《རྒྱལ་བའི་བཀའ་ཁོ་ན་ལས་བཏོན་པའི་བོན་གྱི་རྣམ་གྲངས》ཞེས་པ་པར་སྐྲུན་འགྲེམ་སྤེལ་བྱས།
[ཟླ་ཚེས། 2026-09-04 13:53:06][རྩོམ་པ་པོ། སྒོ་རིགས་དགེ་བཤེས་ཤེས་རབ་གྲགས་པ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

འགོ་བརྗོད།
དགེ་བཤེས་སྒོ་ཤེས་རབ་གྲགས་པས་རྒྱལ་བའི་བཀའ་ཁོ་ན་ལས་བཏོན་པའི་བོན་གྱི་རྣམ་གྲངས་ཞེས་པ་ཞིག་རྩོམ་སྒྲིག་གནང་ཡོད་པ་དེ་ལ་འགོ་བརྗོད་ཅིག་འབྲི་རོགས་གསུངས། ཕྲན་ཆུང་ང་འདྲ་བ་ལྷན་སྐྱེས་ཀྱི་རིག་པ་རྟུལ་ཞིང་ཕྱིས་སྦྱོང་གི་ཡོན་ཏན་ཞན་པ་ཞིག་གིས་དགེ་བཤེས་ཆེན་མོ་ཁོང་འདྲ་བ་ཞིག་ལ་འགོ་བརྗོད་ག་འདྲ་ཞིག་འབྲི་བསམ་ནས་སེམས་ཁྲེལ་བྱུང་མོད། ཁོང་གི་ངོ་ལྡོག་མ་ཐུབ་ནས་ཡང་བསྐྱར་ནན་གྱིས་བསམ་བློ་ཞིག་བཏང་ན། ངས་དེང་སང་གི་རིག་གཞུང་ཞིབ་འཇུག་གི་ཆ་ནས་རང་གི་བསམ་ཚུལ་ཙམ་ཞུས་ན་ཡང་མི་ཆོག་རྒྱུ་མེད་པ་འདྲ་ཞེས་སྙམ་ནས་འགོ་བརྗོད་དེ་འབྲི་རྒྱུ་ཁས་བླངས་པ་ཡིན། ལོ་རྒྱུས་ཀྱི་དབང་གིས། བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་མ་ལག་ཆེན་པོ་གཉིས་ཏེ། བོན་ཆོས་གཉིས་ཀའི་ཡིག་ཆ་ལ་བསམ་བློ་ཞིག་བཏང་ན། དམ་པའི་ཆོས་ཀྱི་བཀའ་འགྱུར་དང་བསྟན་འགྱུར་ལ་བྲིས་མ་དང་ཤིང་པར་དང་། དེ་དག་གི་དཀར་ཆག་སོགས་རབ་དང་རིམ་པ་གང་མང་བྱུང་ཡོད་མོད། གཡུང་དྲུང་བོན་གྱི་བཀའ་དང་བཀའ་བརྟེན་ལ་དཀར་ཆག་དང་བྲིས་མ་དང་ཤིང་པར་སོགས་མང་པོ་བྱུང་ཐུབ་མེད། གནས་ཚུལ་དེ་ལོ་རྒྱུས་ཀྱི་རྒྱུ་དང་རྐྱེན་གོད་མང་པོས་གྲུབ་པ་བཤད་མ་དགོས་མོད། རྗེས་འཇུག་པ་རྣམས་ཀྱི་བསྟན་པའི་ཞབས་ཞུ་ལའང་རག་ལས་པ་ཐག་ཆོད་རེད། གཡུང་དྲུང་བོན་ནི་མདོ་དབུས་མཐོ་སྒང་རང་ས་ནས་འཁྲུངས་པའི་བོད་མི་རིགས་ཀྱི་ཤེས་རིགས་ཀྱི་སྲོལ་རྒྱུན་