《ཀ་ཕྲེང་གླེན་པའི་སྨྱོ་ལབ》འགྲེམ་བརྡ།

[ཟླ་ཚེས། 2024-04-07 14:57:47][རྩོམ་པ་པོ། སྤ་ཟླ་ཚུལ་ཁྲིམས་རྒྱལ་མཚན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

སྤ་ཟླ་ཚུལ་ཁྲིམས་རྒྱལ་མཚན་གྱི་ཀ་རྩོམ་ཕྱོགས་བསྒྲིགས་《ཀ་ཕྲེང་གླེན་པའི་སྨྱོ་ལབ》པར་དུ་བསྐྲུན་པ།

ཤིས་ཚིག་སྨྱུག་གླིང་འགྱུར་ཁུག །


ཀ་དག་སྟོང་པའི་མཐོ་སྐད་མ་བསྒྲགས་པར།།
ཁ་མཚར་ཚིག་རྒྱན་ཀུན་གྱི་རྣར་སྙན་པའི།།
ག་དར་འབོལ་རྩོམ་རང་འབབ་ཆུ་བོ་བཞིན།།
ང་ཚོའི་དུས་རབས་འཚམ་པའི་རྩོམ་འདི་ཡག།

ཅ་ཅོའི་གྲོང་ཚིག་ཕལ་སྐད་མ་ཡིན་ལ།།
ཆ་ཆེན་གོ་དཀའི་ཚིག་སྦྱོར་མ་སྤུངས་པའི།།
ཇ་ཆང་བྲོ་མངར་ལྟ་བུའི་གསོན་ཉམས་ཅན།།
ཉ་ཉུངས་བསྲེ་སླད་བྲལ་བ་འདི་ཡང་མཚར།།

ཏ་ལེར་གྲུབ་མཐའི་འགལ་རྩོད་མ་ཡིན་ལ།།
ཐ་དད་ཆོས་སྲིད་མཉམ་སྦྱོར་དེ་བས་མིན།།
ད་ལྟའི་གནས་བབ་བརྗོད་དོན་མངོན་གསལ་ཅན།།
ན་མཉམ་རིག་པའི་གསོས་སྨན་འདི་འདྲ་མཁོ།།

པ་སངས་ལྟ་བུའི་ལྷག་བསམ་ཆེ་མདོག་དང་།།
ཕ་མར་གྱུར་པའི་གཞན་དོན་འུད་ཤོབ་མེད།
བ་གླང་ལྟར་མིན་ཤེས་བྱར་དཔྱད་པའི་འབྲས།།
མ་ལུས་ཀ་རྩོམ་བརྒྱུད་ནས་སྤེལ་བ་རྨད།།

ཙ་ཙིག་ཤེས་བྱ་ཆུང་ཡང་ཡལ་མ་བོར།།
ཚ་གྲང་འགལ་འདུའི་དཀའ་ངལ་གཡོལ་མིན་པར།།
ཛ་དྲག་སྐབས་དོན་གནད་ཀྱི་དོན་པོ་ཀུན།།
ཝ་ལེར་གསལ་བར་བསྟན་པའི་ཚུལ་ལ་རངས།།

ཞྭ་ལྷམ་ཡུལ་འབྲོག་འཚོ་བའི་གོམས་གཤིས་དང་།།
ཟ་འཐུང་མི་རིགས་ཡུལ་སྲོལ་དད་མོས་བཅས།།
འ་ཅག་གསར་རྙིང་དུས་ཀྱི་འགྱུར་མཚམས་འདིར།།
ཡ་རབས་རང་ཚུགས་འཛིན་པའི་སློབ་གསོ་བཟང་།།

ར་བ་གངས་ཀྱིས་བསྐོར་བའི་ཞིང་ཁམས་འདིར།།
ལ་ལུང་རིག་པའི་གནས་ཀྱིས་ཁྱབ་གྱུར་ཀྱང་།།
ཤ་ཁྲག་མི་ལུས་རིན་ཐང་རྗེས་བཞག་མཁན།།
ས་སྟེང་འདི་རུ་དཀོན་ཕྱིར་དེ་བས་བསྔགས།།

