ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> དཔྱད་གླེང་། >> དཔྱད་རྩོམ། >> ཚངས་ཆེན་གནས་ཀྱི་བར་ཆད་གླེང་བ།
ཚངས་ཆེན་གནས་ཀྱི་བར་ཆད་གླེང་བ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། མཁར་ནག་སྐལ་བཟང་རྒྱ་མཚོ།] [ཟླ་ཚེས། 12-08-18] [ཀློག་གྲངས། ]

   སྔོན་ཆད་རང་ཉིད་ཀྱིས་སྡེ་སྣོད་མཛོད་ཀྱི་དཔེ་ཁྲིད་ཞུ་སྐབས།  ༼ཚངས་ཆེན་ལ་གནས་ཀྱི་བར་ཆད་ཅུང་ཙམ་རེ་འབྱུང་སྟེ། རླུང་གིས་ཞིག་རྗེས་སུ་ཆགས་པའི་ཚངས་ཆེན་ལ་བར་བསྐལ་བརྒྱད་ཀྱི་བར་ཆད་འབྱུང་ལ།  ཆུས་ཞིག་རྗེས་སུ་ཆགས་པ་ལ་བར་བསྐལ་ལྔའི་དང་།  མེས་ཞིག་རྗེས་ཆགས་ན་བར་བསྐལ་གཉིས་ཀྱིས་བར་ཆད་འབྱུང་བའོ།༽ ཞེས་པའི་ཚིག་འདིའི་བསྟན་དོན་གསལ་བོར་མ་ཤེས་པས་མཛོད་དཔེ་འགའ་ལ་བལྟ་འདོད་སྐྱེས་ཀྱང་ལེ་ལོའི་དབང་གིས་ཕྱིར་འགྱིང་སོང་། རྗེས་ནས་ཁྱུང་པོ་ཀོ་དགོན་ནས་དཔར་སྐྲུན་མཛད་པའི་སྒ་སྟོན་མཛོད་འགྲེལ་གྱི་དེབ་ཅིག་ལག་ཏུ་སོན་པས་དེ་ཀློག་སྐབས་གཟོད་ཚིག་འདིའི་བསྟན་དོན་གསལ་བོར་ཤེས་སོང་།  ཡིན་ནའང་ཚིག་འདི་ལ་ད་དུང་ཞིབ་ཆ་ཞིག་ཕྱེས་དགོས་འདུག་པས་འདིར་རྩོམ་ཐུང་ཞིག་གིས་གསལ་བོར་ཞུས་ན། དེ་ཡང་སྒ་སྟོན་མཛོད་འགྲེལ་དུ་གནས་གཉིས་པ་བསྐལ་བ་འཆད་དུས།  ༼ཚངས་པ་ཆེན་པོ་ལ་གནས་ཀྱི་བར་ཆད་ཅུང་ཙམ་རེ་འབྱུང་བའོ།༽ ཞེས་གསུངས་པས་ཚངས་པ་ཆེན་པོའི་གནས་ཀྱི་བར་ཆད་ཇི་ལྟར་བྱུང་ཚུལ་ནི།  ཐོག་མར་ཚངས་ཆེན་གྱི་ཚེ་ཚད་ངེས་དགོས་པས་ཚངས་ཆེན་གྱི་ཚེ་ཚད་ལ། མདོ་འདུས་ལས།  ༼གཟུགས་ཁམས་ལུས་ཚད་དཔག་ཚད་དང་།། ཚེ་ཚད་བསྐལ་པའི་གྲངས་མཉམ་སྟེ།།  གཟུགས་ཅན་དང་པོ་དཔག་ཚད་ཕྱེད།། དེ་ཡི་གོང་གཉིས་ཕྱེད་ཕྱེད་སྐྱེད།།༽ ཅེས་གསུང་བས་གཟུགས་ཅན་གྱི་དང་པོ་ཚངས་པ་མདུན་ན་འདོན་གྱི་ལུས་ཚད་ལ་དཔག་ཚད་ཕྱེད་ཡོད་པས་ཚེ་ཚད་ཀྱང་བསྐལ་བའི་གྲངས་དང་མཉམ་ན་ཚེ་ཚད་བསྐལ་བ་ཕྱེད་ཡིན། དེ་བཞིན་དུ་ཚངས་རིས་གྱི་ཚེ་ཚད་བསྐལ་བ་གཅིག་དང་།  