《གཡུང་དྲུང་བོན་གྱི་བཀའ་འགྱུར་ཨ་གཡུང་དཔེ་གཞིའི་དཀར་ཆག་ངོ་མཚར་སྣང་བ་འབུམ་ལྡན》ཞེས་པ་པར་དུ་བསྐྲུན།
[ཟླ་ཚེས། 2025-03-17 18:12:22][རྩོམ་པ་པོ། སྒོ་མེ་ཚེ་དབང་རྣམ་རྒྱལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
《གཡུང་དྲུང་བོན་གྱི་བཀའ་འགྱུར་ཨ་གཡུང་དཔེ་གཞིའི་དཀར་ཆག་ངོ་མཚར་སྣང་བ་འབུམ་ལྡན》ཞེས་པ་པར་དུ་བསྐྲུན།
དེབ་མིང་། གཡུང་དྲུང་བོན་གྱི་བཀའ་འགྱུར་ཨ་གཡུང་དཔེ་གཞིའི་དཀར་ཆག་ངོ་མཚར་སྣང་བ་འབུམ་ལྡན།
དཔེ་སྐྲུན་ཚན་པ། མི་རིགས་དཔེ་སྐྲུན་ཁང་།
སྒྲིག་མཁན། སྒོ་མེ་ཚེ་དབང་རྣམ་རྒྱལ།
གཡུང་དྲུང་བོན་གྱི་བཀའ་འགྱུར་ཨ་གཡུང་དཔེ་གཞི་ལ་མཚོན་ན། དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུའི་ནང་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་ཐུགས་བསྐྱེད་ལ་བརྟེན་ནས་ཨ་གཡུང་རིན་པོ་ཆེ་གཡུང་དྲུང་བསྟན་པའི་རྒྱལ་མཚན་གྱིས་གཙོ་འགན་བཞེས་ཤིང་གཟན་དཀར་རིན་པོ་ཆེ་ཐུབ་བསྟན་ཉི་མས་ཕྱག་རོགས་མཛད་དེ། སྔར་དབལ་ཁྱུང་དགོན་དུ་ཉར་བའི་བཀའ་འགྱུར་བྲིས་མ་ཞིག་གི་མདོ་འབུམ་གཉིས་རྨང་བྱས་ཐོག་སྔགས་སེམས་ཀྱི་སྡེ་སོགས་དགོན་སྡེ་དང་མི་སྒེར་ལ་གཡར་པོ་ཞུས་ཏེ་བཀའ་འགྱུར་ཆ་ཚང་གློག་སྤར་དུ་བསྐྲུན་པ་ཞིག་ཡིན། ད་ལྟ་རྒྱལ་ནང་གི་དཔེ་མཛོད་ཁང་དང་ཞིབ་འཇུག་ཚན་པ་མང་པོ་ཞིག་གིས་དཔེ་གཞི་དེ་ཉིད་ཉར་ཚགས་གནང་ཡོད་ཀྱང་། དཔེ་གཞི་གང་ལ་དཀར་ཆག་ཁ་གསལ་ཞིག་མ་ཡོད་རྐྱེན་ཀློག་མཁན་གྱིས་དཔེ་ཆ་འཚོལ་བ་ལ་ཐུགས་ངལ་གང་མང་བསྐྱོན་བཞིན་པ་མཐོང་། ཚུལ་དེ་ལྟ་བུ་ནི་དཔེ་གཞི་དེ་ཉིད་ཉར་ཚགས་གནང་མཁན་གྱི་ཚན་ཁག་ཀུན་ལ་ཡོད་སྲིད་པས། ཡིག་ཚང་བེད་སྤྱོད་དང་དོ་དམ་སོགས་གང་ཆ་ནས་བལྟས་ཀྱང་དཀར་ཆག་ཞིབ་རྒྱས་ཤིག་བསྒྲིག་པར་དགོས་པ་ཤིན་ཏུ་ཆེ། དོན་དེ་ལ་དམིགས་ཏེ། ཁོ་བོས2016ལོ་ནས་བཟུང་བོན་པོའི་བཀའ་བརྟེན་གྱི་དཀར་ཆག་སྒྲིག་སྒྱུར་གྱི་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ལས་གཞི་གཉིས་ཁུར་དུ་བླངས་ཤིང་། ཕྱི་ལོ་2020ལོར་བཀའ་འགྱུར་གྱི་དཀར་ཆག་དང་ཕྱི་ལོ་2021ལོར་བརྟེན་འགྱུར་གྱི་དཀར་ཆག་བཅས་དེབ་གཉིས་པོ་སྔ་ཕྱིར་ཡོངས་སུ་གྲུབ། ད་རེས་《གཡུང་དྲུང་བོན་གྱི་བཀའ་འགྱུར་ཨ་གཡུང་དཔེ་གཞིའི་དཀར་ཆག་ངོ་མཚར་སྣང་བ་འབུམ་ལྡན་》ཞེས་པ་དཔར་སྐྲུན་ཐུབ་པ་ལ། དཀར་ཆག་འདི་ནི་ཨ་གཡུང་དཔེ་གཞི་གཞིར་བཟུང་ནས་བསྒྲིགས་པ་སྟེ། ཨ་གཡུང་དཔེ་གཞི་ལ་མཁན་ཉི་མ་བསྟན་འཛིན་གྱི་དཀར་ཆག་དང་བཅས་ཏེ་ཁྱོན་པོ་ཏི་བརྒྱ་དང་ང་བརྒྱད་བཞུགས་ཡོད་པ་མཐོང་ཡང་། འདིར་བསྒྲིག་བྱའི་དཔེ་ཚོགས་སུ་དཔྱད་འབུམ་ཁྲ་བོ་པོད་སྟོད་སྨད་གཉིས་དང་རྩ་འབུམ་པོད་ཏ་པ་བཅས་པོ་ཏི་གསུམ་གྱི་མཚན་བྱང་དེ་སི་ཁྲོན་ཞིང་ཆེན་མི་རིགས་ཞིབ་འཇུག་སུའོ་བོད་ཀྱི་རིག་གནས་ཞིབ་འཇུག་ཁང་གིས་ནང་ཁུལ་དུ་བསྒྲིགས་ཤིང་སྣུར་སྤར་དུ་བཏབ་པའི་དཀར་ཆག་བསྡུས་པར་འཁོད་མེད། དེ་མིན་གོང་བསྟན་དཀར་ཆག་བསྡུས་པར་འཁོད་པའི་པོ་ཏི་རེ་འགའ་དཔེ་ཚོགས་དངོས་ལ་པོད་གཉིས་རེ་གླེགས་བམ་གཅིག་ཏུ་བསྒྲིལ་བ་སོགས་ཀྱིས། བཀའ་འགྱུར་དཔེ་གཞི་འདིའི་སྤྱིའི་པོད་གྲངས་འདྲེན་ལུགས་ཐ་དད་དུ་སྣང་། དེར་བརྟེན་ད་ལན་དཀར་ཆག་སྒྲིག་སྐབས་དཔེ་ཚོགས་ཡོངས་ལ་གླེགས་བམ་བརྒྱ་དང་ང་དགུར་བསྒྲིལ་འདུག་པར། དཀར་ཆག་ཏུ་མཐོང་བའི་པོད་གྲངས་དེ་ཡང་གླེགས་བམ་ལ་གཞི་བྱས་པ་ལགས། དཀར་ཆག་འདིར་གླེགས་བམ་རེ་རེའི་སྤྱིའི་གྲངས་རྟགས་དང་། མཚན་བྱང་། བསྡུས་བྱང་། པོ་ཏི་རེ་རེར་འདུས་པའི་ཆོས་ཚན་གྱི་གྲངས། ལེའུ་གྲངས། སྤྱིའི་ལྡེབ་གྲངས། རིགས་རྣམ། གཏེར་སྟོན་དང་སྙན་བརྒྱུད་མཁན། སྒྲིག་མཁན་སོགས་གླེགས་བམ་སྤྱིའི་གནས་ཚུལ་དང་། དེ་ནས་གླེགས་བམ་རེ་རེའི་ནང་ཚན་ཆོས་ཚན་དང་ལེའུ་རེ་རེའི་མཚན་བྱང་། ཆོས་ཚན་དང་ལེའུ་སོ་སོའི་བར་མཚམས་ཀྱི་ལྡེབ་གྲངས། ད་དུང་གླེགས་བམ་དང་ཆོས་ཚན་རྫོགས་མཚམས་སུ་སྦྱར་བའི་མཇུག་བྱང་དང་བཅས་པ་ལེ་ཚན་དུ་མའི་སྒོ་ནས་བསྒྲིགས་ཡོད། དཀར་ཆག་བསྒྲིག་པའི་དུས་རིམ་ནང་དཀའ་ངལ་དུ་མ་དང་འཕྲད་བྱུང་སྟེ། དཔེར་ན། པོ་ཏི་ཕལ་ཆེ་བར་ཆོས་ཚན་དང་ལེའུའི་མཚམས་མི་གསལ་བ། མ་དཔེ་རང་ལ་ལྡེབ་གྲངས་དང་ལེའུ་གྲངས་ནོར་བ་དང་། ལེའུ་གྲངས་གོང་འགབ་འབྲེལ་མི་ཆགས་ཤིང་སྔ་ཕྱི་འཁྲུགས་པ། སྤར་འདེབས་ལག་རྩལ་ཞན་པས་ཡིག་འབྲུ་གསལ་བོར་ཐེབས་མེད་པ། ཆོས་ཚན་གྱི་གོ་རིམ་དང་ལྡེབ་མ་འཁྲུགས་ཚད་མཐོ་བ་སོགས་གནད་དོན་མང་དུ་འདུག་པར། ད་རེས་ཅི་ནུས་ཀྱིས་གླེགས་བམ་རེ་རེ་བཞིན་འཕྲལ་ཀློག་གི་སྒོ་ནས་དག་སྒྲིག་བྱས་ཤིང་གསལ་བཤད་དགོས་པ་རྣམས་སྐབས་དོན་དུ་ཞབས་མཆན་སྦྱར་བ་ལགས། མཇུག་མཐར་དཀར་ཆག་འདིས་བསླབ་པ་དོན་གཉེར་ཅན་རྣམས་ལ་ཕན་པའི་རྒྱུ་ཕྲན་བུ་ཙམ་སྨིན་པའི་རེ་བ་སྨོན་འདུན་དང་བཅས་བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་མིང་འཛིན་པ་སྒོ་མེ་ཚེ་དབང་རྣམ་རྒྱལ་གྱིས་སྦྱར།