ཧ་ཅང་གོ་དཀའི་ཚིག་སྦྱོར་མ་སྤྲས་ལ།།
ཨ་མཚར་དོན་མེད་ཀུ་རེ་ཅང་མ་ཡིན།།
ཧ་ལམ་དྲང་བརྗོད་རིག་གྲོགས་གཟའ་ལྡུམ་གྱི།།
ཨ་ཕོའི་ཀ་རྩོམ་དེབ་ལ་སྐྱེས་སུ་བཏེགས།།
 ཞེས་པ་འདི་ལྟར་གྲོགས་མཆོག་གཟའ་ལྡུམ་མམ་ཚུལ་ཁྲིམས་རྒྱལ་མཚན་ལགས་གྱིས་ཀ་རྩོམ་ཕྱོགས་བསྒྲིགས་ཀྱི་དེབ་ཅིག་སྤེལ་རྒྱུ་ཡིན་པ་དང་། དེ་དང་འབྲེལ་ཡོད་རྩོམ་ཞིག་དགོས་པར་དྲྭ་ལམ་ནས་བཀའ་ཕེབས་བྱུང་བ་ལྟར། བྱ་བ་དེ་ལ་དགའ་མོས་ཡི་རངས་དང་བཅས། ཁྱུང་གསེར་ཞུན་དུ་འབོད་པ་དེས་དབུས་ལྷ་ལྡན་ཉི་མའི་གྲོང་ཁྱེར་རང་ཤག་རིག་པའི་སྐྱེད་ཚལ་ནས་ཤར་མར་བྲིས་ཏེ་ཕུལ་བ་དགེ་བར་གྱུར་ཅིག །