ཚངས་ཆེན་གྱི་ཚེ་ཚད་བསྐལ་བ་ཕྱེད་དང་གཉིས་ཡིན།   ཡིན་ནའང་འདིའི་སྐབས་ཀྱི་བསྐལ་བ་ནི་བསྐལ་ཆེན་དང་བར་བསྐལ་གང་ཡང་མ་ཡིན་པར།  བསྐལ་ཆེན་གྱི་ཕྱེད་ལ་བསྐལ་པར་བརྩི་བའི་ལུགས་ཡིན་ཞེས་སྒ་སྟོན་མཛོད་འགྲེལ་དུ། ༼བསམ་གཏན་དང་པོའི་ཚངས་རིས་རྣམས་ཀྱི་ཚེ་ཚད་ནི། བསྐལ་ཆེན་གྱི་ཕྱེད་ལ་བསྐལ་པར་བརྩི་བའི་ཆས་བརྩི་སྟེ། ཚངས་ཆེན་བསྐལ་པ་ཕྱེད་དང་གཉིས་ཐུབ་པ་ལ་བར་གྱི་བསྐལ་པ་དྲུག་ཅུ་ཡོད་པས།༽ ཞེས་གསུང་། དེས་ན་ཚངས་ཆེན་གྱི་ཚེ་ཚད་ནི་བར་བསྐལ་དྲུག་ཅུ་སྟེ་ཆགས་པ་དང་གནས་པ།  འཇིག་པའི་བསྐལ་བ་གསུམ་གྱི་ཡུན་དང་མཉམ་པས་དེ་ཉིད་ལས།  ༼ཚེ་ཐིམ་པ་དང་སྣོད་ལ་མེས་འཇིག་པ་འབྱུང་བ་དང་དུས་མཚུངས་པས་སོ།༽ ཞེས་གསུངས་ཀྱང་དེ་ནི་རེག་བརྩིས་ཡིན་པ་ཤེས་སླ། དེ་བཞིན་དུ་ཡང་དེ་ཉིད་ལས། ༼འོན་ཀྱང་ཚངས་པ་ཆེན་པོ་ལ་ནི་གྲོགས་ཀྱིས་ཀུན་ནས་བཀྲིས་པའི་གཡོ་དང་།  སྣང་སྲིད་ཐམས་ཅད་ཀྱི་བྱེད་པ་པོར་ལྟ་བའི་ལོག་ལྟ་ཡོད་པས།  ཚངས་ཆེན་ལ་གནས་ཀྱི་བར་ཆད་ཅུང་ཙམ་རེ་འབྱུང་སྟེ།  རླུང་གིས་ཞིག་རྗེས་སུ་ཆགས་པའི་ཚངས་ཆེན་ལ་བར་བསྐལ་བརྒྱད་ཀྱི་བར་ཆད་འབྱུང་ལ།  ཆུས་ཞིག་རྗེས་སུ་ཆགས་པ་ལ་བར་བསྐལ་ལྔའི་དང་།  མེས་ཞིག་རྗེས་ཆགས་ན་བར་བསྐལ་གཉིས་ཀྱིས་བར་ཆད་འབྱུང་བའོ།༽ ཞེས་གསུང་པས།  དོན་ལ་ཚངས་ཆེན་གྱི་གནས་འཇིག་འགོ་བརྩམས་དུས་ཚེ་ཐིམ་རན་མིན་ཡང་བར་ཆད་ཀྱི་དབང་དུ་ཤོར་འགྲོ་བ་ཡིན།  དེ་ལ་གནས་ཀྱི་བར་ཆད་དམ་ཚངས་ཆེན་གྱི་ཚེ་གེགས་སུ་བརྗོད་ནའང་ཆོག དེ་ན་ཚངས་ཆེན་གྱི་གནས་ཀྱི་བར་ཆད་ཇི་ལྟར་བྱུང་ན། སྤྱིར་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་ཆགས་པ་དང་གནས་པ།  འཇིག་པ་རེ་རེ་ལ་བར་བསྐལ་ཉི་ཤུ་རེ་དགོས་ཏེ། མདོ་འདུས་ལས། ༼སེམས་ཅན་ལས་ཀྱི་དབང་གིས་ཀྱང་།།  འཇིག་ཆགས་སྟོང་གནས་བཞི་འབྱུང་སྟེ།། འཇིག་སྟོང་ཆགས་གནས་བཞི་མཉམ་སྟེ།།  བསྐལ་བ་ཉི་ཤུ་བཞི་རྣམས་ཏེ།།  