ཞིག་དང་ཤེས་བྱའི་མ་ལག་ཅིག་ཀྱང་ཡིན་པ་དང་། དེ་བོད་ཁ་བ་ཅན་གྱི་ཕ་ཆོས་ཏེ་བོད་མིའི་ཕ་མེས་དང་ཡང་མེས་རྣམས་རང་གི་ཐུགས་ནས་འཁྲུངས་ཤིང་རྩལ་ལས་ཐོན་པའི་ཤེས་རིག་ཅིག་ཡིན་པས། ཤེས་རིག་གི་སྲོལ་རྒྱུན་དེའི་ཞབས་ཞུ་ནི་བོན་པོ་གཅིག་པུ་མ་ཡིན་པར་བོད་མི་རིགས་ཡོངས་ཀྱི་འོས་འགན་ཞིག་ཡིན་པའང་བསྙོན་དུ་མེད་དོ། །གཡུང་དྲུང་བོན་གྱི་བཀའ་འགྱུར་ནི་བོད་མིའི་སྲོལ་རྒྱུན་ཤེས་རིག་དེའི་ཉིང་བཅུད་ཡིན་ལ། དེའི་ནང་གི་བོན་གྱི་རྣམ་གྲངས་རྣམས་ནི་བཀའ་འགྱུར་གྱི་སྒོ་བརྒྱ་འབྱེད་པའི་ལྡེ་མིག་ལྟ་བུར་གྱུར་ཡོད་པས། དེ་ལ་ངེས་ཤེས་གང་ལེགས་ཤིག་འདྲོངས་མ་ཐུབ་ན་དེའི་ནང་དོན་གྱི་རྩ་གནད་ཀྱི་མདུད་པ་རྣམས་འགྲོལ་རྒྱུ་ཤིན་ཏུ་དཀའ་བའང་ཀུན་གྱིས་མཁྱེན་གསལ་ལྟར་རོ། །དགེ་བཤེས་སྒོ་རིགས་ཤེས་རབ་གྲགས་པས་དཀའ་ཚེགས་ལ་མ་འཛེམ་པར་བཀའ་འགྱུར་ནང་གི་བོན་གྱི་རྣམ་གྲངས་ཐམས་ཅད་བསྡུས་ཤིང་བཀྲལ་བ་འདིའང་བསྟན་པའི་ཞབས་ཞུ་གལ་འགངས་ཤིན་ཏུ་ཆེན་པོ་ཞིག་ཡིན་པ་གདོན་མི་ཟ། དེང་རབས་འཛམ་གླིང་གི་མི་རིགས་ཀུན་གྱི་ནང་ནས། རིག་གནས་དར་ཆེ་བའི་གྲས་ཀྱི་མི་རིགས་ཀྱི་སྐད་ཡིག་དང་རིག་གནས་ལ་བལྟས་ན། ཁྱད་ཆོས་འབུར་དུ་ཐོན་པ་ཞིག་ཡོད་པ་ནི། དེའི་ཡོ་བྱད་ཀྱི་དཔེ་ཆའི་སྣ་ཤིན་ཏུ་འཛོམས་པར་མ་ཟད་དེ་ཐམས་ཅད་ཤིན་ཏུ་སྤུས་དག་པོར་བསྒྲིགས་ཡོད་པ་དེའོ། །ཡོ་བྱད་ཀྱི་དཔེ་ཆ་རྣམས་ལ་སྤྱི་ཚོགས་ཀྱི་དགོས་མཁོ་དང་བསྟུན་ནས་ཤེས་བྱའི་རང་བཞིན་དང་། ཡང་དག་གི་རང་བཞིན། འཚོལ་བདེའི་རང་བཞིན་བཅས་པའི་ཆ་རྐྱེན་འཛོམས་དགོས་ལ། དེ་ལྟར་འཛོམས་པའི་ཡོ་བྱད་ཀྱི་དཔེ་ཆ་ཅི་ལྟར་འཛོམས་ན་མི་རིགས་དེའི་རིག་གནས་དེ་ལྟར་རྒྱ་ཆེན་པོར་དར་ཡོད་པའི་དན་རྟགས་ཤིག་རེད། བོད་མི་རིགས་ལ་མཚོན་ན