང་ཟབ་ཀྱི་སྒོ་ནས་གོམས་འདྲིས་ཐོན་ངེས་མཛད་པའི་མཐར། གཏམ་འབྲིང་ཁོང་ནི་སྨན་ཁུག་ཆེ་བ་ཤ་སྒྲོ་རྒྱན་ཅན་ཟུང་གཅིག་དང་ཆུང་བ་བརྒྱ་ཕྲག་གཉིས་ལྷག་དང་དཔྱད་ཀྱི་ཆ་བྱད་སྐོར་ལ་ཙག་བུ་ཆེ་ཆུང་དང་བརྡར་རྡོ་ལྕགས་ཐིལ་དང་གཡང་ཏྲིའི་ཐིལ་སོགས་ཆ་ཚང་དང་། སྨན་ཡིག་སྐོར་ལ་མན་ངག་ལྷན་ཐབས་དང་ལྷན་ཐབས་ཀྱི་ལྡེ་མིག་གསོ་དཔྱད་རིན་ཆེན་འཁྲུང་དཔེ་དཔེ་རིས་དང་བཅས་པ་གསོ་དཔྱད་གཅེས་བསྡུས་རྟ་བཅོས་དཔེ་རིས་དང་བཅས་པ་བྲིས་མ་དང་།
   བཱེ་སྔོན་ལྷ་ལྡན་ཤིང་གི་པར་མ་བཅས་ཀྱི་སྨན་ཡིག་བཅས་པ་ཚང་མ། མ་འོངས་འགྲོ་ཀུན་ཕན་བདེའི་དབུགས་རྒྱུན་གསོ་བའི་ཆེད་དུ་ཁྱེད་རང་ལ་སྤྲད་པ་ཡིན་པས་ཁྱེད་ཀྱིས་དེ་བཞིན་དུ། གསོ་རིག་གཞུང་ལས་གསལ་བ་བཞིན་དུ་ལག་ལེན་གཏང་བཞག་ཆེད་ཐིག་པོའི་སྒོ་ནས་སྙན་གྲགས་འདོད་སྤྱོད་ཆེད་དུ་མ་སོང་བར་འགྲོ་བ་མཆོག་དམན་ཀུན་ལ་ཕན་ཐོག་ཡོང་བའི་ཐུགས་སྨོན་བཅས་མཛད་དོ།། ཁྱུང་པོ་དྲུང་མུ་ཟུར་ཨུན་ལ་གནང་བའི་དངོས་པོ་རྣམས་ནི་ད་ལྟ་བསྡད་ཡོད པ་མ་ཟད།། སྔོན་མ་དགུ་ཆེན་སོག་རུའི་མི་རྒྱུད་ལས་བྱུང་བའི་སྔགས་བཙུན་ཅི་རིགས་རྟེན་ཅན་རྣལ་འབྱོར་དང་སྨན་པ་སོགས་ཡོད་པའི་སྐབས་དེའི་ཤ་སྒྲོའི་སྨན་ཁུག་དང་སྨན་ཁེམ་སོགས་ཀྱང་ད་ལྟ་བསྡད་ཡོད་དེ་ནི་སྔ་རབས་སྔགས་རྒྱུད་མ་ཆད་པ་དང་སྨན་རབས་སྨན་རྒྱུད་མ་ཆད་པ་ཡོད་དགོས། ཞེས་འགྲོ་བ་གཞན་ལ་ཕན་ཐོག་དང་ནུས་པ་ཆེ་བའི་ཡོན་ཏན་འབའ་ཞིག་དུ་བརྩི་བ་ནི་བོད་ལུགས་ཀྱི་ཐུན་མིན་ཁྱད་ཆོས་ཤིག་ཡིན། དེས་ན་ཁོང་ནི་རྒྱུན་ལྡན་དུ་མང་ཚོགས་འཚོ་བའི་ཁྲོད་དུ་རིས་སུ་མ་ཆད་པར་ཀུན་ལ་ཚད་མཐོའི་སྨན་བཅོས་དང་། གཏར་སྲེག་དུགས་ལྡུམ་བྱུག་པ་སོགས་ལག་ལེན་ཟབ་ལ་ཕན་ནུས་ཆེ་བ་དང་། ལག་རྩལ་རིན་ཐང་ལྡན་པ་མ་ཟད། ལྷ་ཡི་སྨན་དཔྱད་གཉིས་ལ་ཧ་ཅང་མཁས་པའི་སྨན་པ་ཞིག་ཡིན་པ་ནི། དེང་གི་རྒན་རབས་ཕལ་ཆེ་བའི་མཐོང་ཐོས་སུ་གྱུར་པ་ནི་མིག་མཐོང་ལག་ཟིན་ཡིན། ཁོང་སྤ་དགོན་དུ་བཞུགས་སྐབས་གོང་བཤད་ལྟར་ཐོས་བསམ་གྱི་འཚོ་བར་ཕྲན་ཙམ་བརྟེན་པའི་དུས་དེར། གྲོང་པའི་སྲོང་ལམ་དུ་ཁྱི་སྨྱོན་གྱིས་སོ་ཐེབ་པའི་འགོ་ནད་ཟེར་བཞིག་ཡོད་པས་ཁོང་སྤ་དགོན་སྐོར་བ་འགྲོ་སྐབས་ཁྱི་དེས་སོ་ཐེབ་རྐྱེན་སྤ་འབྲུག་རིན་པོ་ཆེར་གསུང་སྔགས་ཞུས་པ་བཞིན་དུ་བླ་མས་ཧོར་འབྲོག་ཤོག་ལྷ་བབ་ལྷ་གྲགས་ལ་ཞུ་དགོས་ཚུལ་གསུང་པར་བརྟེན། དེ་རྗེས་སྤ་དགོན་ནས་ལྷ་གྲགས་རྩར་རྐང་ཐོན་འགྲོ་དགོས་པས་གཞན་གྱིས་ཉིན་གཅིག་ཏུ་བགྲོད་མི་ཐོབ་ནའང་ཁོང་སླེབ་པར་ཁྱད་མཚར་བྱུང་བར་གྲགས། ལྷ་བབ་ཁོང་ལ་གང་གི་ལོ་རྒྱུས་དང་ནད་དེ་གྲོལ་ཐབས་ཞུས་པས། ཁོང་ནི་སྲིད་པ་ཡེ་དབང་ལྷ་ཡི་བཀའ་བབ་ལ་བསྟེན་ཏེ་གསུང་དོན། ཁྱེད་ནི་ཁྱི་སྨྱོན་གྱིས་སོ་ཐེབ་ཀྱང་གནོད་མི་སྲིད་པ་ཞིག་རེད་འདུག་པ་མ་ཟད། འབུམ་ཚོ་གྲངས་ཀྱི་འདྲེན་སྟོན་འདུག་པས་ད་ནས་བཟུང་གཞན་ཕན་སྒྲུབ་དགོས་པར་གསུངས། དེའི་རྗེས་སུ་ཁ་བོ་རྟོགས་ལྡན་ཤེས་རབ་ཕུན་ཚོགས་རིན་པོ་ཆེ་སོགས་བླ་མ་མང་དག་ཞིག་གིས་ཀྱང་། ཁྱེད་ཚོས་བོད་སྨན་འདི་འགྲོ་བ་མཆོག་དམན་ཀུན་ལ་འདུ་འཁྲུག་ནད་ཀྱི་ཟུག་རྔུ་སེལ་ཆེད་རྒྱུན་བསྲིང་ཐུབ་པར་གྱིས་ལ་བདག་གཞན་ཀུན་གྱི་ཐར་པའི་གསོས་སུ་སྨིན་ངེས་ཡིན་ཞེས་གསུངས་། རྒལ་དམར་སོག་དཔོན་ཚང་གི་སྨན་པ་གཏམ་འབྲིང་ལགས་ཀྱིས་ཁྱེའུ་གཉིས་མཐིང་གི་གཏེར་མ་སྨན་ལྷའི་མདོ་ཆོག་དང་དེའི་ལུགས་ཀྱི་སྨན་སྒྲུབ་ཀྱི་སྨན་རྫས་ཕྱོགས་བསྡུས་བཅས་ཀྱི་དབང་ལུང་ཐོབ་པའི་རྒྱུད་རིམ་ནི། དང་པོ་ནི་རྫོགས་པའི་སངས་རྒྱས་སྟོན་པ་གཤེན་རབ་མི་བོའི་ཞལ་ནས་གསུངས་། དེས་དཔྱད་བུ་ཁྲི་ཤེས་ལ་སོགས་ཉེ་བའི་སྲས་བརྒྱད་ལ་བརྒྱུད་དེས་དམུ་ཚ་ཏྲ་ཧེ་ལ་སོགས་འཛམས་གླིང་མཁས་པའི་རྒྱན་དྲུག་ལ་རྒྱུད་དེས་ཞང་ཞུང་བོན་པོ་གྱེར་ཆེན་ཟླ་མེད་ལ་རྒྱུད་དེས་ལོ་པན་གཤེན་བརྒྱད་ལ་རྒྱུད་དེས་བླ་ཆེན་ཁོད་སྤུང་ལ་རྒྱུད། དྲན་པ་ནམ་མཁའ་ཡིས་བོན་དར་ནུབ་སྐབས་སུ་ལྷོ་ཕྱོགས་ཀོང་སྟོད་གཙང་པོའི་ནུ་མ་བྲག་ལ། དོན་སྒྲོ་ནག་པོ་བཅུག་ནས་སྦས་སོ།། དེ་ནས་ལས་དང་སྐལ་པ་ལྡན་པའི་ཡེ་ཤེས་དབལ་མོའི་སྤྲུལ་པ་འོད་དཀར་གཅིག་གིས་ལུང་བསྟན་ནས། ཁྱེའུ་གཉིས་མཐིང་གིས་གཏེར་ཞལ་ཕྱེས་ནས་བརྒྱུད་དོ།། དེས་བླ་མ་ཞང་སྟོན་ལྷུན་གྲུབ་རྒྱལ་པོ་ལ་བཀའ་བབས་ཁམས་ལུང་ནམ་མཁའི་རྒྱལ་མཚན་དེ་ལ་བརྒྱུད། དེས་ཞང་ཞུང་སྔགས་འཆང་གཡུང་དྲུང་ལ་བརྒྱུད། དེས་ཞང་སྔགས་སྤ་སངས་རྡོ་རྗེ་དང་ཞུང་སྔགས་ཟླ་བ་རྡོ་རྗེ་ཞུང་སྔགས་རད་ན་ཤེལ་ཞིན་རི་ཤུ་འོད་ཟེར་རྒྱལ་མཚན་རྒྱལ་ཚབ་གཡུ་དྲུང་བསྟན་དབང་བཅས་རིམ་བཞིན་བརྒྱད། དེས་སོག་གི་སྨན་པ་གཏམ་འབྲིང་བདག་ལ་གནང་བཞིན་དུ་ཁྱུང་པོའི་སྨན་པ་གཡུང་དྲུང་དབང་གྲགས་ཁྱེད་ལ་གནང་བ་ཡིན་གསུང་འདུག། དེ་བཞིན་ད་ལྟ་ཁྱུང་པོ་ཚེ་དབང་ནོར་བུ་ནས་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཀྱི་ཕྱག་ལེན་ལམ་ཐག་རྒྱུན་མཐུད་ངང་བསྲིང་བཞིན་པ་འདི་ཡིན་ནོ། །

སླར་སྨྲས་པ
འདི་དོན་འཇུག་པའི་བློ་གྲོས་རྩལ་ཞན་པས།།
འདི་ཡིན་ཞེས་ཀྱི་རྣམ་དཀར་ཆ་ཕྲ་ཡང།།
འདི་དང་འདི་ལྟའི་ལེགས་བྱས་མཆིས་སོ་ཅོག །
འགྲོ་རྣམས་རྫོགས་བྱང་འཐོབ་པའི་རྒྱུ་རུ་བསྔོ།།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག