ཤར་རྫའི་རྒྱལ་ཚབ་རིན་པོ་ཆེའི་འཆད་ཁྲིད་སྒྲ་བཤུས《སྦྱིན་པ་རྣམ་བཞིའི་འཆད་འགྲེལ》ཞེས་པ་པར་དུ་བསྐྲུན།

[ཟླ་ཚེས། 2024-05-07 17:13:10][རྩོམ་པ་པོ། ཨུ་དྷི་ཚང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


༧ཤར་རྫའི་རྒྱལ་ཚབ་འཇིགས་མེད་དབང་ཕྱུག་རིན་པོ་ཆེ་མཆོག་གི་འཆད་ཁྲིད་སྒྲ་བཤུས《སྦྱིན་པ་རྣམ་བཞིའི་འཆད་འགྲེལ》ཞེས་པ་པར་སྐྲུན་བྱས།


སྔོན་གླེང་ཉིན་བྱེད་འདྲེན་པའི་སྐྱ་རེངས།

  དེ་ཡང་འགྲོ་བའི་འཕྲལ་ཕུག་ཀུན་ཀྱི་ཕན་བདེ་མ་ལུས་པ་འབྱུང་བའི་སྒོ་མོ་ནི་རྒྱལ་བསྟན་སྤྱི་དང་། ཁྱད་པར་དུ་འཕྲུལ་ངག་གཡུང་དྲུང་བོན་གྱི་བསྟན་པ་ལ་རག་ལས་གཤིས་དེ་ལྟ་བུའི་བསྟན་པ་ནི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་ཀྱིས་གསུངས་པའི་བཀའ་དྲང་ངེས་གཉིས་དང་། སྒོ་བཞི་མཛོད་ལྔ། ཐེག་པ་རིམ་དགུ། བརྒྱད་ཁྲི་བཞི་སྟོང་ལ་སོགས་གདུལ་བྱའི་ཉོན་མོངས་ལ་ལྟོས་ཏེ་འདུལ་བྱེད་བོན་སྒོ་ཡང་བསམ་གྱིས་མི་ཁྱབ་པ་ཞིག་གཏན་ལ་ཕབ་པ་དག་ད་ལྟ་རང་ཅག་གི་མཇལ་ཡུལ་དུའང་ཇི་སྙེད་ཅིག་བཞུགས་པ་སྨོས་མེད་ལགས། དེ་ལས་གཙོ་ཆེའི་དབང་དུ་བྱས་ཏེ་བཤད་ན་འདིར་ཡོངས་གྲགས་སུ་གཤེན་གྱི་དགེ་སྦྱོང་བ་ཞིག་གི་རྒྱུན་ཁྱེར་གྱི་ཉམས་ལེན་ལ་དགོས་ངེས་པའི་སྦྱིན་པ་ཆ་བཞིའམ་སྦྱིན་པ་རྣམ་བཞི་ཡིན་ལ། སྦྱིན་པ་རྣམ་བཞི་དེ་དག་སྟོན་པའི་གསུང་ཐེག་པ་རིམ་དགུའི་དབང་དུ་བྱས་ན་བསང་དང་། གསུར་ནི་གཙོ་བོ་རྒྱུ་ཡི་ཐེག་པ་ལས་བྱུང་ཞིང་། ཆུ་གཏོར་ནི་ཐེག་པ་ལྔ་པ་དགེ་བསྙེན་ཐེག་པ་དང་། ལུས་སྦྱིན་ནི་ཡེ་གཤེན་ཆེན་པོའི་ཐེག་པའམ་སྔགས་ནང་མ་རྫོགས་རིམ་སྟེ་དཔེར་ན་མ་རྒྱུད་ཐར་ལམ་དྲུག་གི་གཉན་ས་ལམ་ཁྱེར་སོགས་ལས་བྱུང་ཡོད། གཙོར་ཆེ་བ་ཐེག་པ་དེ་དག་གི་ཁུངས་ནས་བྱུང་ཡོད་ནའང་ཉམས་སུ་ལེན་མཁན་ནི་ཐེག་པ་སོ་སོའི་གང་ཟག་གི་རྟོགས་ཚད་ཅན་ཡིན་པའི་ངེས་པ་མེད་དེ་དགེ་སྦྱོར་བ་ཞིག་གི་ཉིན་གཅིག་ལ་སྔ་དྲོ་བསང་དང་། ཆུ་གཏོར། དགོང་མོ་གསུར་དང་། ལུས་སྦྱིན་རྒྱུན་ཁྱེར་མཛད་སྲོལ་ཡོད་པ་མཁྱེན་གསལ་ལྟར་ལགས། དེ་དག་གང་གི་སྐབས་སུ་ཡིན་ནའང་སྲི་ཞུ་མགྲོན་མཆོད་པས་མཉེས་པ་དང་། ཡོན་ཏན་མགྲོན་ཐུགས་དམ་བསྐང་བ། ལན་ཆགས་མགྲོན་གདུགས་སེམས་ཞི་བ། སྙིང་རྗེའི་མགྲོན་འདོད་པ་ཚིམ་པར་བཅས་དགེ་བའི་ཚོགས་བླ་ན་མེད་པ་ཡིན་ནོ། །

  དབྲ་སྟོན་པཎྜི་ཏས་མཛད་པའི་ཀུན་མཁྱེན་བླ་མའི་གསུང་རབ་ལ་འཇུག་པར་བསྐུལ་བའི་གཏམ་སྐལ་བཟང་རྣ་བའི་གླིང་བུ་ལས། སྟོན་པས་ལེགས་གསུངས་བོན་སྒོ་ཇི་སྙེད་པ། །སྙིང་པོའི་གཞུང་བཟང་འདི་ལས་གཞན་མེད་ན། །ཚུལ་འདི་སུས་འཛིན་བོན་སྡེ་ཡོངས་རྫོགས་ཀུན། །འཛིན་སྐྱོང་སྤེལ་བའི་བསོད་ནམས་ངེས་པར་མཉམ། །ཞེས་གསུངས་པ་བཞིན་སྦྱིན་པ་རྣམ་བཞི་རྒྱུན་ཁྱེར་མཛད་པར་སྟབས་བདེ་བ་ཀུན་མཁྱེན་ཤར་རྫ་པས་གསུངས་མཛད་པའི་ཡང་ཟབ་ནམ་མཁའ་མཛོད་ཆེན་ལས། བསང་བསྡུས་འདོད་རྒུའི་སྤྲིན་ཆེན་དང་། གཏོར་ཐབས་མགྲོན་བཞི་སྤྱི་ཁྱབ། ཡང་ཟབ་ནམ་མཁའ་མཛོད་ཆེན་ལས། མགྲོན་བཞི་གསུར་མཆོད་བསྡུས་པ། ཡང་ཟབ་ནམ་མཁའ་མཛོད་ཆེན་ལས། ལུས་སྦྱིན་མཁའ་འགྲོའི་གད་རྒྱང་བཅས་བཞུགས་པ་སྙིགས་མའི་དུས་འདིར་སྒོམ་སྒྲུབ་ཀྱི་རྒྱལ་མཚན་བླ་ན་འདེགས་པའི་རི་སུལ་གྱི་རྣལ་འབྱོར་ཆེན་པོ་དཔལ་ཀུན་མཁྱེན་ཤར་རྫ་བའི་རྒྱལ་ཚབ་གསུམ་པ་རྒྱུད་གསུམ་བསྟན་པའི་མངའ་བདག་འཇིགས་མེད་དབང་ཕྱུག་གམ་ཨ་འཇིགས་རིན་པོ་ཆེས་འཆད་ཁྲིད་མཛད་པའི་སྒྲ་སྡུད་འཕྲུལ་ཆས་ལས་གཡུ་མཚོ་དགོན་གྱི་བསྟན་བདག་བླ་མ་ཨུ་དྷི་ཚང་བསྟན་འཛིན་ནོར་བུ་མཆོག་གིས་བཤུས་ནས་ཡིག་ཐོག་ཏུ་སྟབས་བདེར་བཀོད་དེ་དེབ་གཟུགས་སུ་དཔེ་བསྐྲུན་མཛད་པ་འདིར་རང་ཅག་ཕྱི་རབས་རྗེས་འབྲེང་གདུལ་བྱའི་ཚོགས་ལ་ཕན་འབྲས་བླ་ན་མེད་པར་གཟིགས་ཏེ་རྒྱལ་ཚབ་བླ་མའི་གསུང་སྒྲ་བཤུས《སྦྱིན་པ་རྣམ་བཞིའི་འཆད་འགྲེལ་མགྲོན་བཞི་དགྱེས་པའི་མཆོད་དབྱངས་དགོས་འདོད་རིན་ཆེན་འབྱུང་བའི་རྒྱན》ཞེས་པ་དཔེ་བསྐྲུན་མཛད་པར་བསྔགས་འོས་ཡི་རང་དང་བཅས་ཏེ་གཤེན་གྱི་འབྱུང་ལྡན་སུམ་བརྒྱ་གཅིག་གི་ཆུ་ཡོས་ལོའི་དགུན་ཟླ་འབྲིང་པོའི་མར་ངོའི་སྟོང་བ་གཉིས་པའི་དགོང་མོར་རིག་འཛིན་དབང་རྒྱལ་ནས་འཕྲལ་བྲིས་བྱས་ཏེ་ཕུལ་བ་དགེ་གྱུར་ཅིག ཐ་ཚན་མུ་ཙུག་སྨར་རོ། །



མཇུག་གི་ཞུ་མཆིད།

གཅིག

  དེ་ཡང་། དུས་ཀྱི་མཐའ་འདིར་བདེ་གཤེགས་རྒྱལ་བ་སངས་རྒྱས་ཉིད་བསམ་བཞིན་དུ་བླ་མ་དགེ་བའི་བཤེས་གཉེན་གྱི་ཚུལ་བཟུང་ནས་བྱོན་པའི་བྱང་སེམས་ཀྱི་བདག་ཉིད་ཆེན་པོ། དབེན་པའི་རི་ཁྲོད་དུ་བླ་མེད་རྫོགས་པ་ཆེན་པོའི་ཉམས་ལེན་བློ་འདས་ཀྱི་རིག་པ་རྐྱང་དེད་གཅིག་དྲིལ་མཛད་པའི་རྣལ་འབྱོར་བ་དམ་པ། དགོངས་བརྒྱུད་སྟོན་པ་དགུ་དང་སྙན་བརྒྱུད་འཇའ་ལུས་ཉེར་བཞི་སོགས་རྟོགས་ལྡན་དགོངས་ཉམས་ཀྱི་བརྒྱུད་པའི་བླ་མ་རྣམས་ཀྱི་རྒྱུད་འཛིན་མཆོག་གྱུར། གནའ་རབས་མཁས་པའི་གཞུང་ཆེན་རྣམས་ལ་འཇུག་པ་ཤིན་ཏུ་ཡངས་པའི་མཁས་པའི་དབང་པོ་དོན་གྱི་སླད་དུ་མཚན་ནས་སྨྲས་ན་དཔལ་གྲུབ་དབང་ཤར་རྫ་འཇའ་ལུས་པའི་རྒྱལ་ཚབ་དམ་པ༧ཨ་འཇིགས་མེད་རིག་པའི་དབང་ཕྱུག་མཆོག་གིས། ཉིས་སྟོང་ཉེར་གཅིག་ལོར་ཤར་རྫའི་རི་ཁྲོད་བར་མ་དགེ་ཐང་བཤད་སྒྲུབ་པད་མ་རྒྱས་པའི་དགའ་ཚལ་དུ། སྐལ་བཟང་སེམས་དཔའ་འདུས་པ་རྒྱ་མཚོ་ལ་ལྗགས་ཁྲིད་གནང་བའི་ཡོངས་རྫོགས་བསྟན་པའི་བདག་ཉིད་ཆེན་པོ་དཔལ་རྒྱལ་བ་གསུམ་པ་ཀུན་མཁྱེན་བཀྲ་ཤིས་རྒྱལ་མཚན་གྱི་ཞལ་སྔ་ནས་མཛད་པའི་སྦྱིན་པ་རྣམ་བཞི་ཞེས་བྱ་བ་དེར། འཆད་འགྲེལ་ཉིན་བཞིར་མཛད་པའི་ཚིག་ཉུང་དོན་གསལ་ཕུན་སུམ་ཚོགས་པ་ཞིག་བཞུགས་པ་དེ་ཉིད། མ་བསྐུལ་དང་བླངས་ཀྱི་སྒོ་ནས་ཡི་གེར་བཏབ་པ་ཡིན། ཡི་གེར་དངོས་སུ་འབེབས་པའི་དམིགས་ཡུལ་ནི། ཚིག་ཉུང་དོན་འདུས་ཀྱི་གསུང་གསེར་ནག་གི་ཐིགས་པ་ལྟ་བུ་འདི་རྣམས་རང་དགར་ཟགས་སུ་མ་བཅུག་པར། མ་འོངས་པའི་བོན་ལ་དོན་གཉེར་ཅན་དག་གི་སྤྱན་ལམ་དུ་བསྟར་ཐུབ་པར་བྱུང་ན། དོན་མ་གོ་བ་རྣམས་གོ་བར་བྱེད་པ། དགེ་བའི་བསྐུལ་མ་ཐེབས་པ། བླ་མར་དད་མོས་འཕེལ་བ། བླ་མའི་འཕྲིན་ལས་སྤེལ་བའི་ཆ་ཤས་སུ་འགྲུབ་པར་སྙམ་སྟེ། དཀའ་བ་དང་དུ་བླངས་ནས་ཕབ་སྒྲིག་བྱས་པ་ཡིན་ནོ། །

གཉིས།

  ད་ལན་འདི་ནས། དྲན་གསོའི་ཚུལ་དུ་ཞུ་སྙིང་བྲོ་བ་ཞིག་ནི། ཁོ་བོས་ཕབ་སྒྲིག་བྱས་པའི་སྦྱིན་པ་རྣམ་བཞིའི་དེབ་ཆུང་འདི་ནི། རྒྱལ་ཚབ་བླ་མ་ཚང་གི་གསུང་རྒྱ་མཚོ་ལྟ་བུ་ལས་ཆུ་ཐིགས་གཅིག་ཙམ་ཡིན་པས། ཤར་རྫ་བའི་མཛོད་ཆེན་ལྔ་གཙོས་པའི་གཞུང་ཆེན་གཞུང་ཆུང་ཀུན་ལ་འཆད་འགྲེལ་གནང་ཡོད་པ་དེ་དག མི་སྒེར་དང་ཚོགས་པ་བཅས་ཀྱིས་ཕབ་སྒྲིག་བྱེད་པ་ནི། རང་རེ་ཅག་གི་ཕྲག་ཏུ་འབབ་པའི་འོས་འགན་དང་། ཁ་ཚ་དགོས་གཏུགས་ཀྱི་དོན་དག་གལ་ཆེན་ཞིག་ཏུ་གྲུབ་འདུག་པས། འདིའི་རིགས་ལ་རྒྱབ་སྐྱོར་དང་། རོགས་རམ་མཐུན་སྦྱོར་བཅས་བསྐྲུན་རྒྱུ་གལ་ཆེ་བར་སེམས་སོ། །

གསུམ།

  དེ་སྔར་རྒྱལ་ཚབ་བླ་མའི་ཞལ་སྔ་ནས་ཤར་རྫ་བའི་གསུང་འབུམ་ཞལ་ཁྲིད་མཛད་དེ་སྒྲ་བཅུག་བྱས་ཡོད་པ་རྣམས་ཉར་ཚགས་དམ་པོར་མཛད་པ་དང་། སྒྲ་འཇུག་བྱས་མེད་པ་རྣམས་གཞུག་ཐབས་སུ་འབད་ན། རྗེས་སུ་ཤར་རྫའི་བསྟན་པ་དང་རྗེས་འབྲང་སློབ་མ་རྣམས་ལ་ཕན་འབྲས་བླ་ན་མེད་པ་ཞིག་ཐོན་ཐུབ་པར་སྙམ། སྣང་བ་གཟུགས་ཀྱི་གསུང་དང་། བརྗོད་པ་སྒྲ་ཡི་གསུང་གཉིས་ལ་རང་རང་གི་ཁྱད་ཡོན་རེ་ཡོད་པ་གསལ། སྣང་བ་གཟུགས་ཀྱི་གསུང་པོ་ཏི་དང་པོད་ཀྱི་བདག་ཉིད་ཅན་དེ་ནི། དད་པའི་རྟེན་དུ་མིག་གི་དབང་པོར་མཇལ་རྒྱུ་ཡོད་པ་དང་། མཆོད་པའི་རྟེན་དུ་བཤམ་བདེ་བ། བསྐལ་པ་ཡུན་རིང་དུ་གནས་ཐུབ་པ། བརྗོད་པ་སྒྲ་ཡི་གསུང་ནི། འཆད་པ་པོ་ཞིག་གིས་འཆད་ཁྲིད་ཕེབས་ཁར་གསོན་བདེ་བ། གོ་སླ་བ། གསལ་གདབ་ཡོང་བ། སློབ་གཉེར་བ་ཞིག་གིས་ཡང་དང་བསྐྱར་དུ་སྦྱོང་བདེ་བ་བཅས་ཀྱི་དགེ་མཚན་མཆིས། གོ་ཐོས་ཞིག་ལ་ལོ་ངོ་བརྒྱ་ཕྲག་ཁ་ཤས་ཀྱི་རྗེས་སུ་མ་གཏོགས་སྒོ་ཕྱེ་མི་ཆོག་པའི་སྲིད་གཞུང་ལ་ཉེན་འགོག་སྒམ་ཞིག་ཡོད་སྐད་ཐོས། དེའི་ནང་དུ་བླ་མ་རྒྱལ་ཚབ་ཚང་གི་གསུང་སྒྲ་འཇུག་བྱས་པ་རྣམས་འཇོག་ཐུབ་སོང་ན། དོན་ཆེན་རི་བོ་འདྲ་ཞིག་འགྲུབ་སོང་བར་འཁུམ་མོ། །