། ལོ་རྒྱུས་སྟེང་དུ་བྱུང་བའི་བོན་ཆོས་གཉིས་ཀའི་བཀའ་འགྱུར་གྱི་དཀར་ཆག་སྣ་ཚོགས་དང་། ཆོས་ལུགས་ཀྱི་སྒྲ་བྱེ་བྲག་རྟོགས་བྱེད་ཆེན་མོ་དང་། བོན་ལུགས་ཀྱི་ཞང་བོད་སྒྲའི་སྡེབ་སྦྱོར་སྣ་ཚོགས་དང་། དེང་རབས་ཀྱི་བོད་རྒྱ་ཚིག་མཛོད་ཆེན་མོ། དུང་དཀར་ལོ་རྒྱུས་ཚིག་མཛོད་ཆེན་མོ་ལ་སོགས་པའི་མི་རིགས་ཀྱི་རིག་གནས་ཡར་རྒྱས་གོང་འཕེལ་དུ་གཏོང་བའི་ཕྱོགས་སུ་ནུས་པ་ཆེན་པོ་ཐོན་དང་འདོན་བཞིན་ཡོད་པའི་ཡོ་བྱད་དཔེ་ཆ་གང་མང་བསྒྲིགས་ཡོད་པར་མ་ཟད། དེང་སྐབས་ད་རུང་མུ་མཐུད་དུ་ཇེ་མང་དུ་འགྲོ་བཞིན་པ་ནི་ཤིན་ཏུ་དགའ་འོས་པ་ཞིག་རེད་མོད། བོད་མི་རིགས་ཀྱི་ཡོ་བྱད་ཀྱི་དཔེ་ཆའི་སྐོར་ནས་རིག་གནས་དར་ཆེ་བའི་མི་རིགས་གཞན་པ་དང་བསྡུར་ན་ད་རུང་སྟོང་ཆ་ཤིན་ཏུ་མང་པོ་ཡོད་པའང་གདོན་མི་ཟའོ། །དཔེར་ན། ཚིག་མཛོད་ལ་མཚོན་ན། ཆེད་ལས་ཀྱི་དབྱེ་མཚམས་ཕྱེ་ནས། ལོ་རྒྱུས་ཀྱི་ཚིག་མཛོད་དང་། ས་རྒྱུས་ཀྱི་ཚིག་མཛོད། སྐྱེ་དངོས་ཀྱི་ཚིག་མཛོད། གསོ་རིག་གི་ཚིག་མཛོད། དངོས་ལུགས་ཀྱི་ཚིག་མཛོད། རྫས་འགྱུར་གྱི་ཚིག་མཛོད་བཅས་ཞིབ་ཆ་བཏོད་རྒྱུ་མང་མོད། བོད་མི་རིགས་ཀྱི་སྲོལ་རྒྱུན་གྱི་རིག་གནས་བཅུའི་ནང་དུ་གོང་སྨྲས་ཀྱི་རྣམ་གཞག་མང་པོ་ཞིག་མེད་པས་དེའི་སྐོར་གྱི་ཚིག་མཛོད་ལྟ་ཅི། རྣམ་གཞག་དེ་དག་གི་ཤེས་བྱའི་སྐོར་གྱི་བསྟན་བཅོས་ཀྱང་ཤིན་ཏུ་དཀོན་པའི་གནས་སུ་གྱུར་ཡོད་པ་ཀུན་གྱིས་མཁྱེན་གསལ་ལྟར་རེད། ཡོ་བྱད་ཀྱི་དཔེ་ཆ་འཕེལ་རྒྱས་བྱུང་བའི་ལོ་རྒྱུས་ལ་གཞིགས་ན། དང་པོ་ཐ་སྙད་དང་རིག་གནས་ཀྱི་རྣམ་གཞག་གི་རྣམ་གྲངས་ཙམ་དང་། དེ་ནས་དེ་དག་གི་འགྲེལ་བཤད། དེ་ནས་འགྲེལ་བཤད་ཀྱི་ཁུངས་ལུང་། དེ་ནས་འགྲེལ་བཤད་མི་མཐུན་པའི་ལྟ་སྟངས་དང་ཡིག་ཆ་ཕྱོགས་བསྒྲིགས་བཅས་རིམ་པ་བཞིན་དུ་ཇེ་རྒྱས་དང་ཇེ་ཞིབ་ཏུ་འགྲོ་བཞིན་ཡོད། དེང་སང་སྤྱི་ཚོགས་དང་ཚན་རིག་འཕེལ་རྒྱས་བྱུང་བ་དང་བསྟུན་ནས། ཡོ་བྱད་ཀྱི་དཔེ་ཆ་མང་པོ་ཞིག་དྲ་རྒྱའི་སྟེང་དུ་འཇོག་རྒྱུའི་ལུགས་སྲོལ་སྔར་ནུབ་ཕྱོགས་ནས་འགོ་ཚུགས་པ་དང་། དེང་སང་ཀྲུང་གོའི་ནང་ལོགས་སུའང་དར་ཆེ། དེའི་རྨང་གཞིའི་སྟེང་ནས་ཡོངས་འཛིན་འཚོལ་བཤེར་ལ་སོགས་པའི་བོད་ཡིག་གི་གྲངས་མཛོད་དང་དེའི་འཚོལ་བཤེར་གྱི་མཉེས་ཆས་ཀྱང་དྲ་ཐོག་ཏུ་བཞག་ཡོད་པས་རིག་གནས་ཀྱི་རྣམ་གཞག་མང་ཡང་འཚོལ་བཤེར་གྱི་སྟབས་ཤིན་ཏུ་བདེ་བའི་གནས་སུ་གྱུར་ཡོད། འགྲོ་ཕྱོགས་དེ་ཡང་དེང་སང་ཡོ་བྱད་ཀྱི་དཔེ་ཆའི་འཕེལ་རྒྱས་ཀྱི་སྤྱི་འགྲོས་ཤིག་ཏུའང་ཆགས་ཡོད་པ་འདྲ་སྟེ། དཔེར་ན། དབྱིན་ཇིའི་རྒྱལ་ཁབ་ཀྱི་པུ་རོས་ཐན་ཤེས་བྱ་ཀུན་ཁྱབ(EncyclopaediaBritanica)ལྟ་བུར་མཚོན་ན། ༡༧༦༨ལོ་པར་གཞི་དང་པོ་པར་དུ་བསྐྲུན་པ་ནས་བཟུང་དེའི་ནང་དོན་ལ་མུ་མཐུད་དུ་བཟོ་བཅོས་དང་ཁ་སྐོང་བྱས་ནས་ད་རག་བར་དུ་པར་གཞི༡༥པར་དུ་བསྐྲུན་ཡོད། པར་གཞི་དང་པོར་དེབ་གྲངས་གསུམ་མ་གཏོགས་མེད་པ་དེ་པར་གཞི་བཅོ་ལྔ་བར་དེབ་གྲངས་སུམ་ཅུ་སོ་གཉིས་སུ་འཕེལ་བ་དང་། དེའི་ནང་དོན་ལའང་སྣ་འཛོམས་ཤིང་དོན་གཙུགས་པའི་ཁྱད་ཆོས་ལྡན་པས་འཛམ་གླིང་སྟེང་གི་དབྱིན་ཇིའི་སྐད་ཁྱིམ་ནང་ནས་སྙན་གྲགས་ཆེན་པོ་རྒྱས་ཏེ་མི་ཚང་ཞིག་གིས་པུ་རོས་ཐན་ཤེས་བྱ་ཀུན་ཁྱབ་ཚར་ཞིག་བླུས་ཤིང་ཉར་ཡོད་ན་དེ་གཟི་བརྗིད་ཆེན་པོ་ཞིག་ལ་མཐོང་། དེའི་སྟེང་ནས་ཡོ་བྱད་ཀྱི་དཔེ་ཆ་གང་ལེགས་ཤིག་འཁྱོངས་ན་དེར་ཕན་ནུས་དང་རིན་ཐང་ཆེན་པོ་ཡོད་པ་གསལ་བོར་བསྟན་ཡོད། དེ་བས། བཀའ་འགྱུར་ནང་གི་བོན་གྱི་རྣམ་གྲངས་འདི་ཡང་མ་འོངས་པར་དྲ་རྒྱའི་ཐོག་གི་འཚོལ་བཤེར་གྱི་མ་ལག