བར་གྱི་བསྐལ་བ་བརྒྱད་ཅུ་རྫོགས།།  དེ་དག་བསྐལ་ཆེན་གཅིག་ཡིན་ནོ།།༽ ཞེས་གསུང་།  མཛོད་ཕུག་ལས།  ༼ལིག་ཞུར་ཏི་ཅི་དུ་ཁྲུན་ནི།། ཁྲུན་ཞུ་ད་དྲུག་རླྷེ་ཏུར་ནི།། ཆགས་པ་དེ་ནི་འཇིག་པ་དང་།།  ཞིག་ནས་འདུག་པ་དག་མཉམ་མོ།།  དེ་ནི་ཅི་གྱད་ཁྲུན་ཅི་གྱིན།། དེ་དག་བརྒྱད་ཅུ་བསྐལ་ཆེན་ཡིན།།༽ ཞེས་གསུང་ལ། ཡང་འཇིག་རྟེན་ཆགས་དུས་ཐོག་མར་སྣོད་ཆགས་པ་ལ་བར་བསྐལ་གཅིག་དང་བཅུད་སེམས་ཅན་ཆགས་པ་ལ་བར་བསྐལ་བཅུ་དགུ་དགོས་པ་ནི།   མདོ་འདུས་ལས། ༼སྣོད་བཅུད་འཇིག་རྟེན་ཆགས་པ་ནི།།  ཕྱི་སྣོད་བསྐལ་བ་གཅིག་ཏུ་ཆགས། ནང་བཅུད་བསྐལ་བ་བཅུ་དགུར་ཆགས།༽ ཞེས་དང་མཛོད་ཀུན་བཏུས་ལས།  ༼བསྐལ་གཅིག་སྣོད་ཆགས་བཅུ་དགུར་བཅུད།༽ཞེས་གསལ་བས། ཆགས་བསྐལ་གྱི་བར་བསྐལ་དང་པོ་ལ་སྣོད་ཆགས་དགོས་པ་དང་འཇིག་བསྐལ་གྱི་བར་བསྐལ་མཐའ་མ་དེ་ལ་སྣོད་འཇིག་དགོས་པས། ནང་བཅུད་ཀྱི་སེམས་ཅན་དེའི་སྔོན་དུ་འཇིག་ཚར་བས་ཚངས་ཆེན་གནས་ཀྱི་བར་ཆད་ཆེས་ཉུང་ནའང་བར་བསྐལ་གཉིས་ཡོད་པ་ནི་རྒྱུ་མཚན་འདི་ཡིན།    འདི་ལ་དགོངས་ནས་སྒ་སྟོན་རིན་པོ་ཆེ་ནས་ཀྱང་༼མེས་ཞིག་རྗེས་ཆགས་ན་བར་བསྐལ་གཉིས་ཀྱིས་བར་ཆད་འབྱུང་བའོ་༽ཞེས་གསུངས་པ་ཡང་ཤོས་ཆེ་ལ་དགོངས་པ་ཡིན་ལ་ཇི་བཞིན་ཁས་ལེན་དུ་མི་ཏུབ།  འདིའི་ཞིབ་ཆ་འོག་ནས་འཆད་རྒྱུ་ཡིན།  དེས་ན་ཚངས་ཆེན་གྱི་གནས་ཀྱི་བར་ཆད་བར་བསྐལ་ལྔ་དང་བརྒྱད་བྱུང་བ་ནི་ནང་བཅུད་ཀྱི་ཐོག་མ་བསམ་གཏན་གཉིས་པ་དང་གསུམ་པ་ཆགས་དགོས་པའམ།  ཡང་ན་འཇིག་འཕྱི་བ་བསམ་གཏན་གཉིས་པ་དང་གསུམ་པ་ཡིན་པས་ཁྱད་པར་ཡིན།  དེ་ལ་སྒ་སྟོན་རིན་པོ་ཆེའི་ཞལ་ནས། ༼དེ་ཡང་སྔར་རླུང་གིས་ཞིག་རྗེས་སུ་ཆགས་ན་ནི་བསམ་གཏན་བཞི་པ་ནས་མར་འབབ་སྟེ། ཚད་མེད་དགེ་མན་ཆད་ཀྱི་བསམ་གཏན་ལྷ་རིགས་དགུ་པ་ལ་བར་བསྐལ་དགུ  འདོད་ལྷ་དྲུག་དང་བཅོ་ལྔ། གླིང་བཞིའི་མི་བཞི་ལ་བར་བསྐལ་རེ་སྟེ་བཅུ་དགུའི་ཁོངས་སུ་ཆགས་པའོ།  རི་བདུན་ལྷ་རིགས་རྣམས་ནི། ལྷ་ཆེན་དང་དུས་མཉམ་དུ་ཆགས་ལ།  ངན་སོང་གསུམ་ནི་འཛམ་གླིང་ཆགས་པའི་ཁོངས་སོ། ༽ཞེས་གསུངས་པས།  རླུང་གིས་ཞིག་རྗེས་སུ་ཆགས་ན་ཚངས་ཆེན་ཆགས་པའི་སྔོན་དུ་བསམ་གཏན་གསུམ་པའི་ལྷ་རིགས་གསུམ་དང་བསམ་གཏན་གཉིས་པའི་ལྷ་རིགས་གསུམ་སྟེ་ལྷ་རིགས་དྲུག་པོ་ཆགས་དགོས་ལ། དེ་རེ་རེ་ཆགས་པ་ལ་ཡང་བར་བསྐལ་གཅིག་རེ་དགོས་པས་བར་བསྐལ་དྲུག་སོང་།  དེའི་སྟེང་དུ་ཆགས་བསྐལ་གྱི་ཐོག་མ་སྣོད་ཆགས་པའི་བར་བསྐལ་དང་འཇིག་བསྐལ་གྱི་མཐའ་མ་སྣོད་འཇིག་པའི་བར་བསྐལ་གཉིས་བསྣན་པའི་བར་བསྐལ་བརྒྱད་ཀྱི་བར་ཆད་བྱུང་བ་ཡིན།  རླུང་གིས་ཞིག་རྗེས་སུ་ཆགས་པའི་འཇིག་རྟེན་དེ་སླར་ཡང་འཇིག་དུས་མེ་ཁོ་ནས་འཇིག་དགོས་པས་བཅུད་ཀྱི་མཐའ་མ་ཚངས་ཆེན་འཇིག་པ་ཡིན། དེས་བས་བར་བསྐལ་བརྒྱད་ལས་བདུན་ནི་ཆགས་བསྐལ་དུ་བྱུང་བ་ཡིན་ལ་གཅིག་འཇིག་བསྐལ་དུ་བྱུང་བ་ཡིན། རྒྱུ་མཚན་འདི་ཡིས་སྒ་སྟོན་རིན་པོ་ཆེ་ནས་༼རླུང་གིས་ཞིག་རྗེས་སུ་ཆགས་པའི་ཚངས་ཆེན་ལ་བར་བསྐལ་བརྒྱད་ཀྱི་བར་ཆད་འབྱུང་ལ།༽ཞེས་གསུངས་མོད།  རླུང་གིས་ཞིག་རྗེས་སུ་ཆགས་པའི་ཚངས་ཆེན་ཡིན་ན་བར་བསྐལ་བརྒྱད་ཀྱི་བར་ཆད་འབྱུང་ངེས་པས་ཁྱབ་ལ།  འོན་ཀྱང་བར་བསྐལ་བརྒྱད་ཀྱི་བར་ཆད་འབྱུང་བའི་ཚངས་ཆེན་ཡིན་ན་རླུང་གིས་འཇིག་རྗེས་སུ་ཆགས་པ་ཡིན་པས་མི་ཁྱབ་ཏེ།  རླུང་གིས་འཇིག་ཁ་མའི་ཚངས་ཆེན་དེ་ལའང་བར་བསྐལ་བརྒྱད་ཀྱི་བར་ཆད་འབྱུང་ངེས་པས་འདིའི་དོན་འོག་ནས་འབྱུང་ངོ།། བར་བསྐལ་ལྔ་ཡི་བར་ཆད་ནི་སྒ་སྟོན་རིན་པོ་ཆེའི་ཞལ་ནས། ༼ཡང་སྔར་ཆུས་ཞིག་རྗེས་སུ་ཆགས་ན་དགེ་བའི་ལྷ་རིགས་ཆགས་མི་དགོས་པས།  ཚད་མེད་འོད་ནས་རྩ་གསུམ་བར་དུ་བར་བསྐལ་བཅུ་གཅིག  རྒྱལ་ཆེན་བང་རིམ་བཞིའི་བར་དུ་བར་བསྐལ་རེ་སྟེ་བཅོ་ལྔ།  གླིང་བཞི་ལ་བར་བསྐལ་རེ་སྟེ་བཅུ་དགུར་ཆགས་པའོ།  རི་བདུན་ནི་རྒྱལ་ཆེན་དང་དུས་མཉམ་མོ།།༽ཞེས་གསུངས་པས་ཆུས་འཇིག་རྗེས་སུ་ཆགས་ན་ཚངས་ཆེན་གྱི་སྔོན་དུ་བསམ་གཏན་གཉིས་པའི་ལྷ་རིགས་གསུམ་ཆགས་པ་ལ་བར་བསྐལ་གསུམ་དགོས་པས་སྣོད་ཆགས་པ་དང་འཇིག་པའི་བར་བསྐལ་གཉིས་བསྣན་པས་བར་བསྐལ་ལྔའི་བར་ཆད་བྱུང་བ་ཡིན།  ཆུས་འཇིག་རྗེས་སུ་ཆགས་པའི་འཇིག་རྟེན་དེ་སླར་ཡང་འཇིག་དུས་མེས་ཁོ་ན་ཡིན་པས་བཅུད་ཀྱི་འཇིག་འཕྱི་བ་ཚངས་ཆེན་ཡིན།  དེས་བས་བར་བསྐལ་ལྔ་ལས་བཞི་ནི་ཆགས་བསྐལ་དུ་བྱུང་བ་ཡིན་ལ་གཅིག་ནི་འཇིག་བསྐལ་དུ་བྱུང་བ་ཡིན།  དེ་ལ་དགོངས་ནས་སྒ་སྟོན་རིན་པོ་ཆེས་༼ཆུས་ཞིག་རྗེས་སུ་ཆགས་པ་ལ་བར་བསྐལ་ལྔའི་དང་།༽ཞེས་གསུངས་མོད།  འོན་ཀྱང་གོང་ཞུས་ལྟར་ཆུས་ཞིག་རྗེས་སུ་ཆགས་པའི་ཚངས་ཆེན་ཡིན་ན་བར་བསྐལ་ལྔའི་བར་ཆད་འབྱུང་ངེས་ཀྱང་བར་བསྐལ་ལྔའི་བར་ཆད་འབྱུང་བའི་ཚངས་ཆེན་ཡིན་ན་ཆུས་ཞིག་རྗེས་སུ་ཆགས་པ་ཡིན་པས་མི་ཁྱབ་ཏེ།  ཆུས་འཇིག་ཁ་མའི་ཚངས་ཆེན་དེ་ལའང་བར་བསྐལ་ལྔའི་བར་ཆད་འབྱུང་བས་སོ།། ཡང་སྒ་སྟོན་མཛོད་འགྲེལ་དུ་༼ མེས་ཞིག་རྗེས་ཆགས་ན་བར་བསྐལ་གཉིས་ཀྱིས་བར་ཆད་འབྱུང་བའོ། ༽ཞེས་གསུང་བ་ཡང་གོང་ནས་ཞུས་པའི་ཕྱིའི་སྣོད་ཆགས་པ་དང་འཇིག་པའི་བར་བསྐལ་གཉིས་པོ་ལ་དགོངས་པ་ཡིན་ལ།  སྒ་སྟོན་རིན་པོ་ཆེ་ནས།༼སྔར་མེས་འཇིག་རྗེས་ན་ཚངས་རིས་ནས་ཆགས་པས་རྒྱལ་ཆེན་བར་དུ་བར་བསྐལ་དགུ  རྒྱལ་ཆེན་དང་གཉའ་ཤིང་འཛིན་དུས་མཉམ་སུ་ཆགས་ལ།  རི་འོག་མ་དྲུག་ལ་བར་བསྐལ་རེ་སྟེ་བཅོ་ལྔ། གླིང་བཞི་ལ་བཞི་དང་བཅུ་དགུར་ཆགས་པའོ།༽ཞེས་གསུངས་པའི་ཤུགས་ལས་དེ་ནི་མེས་ཞིག་རྗེས་སུ་ཆགས་པའི་ཚངས་ཆེན་དེའི་འཇིག་བྱེད་སླར་ཡང་མེ་ཡིན་པར་དགོངས་ནས་གསུངས་བ་ཡིན། ཡིན་ནའང་སྔར་མེས་ཞིག་རྗེས་སུ་ཆགས་པ་ཡིན་ན་དེའི་འཇིག་བྱེད་སླར་ཡང་མེ་ཁོ་ན་ཡིན་པས་མི་ཁྱབ་པས།  ཆུ་དང་རླུང་གི་འཇིག་བྱེད་ཀྱང་ཡོད་པ་ནི།  མདོ་འདུས་ལས། ༼བསྐལ་ཆེན་རེ་ལ་འཇིག་པ་རེ།།  མེ་ཡིས་བདུན་ནོ་ཆུ་ཡིས་གཅིག།  བསྐལ་བ་བཅུ་དགུར་བཅུད་འཇིག་གོ།  བསྐལ་ཕྲན་གཅིག་ཏུ་སྣོད་འཇིག་གོ།༽  