བཞི།

  མི་རིགས་གཞན་དང་ལུང་པ་གཞན་གྱི་ནང་དུ། སྔ་ནས་མཁས་པའི་སློབ་ཁྲིད་དང་གསུང་བཤད་ཀྱི་རིགས་ཟིན་བྲིས་སུ་བཏབ་པ་ནི་རྩོམ་ལུས་གལ་ཆེན་ཞིག་ཏུ་ཆགས་ཏེ། གསུང་བཤད་ཡི་གེར་ཕབ་པའི་རྩོམ་གྲགས་ཅན་མང་པོ་ཡོད་སྐད་འདུག ཁ་བའི་ལྗོངས་འདིར་མཁས་པའི་གསུང་ཟིན་བྲིས་བཏབ་པའི་པོད་ཁ་ཤས་བཞུགས་ཡོད་པ་ལས། གཡུང་དྲུང་བོན་པོ་ཚང་ལ་བདག་གིས་བཤུས་པའི་བཀའ་སློབ་སྒྲ་བཤུས་མ《སེམས་ཀྱི་འོད་སྣང》ནི་ཆེས་ཐོག་མ་ཡིན་སྐད་འདུག གསུང་བཤད་ཡི་གེ་བྱས་པའི་སྒྲ་བཤུས་རྣམས་ནི་ཆེད་དུ་མཁས་མཁས་བྱས་པའི་སྙན་དེབ་ཁག་དང་། སྐད་བརྡ་མཁྲེགས་པོ་དང་བརྡ་རྙིང་གིས་བཅིངས་པའི་གཞུང་ཆེན་རྣམས་དང་མི་འདྲ་བར། སུམ་རྟགས་དག་གསུམ་སོགས་མཁྱེན་མིན་ལའང་མ་ལྟོས་པར། བོད་སྐད་ལེགས་ཙམ་ཤེས་ནས་བཟུང་ཁ་གསལ་ཞིང་གོ་བདེ་བ། བབ་ཆགས་པ། ཉན་སྤྲོ་པོ་ཡོང་བས། རྗེས་སུ་ཁ་སྐད་སོར་བཞག་མི་བྱེད་པར། སྐད་ཆའི་གོ་རིམ་དང་ཐ་སྙད་སོགས་བོད་ཀྱི་བརྡ་སྤྲོད་སྤྱིའི་ལུགས་དང་བསྟུན་ན་སྤུས་གཙང་བ་སྣང་ལ་འདི་ཡང་དེ་ལྟར་བཤུས་སྒྲིག་བྱས་ཡོད། ད་ལན་འདི་ནས། ཆུང་ནས་དད་པའི་སྣང་བ་རབ་ཏུ་རྒྱས་ཡུལ་ཀུན་མཁྱེན་གྱི་གསུང་ལ་རྒྱལ་ཚབ་བླ་མས་འཆད་ཁྲིད་མཛད་པ་ཁ་ཤས་ཟིན་བྲིས་སུ་བཏབ་ཐུབ་པ་ནི་དཀོན་མཆོག་གིས་དངོས་གྲུབ་གནང་བ་དང་མི་ཚེ་འདིའི་བསོད་ནམས་གསོག་པ་རུ་སྒོམ་ཡོད།

ལྔ།

  ད་ལྟར《སྦྱིན་པ་རྣམ་བཞིའི་འཆད་འགྲེལ》གྱི་དེབ་ཆུང་འདི་དང་། སྔོན་དུ་བཤུས་པའི་བཀའ་སློབ་སྒྲ་བཤུས་མ《སེམས་ཀྱི་འོད་སྣང》གི་དེབ་གཉིས། ཕབ་སྒྲིག་བྱེད་པའི་ཐོག་མཐར་བར་གསུམ་གཟབ་ནན་བྱེད་པའི་ཁུལ་ཡིན་མོད། ཁོ་བོར་སྐྱེས་སྦྱངས་ཀྱི་ཤེས་རབ་ཆ་ཕྲ་བས། གཅོད་མི་དགོས་ས་ནས་གཅོད་པ། མཐུད་མི་དགོས་ནས་མཐུད་པ། སྣོན་མི་དགོས་ས་ནས་སྣོན་པ། འཕྲི་མི་དགོས་ས་ནས་འཕྲི་བར་བྱེད་པ་སོགས་ཀྱི་བྱས་ཉེས་དུ་མ་ཡོད་ངེས་པས། རྗེས་སུ་མཁྱེན་དཔྱོད་ཡངས་པའི་ཀློག་པ་པོས་རྒྱལ་ཚབ་ཚང་གི་རྩ་བའི་དགོངས་གཞི་དང་མི་འགལ་བའི་ཐོག་ནས། འཐུས་སྒོ་ཇེ་ཚང་དང་སྤུས་ཀ་ཇེ་ལེགས་སུ་གཏོང་ཐུབ་པར་བྱུང་ན་སྐུ་དྲིན་རབ་ཏུ་ཆེ་ཞེས་ཞུའོ། །

དྲུག

  མཚམས་འདི་ནས་ཁོ་བོའི་མི་ཚེའི་ཐོག་མཐའ་བར་གསུམ་བཀའ་དྲིན་ཐོབ་པའི་དྲིན་ཆེན་བླ་མ་ཤར་རྫའི་མཁན་ཆེན་རིག་འཛིན་དབང་རྒྱལ་མཆོག་གིས། ཐོག་མའི་གླེང་བརྗོད“སྔོན་གླེང་ཉིན་བྱེད་འདྲེན་པའི་སྐྱ་རེངས”རྩོམ་གནང་མཛད་པའི་བཀའ་དྲིན་བསྩལ་བྱུང་བ་དང་། དེ་བཞིན་མཁན་པོ་ཉི་མ་བསྟན་འཛིན་གྱིས་ཐུགས་བརྩེ་ཆེན་པོའི་འཆད་ཁྲིད་ཀྱི་ཞོར་དུ་ཞུ་དག་ཐེངས་གཅིག་གནང་བ་དང་། བཅུ་ཕྲག་རིག་པའི་གནས་ཀུན་ལ་མཁྱེན་དཔྱོད་ཡངས་པའི་གཡུང་དྲུང་གི་མཆེད་པོ་དམ་པ་དབྲ་དཀར་དགེ་བཤེས་གཞན་ཕན་ཤེས་རབ་མཆོག་གིས“རྗེ་བླ་མ་རྒྱལ་ཚབ་འཇིགས་མེད་རིག་པའི་དབང་ཕྱུག་མཆོག་གི་རྣམ་ཐར་ཚིགས་སུ་བཅད་པ་ཤླཽ་ཀ་བརྒྱ་པ་བཞུགས་སོ”ཞེས་པ་བརྩམས་ཤིང་འཆད་ཁྲིད་སྒྲ་བཤུས་ཀྱི་དེབ་འདིར་ཞུ་དག་ཐེངས་གཅིག་གནང་བ་དང་། རྒྱལ་ཚབ་རིན་པོ་ཆེ་མཆོག་གིས་ཁ་པར་བེད་སྤྱོད་གཏོང་གི་མེད་པས་ནང་ཆེན་མཁན་པོ་ཚུལ་ཁྲིམས་སྐལ་བཟང་བརྒྱུད་ནས་ཚིག་མི་གསལ་བ་དང་དོགས་གཞི་ཡོད་པ་ཁག་ཅིག་ཞུ་འབུལ་བྱས་པ་དང་། གྲོགས་ཀྱི་ཐུ་བོ་ཁྲི་བསོད་བསྟན་མཆོག་གིས་ཕྱི་ཤོག་ཇུས་འགོད་དང་ནང་ཡིག་དག་སྒྲིག་བྱས་པའི་དྲིན་གྱིས་དེབ་ཆུང་འདི་ཉིད་གྲུབ་པ་ཡིན་པས། མདོར་ན《སྦྱིན་པ་རྣམ་བཞིའི་འཆད་འགྲེལ་མགྲོན་བཞི་དགྱེས་པའི་མཆོད་དབྱངས་དགོས་འདོད་རིན་ཆེན་འབྱུང་བའི་རྒྱན》ཞེས་བྱ་བའི་སྒྲ་བཤུས་ཀྱི་དེབ་ཆུང་འདི་ཉིད་ཁོ་བོའི་མགོན་པོ་རྣམས་ཀྱིས་ཁ་ཡོད་ལག་ཡོད་ཀྱི་མཐུན་སྦྱོར་དང་རོགས་རམ་ལས་འཁྲུངས་པ་ཡིན་པས་ཐལ་མོ་སྙིང་ཁར་སྦྱར་ནས་སྐུ་དྲིན་ཆེ་ཞེས་ཞུའོ། །

བདུན།

  ལྷག་པར་དུ་དཀྱིལ་འཁོར་རིགས་བརྒྱའི་བདག་ཉིད་མཁས་དང་གྲུབ་པའི་ཁྱུ་མཆོག་དྲིན་ཆེན་རྩ་བའི་བླ་མ་དཔལ་རྒྱལ་བ་ཤར་རྫ་འཇའ་ལུས་པའི་རྒྱལ་ཚབ༧ཨ་འཇིགས་མེད་རིག་པའི་དབང་ཕྱུག་རིན་པོ་ཆེ་མཆོག་གི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔ་ཡི་བྱིན་རླབས་ཐོབ་པ་ལ། བཀའ་དྲིན་རྗེས་དྲན་གྱི་མཆོད་པའི་མེ་ཏོག་ཅིག་གི་ཚབ་དང་། རང་ཉིད་ཀྱི་དལ་འབྱོར་དོན་ཡོད་བྱེད་པར་མོས་པ་སོགས་ཀྱིས་དེབ་ཆུང་འདི་ཉིད་བྱས་པས། དུས་དང་རྣམ་ཀུན་ཏུ་བདག་གི་བྱ་བཞག་ལ་སེམས་ཁུར་གནང་མཁན་གྱི་ཞིང་བཤེགས་དམ་པ་ཨ་ཞང་དང་། ཕ་དྲིན་ཆེན། ད་བཞུགས་ཨ་མ་རྒན་མོ་དང་ཁྱིམ་མི་རྣམ་པ་གཙོས། ད་དུང་བདག་ལ་བློ་ཉེ་བའི་མཆེད་གྲོགས་དང་། དད་ཅན་ཡོན་བདག་རྣམས་ཀྱིས་ཅི་ཡང་མི་འཇོན་པའི་ཐ་ཤལ་བ་ཕྲན་ལ། ཡིད་ཆེས་དང་ལྷག་བསམ་གཙང་མ་ཞིག་གི་སེམས་ཁུར་དང་རྒྱབ་སྐྱོར་བྱེད་བཞིན་ཡོད་པས། ཡན་ལག་སྨད་ལྔ་ས་ལ་གཏུག་ནས་སྐུ་དྲིན་རབ་ཏུ་ཆེ་ཞེས་ཁྲི་ཕྲག་མང་པོའི་བར་དུ་ཞུའོ། །

  ཞེས་དེབ་འདིའི་ཡི་གེ་བ་གཡུ་མཚོ་བླ་མ་ཨུ་དྷི་ཚང་གི་རྟ་མགྲིན་སྐྱབས་སམ་སྒྲོ་བཏགས་སུ་ཀུན་ཕན་རྒྱལ་སྲས་གཞན་ཕན་ཐུགས་རྗེ་རྒྱ་མཚོ་རུ་འབོད་པ་དེས་བོད་རྩིས་ཤིང་འབྲུག་ལོའི་ཟླ་བ་གཉིས་པའི་ཚེས་བརྒྱད་ཉིན་གཡུ་མཚོ་དགོན་བདེ་ཆེན་སྨིན་གྲོལ་གླིང་ནས་སྦྱར།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།