་དང་ཡིག་ཆའི་གྲངས་མཛོད་ཁ་ཤས་ནང་དུ་འཇོག་ཐུབ་ན་དཔེ་དེབ་ཀྱི་ནུས་པར་མ་གཏོགས་པའི་ཕན་ཐོགས་ཇེ་ཆེར་འགྲོ་ངེས་སྙམ། ཡིན་ན་ཡང་། དྲ་རྒྱའི་སྟེང་གི་གྲངས་མཛོད་དེ་དག་ལ་སྟབས་བདེ་བའི་ཁྱད་ཆོས་ལྡན་རུང་དེས་ནམ་ཡང་དཔེ་དེབ་ཀྱི་ཚབ་བྱེད་མི་ཐུབ་པར་སྙམ་སྟེ། དེབ་གཟུགས་ཀྱི་ཡོ་བྱད་དཔེ་ཆ་མང་པོ་དཔེ་མཛོད་ཁང་དུ་བཤམས་ཡོད་པ་དེ་ལ་དངོས་ཡོད་དང་། བརྟན་བརླིང་དང་། ཡིད་རྟོན་ཐུབ་པ། གཟི་བརྗིད་དང་རྒྱུད་འཛིན་གྱི་རང་བཞིན་ལྡན་པའི་ཁྱད་ཆོས་དེ་དག་དྲ་ཐོག་གི་བརྙན་གཟུགས་ལ་གཏན་ནས་འཛོམས་མི་ཐུབ་པས་སོ། །ད་ཆ་དགེ་བཤེས་སྒོ་རིགས་ཤེས་རབ་གྲགས་པས་རྩོམ་སྒྲིག་གནང་བའི་བཀའ་ཁོ་ན་ལས་བཏོན་པའི་བོན་གྱི་རྣམ་གྲངས་འདི་པར་དུ་བསྐྲུན་པ་ལ་སྙིང་ཐག་པ་ནས་བཀྲ་ཤིས་བདེ་ལེགས་ཞུས་པ་དང་། མ་འོངས་པར་ཡང་བོད་མི་རིགས་ཀྱི་རིག་གནས་གསར་རྙིང་གང་རུང་གི་ཡོ་བྱད་དཔེ་དེབ་གང་བཟང་དང་གང་ལེགས་འགྲེམ་སྤེལ་བྱ་ཐུབ་པའི་སྨོན་འདུན་ཞུ་ཞུ།
ཞེས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་མིང་འཛིན་པ་སྟོང་སྐོར་ཚེ་རིང་ཐར་གྱིས་སྤྱི་ལོ༢༠༢༣ལོའི་ཟླ༩པའི་ཚེས་པ༡༥ལ་རང་ཤག་ནས་གུས་ཕུལ།

མཇུག་བྱང་།
ཚིག་དོན་ལོན་མིན་གཞུང་དོན་མ་འཁྲོལ་བ། །རྣམ་གྲངས་འདྲེན་པའི་གོ་བ་ནོར་བ་སོགས། །ཉེས་འགལ་ཅི་མཆིས་དཀོན་མཆོག་རྣམ་གསུམ་ལ། །བཟོད་གསོལ་ལུས་ངག་ཡིད་གསུམ་སྒོ་ནས་བཤགས། །རྒྱལ་བསྟན་བཀའ་ཡི་ཚིག་དོན་རེ་རེ་བཞིན། །ཞིབ་དཔྱོད་ཚིག་གི་གྲངས་འདྲེན་ཕྱོགས་བསྡུས་པའི། །རྣམ་གྲངས་རིག་མཛོད་མཐོང་བ་ཀུན་སྨོན་འདིའི། །ལེགས་ཆ་ཅི་མཆིས་འགྲོ་དྲུག་ཡོངས་ལ་བསྔོ། །