ཞེས་མེ་ཡིས་འཇིག་པ་བདུན་སོང་ན་ཆུ་ཡི་འཇིག་པ་གཅིག་དང་།  དེ་ལྟར་ལན་བདུན་སོང་རྗེས་ཡང་མེས་འཇིག་པ་བདུན་གྱི་མཐར་གཟོད་རླུང་གི་འཇིག་པ་གཅིག་བྱུང་བས།   ཤར་རྫ་རིན་པོ་ཆེ་ཞལ་ནས། ༼འདི་ལྟར་བསམ་གཏན་དང་པོར་མེས་འཇིག་པའི་བསྐལ་ཆེན་བདུན་སོང་བའི་རྗེས་ལ་ཆུས་འཇིག་པའི་བསྐལ་ཆེན་གཅིག་སྟེ།  ཚད་མེད་འོད་ཀྱི་ཚེ་ཚད་བསྐལ་ཆེན་བརྒྱད་མ་ཡིན་པར་མི་རྫོགས་པའི་ཕྱིར།  རླུང་བསྐལ་ཀྱང་དེ་བཞིན་དུ་མེ་བདུན་རེའི་བར་དུ་ཆུ་རེ་རེ་སྟེ།  དེ་ལྟར་ཆུ་བདུན་ཐལ་བའི་རྗེས་ལ་ཡང་མེ་བདུན་ཏེ།  བསྐལ་ཆེན་དྲུག་ཅུ་རྩ་གསུམ་གྱི་ཐ་མ་ལ་རླུང་གིས་འཇིག་པའི་བསྐལ་བ་གཅིག་ཁོ་ན་ཏེ།  བསྐལ་ཆེན་དྲུག་ཅུ་རྩ་བཞི་མ་ཡིན་པར་ཚད་མེད་དགེའི་ཚེ་ཚད་མི་རྫོགས་པའི་ཕྱིར་རོ།༽ ཞེས་གསུངས། དེས་ན་འཇིག་བསྐལ་གྱི་དུས་སུ་ནང་བཅུད་གང་དང་གང་ཙམ་འཇིག་པ་དང་།  དེ་དག་འཇིག་པའི་ཡུན་ཚད་ནི་སྔར་ཆགས་བསྐལ་གྱི་དུས་སུ་རང་གི་གནས་ཆགས་པའི་ཡུན་ཚད་དང་གཅིག་པས། སྒ་སྟོན་རིན་པོ་ཆེ་ཞལ་ནས།  ༼ཡང་བར་བསྐལ་བཅུ་དགུར་བཅུད་འཇིག་པ་ལ་གང་ལ་གང་ཙམ་འཇིག་པ་ནི་ཆགས་པའི་ཤུགས་ལས་ཤེས་པར་བྱའོ།༽ཞེས་གསུང་པས་དེས་ན་ཆུ་དང་རླུང་གིས་འཇིག་དུས་བཅུད་ཀྱི་མཐའ་མ་ཚངས་ཆེན་མ་ཡིན་པར།  ཆུས་འཇིག་དུས་བསམ་གཏན་གཉིས་པའི་ཚད་མེད་འོད་དང་རླུང་གིས་འཇིག་དུས་བསམ་གཏན་གསུམ་པའི་ཚད་མེད་དགེ་གཉིས་བཅུད་ཀྱི་མཐའ་མར་འཇིག་དགོས།  ཚངས་ཆེན་དེའི་སྔོན་དུ་འཇིག་དགོས་པས།  ཆུས་འཇིག་དུས་འོད་གསལ་གྱི་ལྷ་རིགས་གསུམ་འཇིག་པ་ལ་བར་བསྐལ་གསུམ་དང་།  སྣོད་འཇིག་པའི་བར་བསྐལ་གཅིག་བཅས་འཇིག་བསྐལ་དུ་བར་ཆད་བར་བསྐལ་བཞི་དང་སྔར་སྣོད་ཆགས་པའི་བར་བསྐལ་གཅིག་བཅས་བར་བསྐལ་ལྔའི་བར་ཆད་བྱུང་བ་ཡིན།   རླུང་གིས་འཇིག་དུས་བསམ་གཏན་གཉིས་པ་དང་གསུམ་པའི་ལྷ་རིགས་དྲུག་པོ་ལ་བར་བསྐལ་དྲུག་དང་སྣོད་འཇིག་པའི་བར་བསྐལ་དང་བདུན།  སྔར་སྣོད་ཆགས་པའི་བར་བསྐལ་དང་བརྒྱད་ཀྱི་བར་ཆད་བྱུང་བ་ཡིན།  