རྟོག་ཁམས་ནས་ཟག་པའི་སྐད་ཆ།  
   མུ་ཁྱུད་གངས་རིའི་ཕྲེང་བས་བསྐོར་བའི་ས་མཐོ་གནས་གཙང་གི་ཞིང་ཁམས་སུ་ཆེས་སྔ་མོའི་དུས་ནས། རྣམ་དཔྱོད་དང་ཤེས་རབ་ཅན་གྱི་མྱི་བུ་བགྲང་མཐའ་ཡས་པ་ཞིག་བྱོན་ཏེ། ཤེས་རིག་གི་མ་རྐང་དངོས་སུ་བཙུགས་པས། ཡུལ་བསིལ་མོའི་ལྗོངས་ཀྱི་རི་ཆུ་ལུང་གསུམ་ཀུན་ཀ་ནས་ཤེས་རིག་གི་ཆུ་མིག་བརྡོལ་ཏེ།   འཛམ་གླིང་ས་ཆེན་མོའི་ཁོ་ར་ཁོར་ཡུག་ཏུ་འཚེ་མེད་ཞི་བདེའི་ལམ་དང་ལུགས་སྲོལ་དར་ཁྱབ་སོང་ནས། མིའི་བསམ་བློའི་ཕུགས་སུ་འཚེ་བ་མེད་པའི་ཆོས་ཀྱི་བག་ཆགས་ཟབ་མོ་བསྒོས་པས། འཆི་སྲིད་ཀྱི་འཇིག་པ་མགོ་ཐོག་ཏུ་ཚེས་ཀྱང་། ཁྱེད་དང་ཁ་ནམ་ཡང་འབྲལ་བར་མི་འདོད་པའི་དད་འདུན་གྱིས་ཟིན་པའི་བརྩེ་སེམས་དང་སྐྱབས་འགྲོ་གཉིས་པོ་མི་ཡི་སེམས་ཁམས་སུ། རྡོ་དང་རྡོ་ཡི་རི་མོ། ཆུ་དང་རློན་པའི་ངང་ཚུལ་དུ་གྱུར།  དེ་ནས་དུས་རབས་ཀྱི་འཕེལ་རྒྱས་དང་། སྤྱི་ཚོགས་ཀྱི་གོམས་གཤིས། བསམ་བློའི་ཆུ་ཚད་སོགས་བྱ་འཕུར་བ་ལྟ་བུའི་འགྱུར་ལྡོག་གི་ཕྱོགས་སུ་དངོས་དངོས་རྗེན་རྗེན་དུ་སླེབས་ཡོང་བའི་དུས་ཚིགས་སུ།    བསམ་པའི་དཔལ་ཡོན་དང་། དྲང་བདེན་གྱི་འདུ་ཤེས་མ་ཉམས་པའི་མྱི་བུ་དག་གིས། དུས་རབས་དང་འཚམས་པར། རིག་པའི་གཞུང་ལུགས། སྐད་དང་ཡི་གེ  ཡུལ་སྲོལ་གོམས་གཤིས་སོགས་དར་སྤེལ་གཏོང་གིན་གཏོང་གིན།  རྒྱུན་སྐྱོང་གནང་གིན་གནང་གིན་གངས་རི་བ་དག་གི་ཚེ་དང་སྲོག  ལུས་དང་སེམས།  བླ་དང་ཡིད་བཅས་པ་སོ་སོར་གྱེས་སུ་མ་བཅུགས་ནས་རིག་གཞུང་གི་ཚེ་སྲོག་བསྐྱབས་པ་རེད། 
    མཐར་ཚན་རྩལ་རིག་པ་ཆེན་མོ་སའི་གོ་ལར་ཁྱབ་བདལ་དུ་འགྲོ་བཞིན་པའི་གསར་ཚེས་དུས་རབས་འདི་ཡི་ནང་ལ། འཛམ་གླིང་ཤེས་ལྡན་མི་སྣ་དག་གི་རྣམ་དཔྱོད་ཤེས་རབ་ཀྱི་རྩལ་སྒོ་ངོམ་སའི་ཡུལ་ཁྱད་པར་ཅན་དུ་གྱུར་ཐོག  ཞང་བོད་རང་ས་ནས་དར་བའི་རིག་པའི་གཞུང་ལུགས། སྐད་དང་ཡི་གེ་བྱུང་རིམ་ལོ་རྒྱུས་བཅས་ལ་ཞིབ་འཇུག་ཡང་དག་པ་མ་ཐུབ་ཚེ། བོད་ཀྱི་ལོ་རྒྱུས་ཆ་ཚང་བ་ཞིག་རྒྱུས་ལོན་བྱེད་མི་ཐུབ་པར་འདོད་པ་གཅིག་ཐོག་གཅིག་གནས་སུ་སླེབ་བཞིན་པའི་སྒང་རེད་འདུག  ད་དུང་ཡང་། སྤུ་རྒྱལ་བོད་ཆེན་པོའི་རྣལ་མའི་ལོ་རྒྱུས། རྣལ་མའི་རིག་གཞུང་། རྣལ་མའི་ཡུལ་སྲོལ། རྣལ་མའི་སྐད་ཡིག་གི་བྱུང་ཁུངས།  གནས་བབ། ངོ་བོ་དང་བཅས་པ་ཤེས་པར་འདོད་ན། ཁྱེད་ཅག་གི་ཚེ་ལུས་སྲོག་གསུམ་གྱི་འདུ་བྱེད་ཡབ་མེས་ཞང་བོད་རྒན་པོས་བྲིས་པའི་གླེགས་ཧྲུལ་གསེང་དུ་ཟད་རྫོགས་སུ་འགྲོ་ཐུབ་ན།  གཟོད།  གོ་རྒྱུ་ཚོར་རྒྱུ་ཡོད་པའི་ཞིབ་འཇུག་གི་གྲུབ་འབྲས་བཟང་ཤོས་ཤིག་ལོས་ཐུབ། 
    ལར། སྤྱི་རྒྱ་རླབས་གཅོད་ཀྱི་བྱ་བ་གཉེར་དགོས་ཚེ། དགུན་དུས་ཀྱི་གཞུ་མོའི་རྒྱུན་བཞིན་ཐང་ལྷོད་མེད་པའི་འབད་བརྩོན་ལ་དངོས་སུ་བརྟེན་དགོས་ལ། དེ་ལྟ་བུའི་རྟེན་འབྲེལ་ལྟོས་གྲུབ་ལས་གཡུར་དུ་ཟ་བའི་འབྲས་བུ་གྱ་ནོམ་པ་འབྱུང་བ་ནི་དངོས་པོའི་གཤིས་ཁམས་སུ་ཅིས་ཀྱང་གྲུབ་པའི་ཕྱིར་རོ། །བྱ་བ་སྣ་མིན་སྣ་ཚོགས་ལས་རང་གི་ཕ་སྐད་མ་ཡིག་གི་ཐོག་ནས་རྩོམ་རིག་འབྲི་རྒྱུའི་ལས་བྱ་འདི་ནི་མི་རིགས་སུ་འདྲ་ཞིག་ཡིན་རུང་སོ་སོའི་ཕྲག་ཐོག་ཏུ་བབས་པའི་འོས་འགན་དུ་གཙོར་བཟུང་བྱེད་མཁན་གྱི་མི་དེ་ནི་མི་རིགས་རང་གི་ཕོ་རྒོད་དང་མོ་ཡག་དག་གི་གྲལ་དུ་བརྩི་ལོས་ཆོག   ད་ལན་ལྷན་སྐྱེས་ཀྱི་ཤེས་རབ་རྣོ་ལ་བསམ་བློའི་འཁོར་རྒྱ་ཆེ་བའི་སྤ་ཟླ་ཚུལ་ཁྲིམས་རྒྱལ་མཚན་མཆོག་གི་རྣམ་དཔྱོད་ཀྱི་མྱུར་ལམ་ནས་ཐོན་པའི《ཀ་ཕྲེང་གླེན་པའི་སྨྱོ་ལབ》ཅེས་པའི་དེབ་ཆུང་འདི་འཇིག་རྟེན་མི་ཡུལ་དུ་སླེབས་འདུག་པས་བདག་ཉིད་རབ་ཏུ་དགའ་ཡོད།  རྩོམ་རིག་ཀ་ཕྲེང་འདིའི་སྒྱུ་རྩལ་རྣམ་པའི་ཐད་ནས་གུས་པས་འགྲེལ་བཤད་མི་བྱ་བར་ཀློག་པ་དག་གིས་ངེས་པར་དུ་བཀླག་དགོས་པའི་བགོ་སྐལ་དུ་བཞག་ཡོད་པས་ཅིས་ཀྱང་ཀློགས་དང་། བགད་རྒྱུ་མའི་ནག་ཐག་ཆད་རྒྱུ་ཉག་གཅིག་རེད།  རྩོམ་པ་པོ་ཁོང་ནི་ཡུལ་སྤ་ཟླའི་རི་ཆུང་ལུང་གསུམ་དང་། རི་སྐྱེས་སྲོག་ཆགས། ཁོར་ཡུག་སྲུང་སྐྱོབས་སོགས་ཀྱི་ཆེད་དུ་དཀའ་ངལ་ཁྲི་མ་འབུམ་ཕྲག་བསྐྱངས་མྱོང་མཁན་གྱི་མི་བུ་བྱས་རྗེས་ཅན་ཞིག་ཡིན་ལ། ཉམ་ཆུང་ནད་པ་དག་གི་ཚེ་སྲོག་སྐྱོབ་པའི་སྤུ་རྒྱལ་གངས་འདབས་ཀྱི་མི་དྲིན་ཆེན་དེའང་བརྒྱ་ཆ་བརྒྱ་ཐམ་པ་ཡིན་པ་རེད། 
   ཁོང་གིས་གཉེར་བའི་སྤྱི་ཕན་ལས་ཀ་འདི་ཚོའི་རིགས་ལ་ང་ཚོ་ངོ་ཤེས་དང་འབྲེལ་ཡོད་མི་སྣ་ཁ་ཤས་ཤིག་གི་སེམས་ཐོག་ལ་བབས་བསྡད་པ་གཅིག་པུ་མ་ཡིན་པར། ཁ་བ་གངས་ཅན་པའི་མགོ་རྣ་ཅན་དང་། ཁ་མིག་ཅན། ཚེ་སྲོག་ཅན། གློ་སྙིང་ཅན་ཞིག་ཡིན་ན་ནི། ཡི་རངས་ལོས་བྱེད། མཐེ་བོང་ལོས་བསྒྲེང་། ལེགས་གསོལ་ལོས་འབོད་དོ། །  སྤྱིར་བཏང་འགྲོ་མིའི་རྟོག་ཁམས་སུ་ནང་བག་ཆགས་ཀྱི་དབང་གིས་ཡག་སྡུག  བཟང་ངན། ཆེ་ཆུང་ལ་སོགས་སུ་གྱུར་པ་དག་མ་དག་གི་སྣང་ཚུལ་འདྲ་མིན་སྣ་ཚོགས་ཡོད་པ་ཡིན་ཀྱང་། ལས་བྱ་འདི་ལྟ་བུའི་རིགས་ལ། ལུས་ལ་རྩ་ཚང་ཞིང་སེམས་ལ་འཁྲུལ་ཆེན་མ་བརྒྱབ་པར་རྣམ་ཤེས་ཐང་ཐང་ཡོད་པའི་མྱི་ཞིག་ཡིན་ན་དགའ་བའི་ཚོར་སྣང་མངོན་དུ་མ་གྱུར་རང་གྱུར་རེད་མོད། དེས་ན། མཐའ་མཇུག་ངས་ཚོར་འདུ་གོ་ཡོད་པའི་མྱི་བོ་དག་གི་ཚབ་ཞུས་ཏེ། ཁྱེད་ལ་ཁ་དྲོ་བཀྲ་ཤིས་ཞུ་བ་ཡིན། 
  ཞེས་རྩོམ་པ་པོའི་གྲོགས་མཆེད་དུ་འབོད་པ་ཁྱུང་བཙུན་གངས་ལྷ་དཀར་པོས། ༢༠༢༤/༡/༡སྤྱི་ལོའི་ལོ་གསར་ཉིན་རྒྱ་ནག་ཁྲིན་ཏུའུ་ནས།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།