ཞེས་མཇུག་བཟོད་པར་གསོལ་ཞིང་བསྔོ་སྨོན་གྱིས་རྗེས་གདབ་སྟེ། 《རྒྱལ་བའི་བཀའ་ཁོ་ན་ལས་བཏོན་པའི་བོན་གྱི་རྣམ་གྲངས》འདི་ཉིད། ཁྱུང་པོ་སྟེང་ཆེན་དགོན་པས་པར་སྐྲུན་བྱས་པའི་གསུང་རབ་སྒོ་མཛོད་ཅན་གཞི་བཟུང་ནས་རྣམ་གྲངས་ཀྱི་ཐ་སྙད་ཡོད་དོ་ཅོག་ཕྱོགས་གཅིག་ཏུ་བསྡུ་ཁུལ་བྱས་པ་ཡིན་ནའང་། རྒྱལ་བའི་བཀའ་རིན་པོ་ཆེ་འདི་ཉིད་རྒྱ་ཆེ་ཞིང་གྲངས་མང་བས་ན། བསྡུ་མ་ཐུབ་པའམ་བསྡུས་མ་ཤེས་པ། ཡང་ན་བསྡུས་སྐྱོན་ཤོར་བ་སོགས་ཡོད་པ་མངོན་གསལ་ཡིན་པས་དགོངས་འགལ་མེད་པར་ཞུ་རྒྱུ་དང་། བཀའ་ཁོ་ན་ལས་བཏོན་པའི་བོན་གྱི་རྣམ་གྲངས་ཕྱོགས་གཅིག་ཏུ་བསྡུས་པ་ནི། ཐེངས་དང་པོ་ཡིན་སྟབས་ཆ་ཕུན་སུམ་ཚོགས་པ་ཞིག་ཡོངས་མི་སྲིད་མོད། འོན་ཀྱང་མ་འོངས་པར་ཟབ་རྒྱས་ཀྱི་ཚུལ་དུ་ཁ་གསོ་གནང་མཁན་ཡང་ཡོད་སྲིད་ལ་རེ་བའང་བཅིངས་ནས་ཡོད། རྣམ་གྲངས་འདིས་ཕྲན་རང་ཉིད་ལྟ་བུ་ལ་མཚོན་ན། རྒྱལ་བའི་བཀའ་རིན་པོ་ཆེ་བྲག་རི་ལྟར་བརྩིགས་ཏེ་དད་པ་བྱེད་པ་ཙམ་མ་ཡིན་པ། སྤྱི་ཁོག་གི་ཉམས་མྱོང་གང་ལ་གང་འཚམས་ཤིག་གི་གྲུབ་འབྲས་རང་ཐོག་ཏུ་ལོན་ཐུབ་པར་བྱུང་བ་དང་། རང་འདྲའི་སློབ་ཚོགས་ལ་ཡང་ཅུང་ཕན་པའི་སྣང་བ་ཞིག་ངང་གིས་སྐྱེས་བྱུང་བས། མདོར་ན་དགེ་བའི་ཚོགས་ཐམས་ཅད་བཀའ་དྲིན་ཅན་གྱི་ཕ་ཀླུ་ཕྱུག་དང་མ་གཡང་སྐྱིད། མ་རྒན་སྣང་ཞིག་མཚོ། ཁུ་བོ་དམ་པ་དགེ་ལེགས་སོགས་ཀྱིས་ལུས་ངག་ཡིད་གསུམ་ལས་བསགས་པའི་སྡིག་སྒྲིབ་དག་པའི་རྒྱུ་དང་། བཀའ་དྲིན་གཞལ་མཐའ་དང་བྲལ་བའི་དགེ་རྒན་རིན་པོ་ཆེ་ནམ་མཁའ་གཡུང་དྲུང་ངམ་ཨ་ཁུ་སྣང་གོས་གཅེས་སྐྱོང་གནང་བའི་དྲིན་ལན་དུ། སྤྱི་ལོ༢༠༢༤ལོའི་ཟླ་བ༡༢པའི་ཚེས༡༣ཉིན་སྣང་ཞིག་དགོན་པའི་དཔོན་སློབ་ཀྱི་མིང་ཙམ་འཛིན་པ་སྒོ་རིགས་ཤེས་རབ་གྲགས་པས་སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་རང་ཤག་ནས་མཇུག་རྫོགས་པར་བྲིས་ཏེ་ཕུལ་བའོ། །