དེ་ལས་འཇིག་བསྐལ་དུ་བདུན་བྱུང་ལ་ཆགས་བསྐལ་དུ་གཅིག་བྱུང་བ་ཡིན་པས་གོང་དང་མི་འདྲ། རྒྱུ་མཚན་དེ་དག་ལ་བརྟེན་ནས་གོང་གི་མཛོད་འགྲེལ་གྱི་ལུང་༼རླུང་གིས་ཞིག་རྗེས་སུ་ཆགས་པའི་ཚངས་ཆེན་ལ་བར་བསྐལ་བརྒྱད་ཀྱི་བར་ཆད་འབྱུང་ལ།  ཆུས་ཞིག་རྗེས་སུ་ཆགས་པ་ལ་བར་བསྐལ་ལྔའི་དང་།  མེས་ཞིག་རྗེས་ཆགས་ན་བར་བསྐལ་གཉིས་ཀྱིས་བར་ཆད་འབྱུང་བའོ།༽ཞེས་པ་ནི་ཤོས་ཆེ་ལ་དགོངས་པ་ཡིན་པས་ཞིབ་ཆ་འདི་ལྟར་ཕྱེས་དགོས་ཏེ།  དེ་ཡང་རླུང་གིས་ཞིས་རྗེས་སུ་ཆགས་པའི་ཚངས་ཆེན་དང་རླུང་གིས་འཇིག་ཁ་མའི་ཚངས་ཆེན་གཉིས་ལ་བར་བསྐལ་བརྒྱད་ཀྱི་བར་ཆད་འབྱུང་བས།  དེ་ལས་སྔ་མ་ལ་ཆགས་འཕྱི་བས་ཆགས་བསྐལ་དུ་བར་བསྐལ་བདུན་དང་འཇིག་པའང་འཕྱི་བས་འཇིག་བསྐལ་དུ་བར་བསྐལ་གཅིག་བཅས་བརྒྱད་ཡིན་ལ།  ཕྱི་མ་ལ་ཆགས་སྔ་བས་ཆགས་བསྐལ་དུ་བར་ཆད་གཅིག་དང་འཇིག་ཀྱང་སྔ་བས་འཇིག་བསྐལ་དུ་བར་བསྐལ་བདུན་བཅས་བར་ཆད་བར་བསྐལ་བརྒྱད་འབྱུང་བ་ཡིན། བསྐལ་ཆེན་དྲུག་ཅུ་རྩ་བཞི་ལས་བསྐལ་ཆེན་དང་པོ་དང་ཆེས་མཐའ་མ་དྲུག་ཅུ་རྩ་བཞི་བ་གཉིས་ཡིན།  ཆུས་ཞིག་རྗེས་སུ་ཆགས་པའི་ཚངས་ཆེན་དང་ཆུས་འཇིག་ཁ་མའི་ཚངས་ཆེན་གཉིས་ལ་བར་བསྐལ་ལྔའི་བར་ཆད་འབྱུང་བས།  དེ་ལས་སྔ་མ་ལ་ཆགས་ཅུང་འཕྱི་བས་ཆགས་བསྐལ་དུ་བར་བསྐལ་བཞི་དང་འཇིག་ཀྱང་འཕྱི་བས་འཇིག་བསྐལ་དུ་བར་བསྐལ་གཅིག་བཅས་བར་བསྐལ་ལྔ་ཡིན་ལ།  ཕྱི་མ་ལ་ཆགས་སྔ་བས་ཆགས་བསྐལ་དུ་བར་ཆད་གཅིག་དང་འཇིག་ཅུང་སྔ་བས་འཇིག་བསྐལ་དུ་བར་བསྐལ་བཞི་བཅས་བར་བསྐལ་ལྔའི་བར་ཆད་འབྱུང་བ་ཡིན། བསྐལ་ཆེན་དྲུག་ཅུ་རྩ་བཞི་ལས།  བསྐལ་ཆེན་བརྒྱད་པ་དང་བཅུ་དྲུག་པ།   ཉེར་བཞི་བ།  སོ་གཉིས་པ།  བཞི་བཅུ་བ་།  ཞེ་བརྒྱད་པ།   ང་དྲུག་པ་བཅས་བདུན་ནི་ཆུས་འཇིག་ཁ་མ་ཡིན་ལ།    དགུ་བ་དང་བཅུ་བདུན་པ། ཉེར་ལྔ་བ།  སོ་གསུམ་པ།  ཞེ་གཅིག་པ།  ཞེ་དགུ་བ།  ང་བདུན་པ་དང་བཅས་བདུན་ནི་ཆུས་ཞིག་རྗེས་སུ་ཆགས་པ་ཡིན་ནོ།    མེས་ཞིག་རྗེས་སུ་ཆགས་ཤིང་སླར་ཡང་མེས་འཇིག་དགོས་པའི་ཚངས་ཆེན་དེ་ཆགས་སྔ་ལ་འཇིག་འཕྱི་བས་ཕྱིའི་སྣོད་ཆགས་འཇིག་གི་བར་བསྐལ་གཉིས་ཀྱི་བར་ཆད་མ་གཏོགས་མེད་དོ།  བསྐལ་ཆེན་དྲུག་ཅུ་རྩ་བཞི་ལས་གོང་གི་བསྐལ་བ་དེ་དག་ཕུད་པའི་ལྷག་མ་མཐའ་དག་ཡིན་ནོ། ཡང་སྒ་སྟོན་རིན་པོ་ཆེ་ཞལ་ནས། ༼དེ་ཡང་བསམ་གཏན་གསུམ་པ་མན་ཆད་དུ་ནི་མེ་ཆུ་རླུང་གིས་འཇིག་བྱེད་དེ་འབྱུང་སྟེ།  ནང་གི་ཏིང་ངེ་འཛིན་གྱི་སྐྱོན་དང་ཕྱིའི་འཇིག་བྱེད་བོན་མཐུན་པའི་ཕྱིར་ཏེ། བསམ་གཏན་དང་པོ་ན་རྟོག་དཔྱོད་མེ་ལྟ་བུ་དང་།  གཉིས་པ་ན་བདེ་བའི་ཡན་ལག་གཉེན་པ་ཆུ་ལྟ་བུ་དང་།  གསུམ་པ་ལ་དྲན་པ་ཤེས་བཞིན་གྱི་གཡོ་བ་རླུང་ལྟ་བུ་ཡོད་པའི་ཕྱིར། ༽ཞེས་གསུངས་པས།  དེ་ན་གོང་མ་གོང་མ་ལ་འོག་མ་འོག་མའི་སྐྱོན་དེ་མེད་ཀྱང་འོག་མ་འོག་མ་ལ་གོང་མ་གོང་མའི་སྐྱོན་དེ་ཡོད་ངེས་པས།  བསམ་གཏན་དང་པོ་ལ་མེ་ཆུ་རླུང་གསུམ་གྱི་འཇིག་བྱེད་ཡོད་པས་ཤུགས་ལས་དེའི་རྒྱུད་ན་རྟོག་དཔྱོད་མེ་ལྟ་བུ་དང་།  བདེ་བའི་ཡན་ལག་གཉེན་པ་ཆུ་ལྟ་བུ་དང་།  དྲན་པ་ཤེས་བཞིན་གྱི་གཡོ་བ་རླུང་ལྟ་བུའི་སྐྱོན་གསུམ་ག་ཡོད་པ་ཤེས་ནུས་སོ།  དེ་བཞིན་དུ་བསམ་གཏན་གཉིས་པ་ལ་འོག་མའི་རྟོག་དཔྱོད་མེ་ལྟ་བུའི་སྐྱོན་མེད་ཀྱང་། བདེ་བའི་ཡན་ལག་གཉེན་པ་ཆུ་ལྟ་བུ་དང་།  དྲན་པ་ཤེས་བཞིན་གྱི་གཡོ་བ་རླུང་ལྟ་བུའི་སྐྱོན་གཉིས་ཡོད་པ་ནི་འཇིག་བྱེད་ཆུ་དང་རླུང་གཉིས་ཡོད་པའི་ཤུགས་ལས་ཤེས་ནུས་སོ།  བསམ་གཏན་གསུམ་པ་ལ་དྲན་པ་ཤེས་བཞིན་གྱི་གཡོ་བ་རླུང་ལྟ་བུའི་སྐྱོན་ཁོ་ན་ལས་སྐྱོན་འོག་མ་གཉིས་མེད་པ་ནི་འཇིག་བྱེད་རླུང་ཁོ་ན་ཡིན་པས་ཤུགས་ལས་ཤེས་སོ། །ཞེས་སྒ་རིགས་ཀྱི་སྤྲུལ་མིང་བ་མཁར་ནག་སྐལ་བཟང་རྒྱ་མཚོས་རང་ལ་གསལ་འདེབས་ཕྱིར་ཡི་གེར་ཕབ་པའོ། །

༢༠༡༡ལོའི་མུ་ཁྲི་བཙན་པོའི་སྟེང་དུ་བཀོད།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག