《གཡུང་དྲུང་བོན་གྱི་གཤེན་ལུགས་གཤིན་ཆོག་གྱེར་དབྱངས་ལ་དཔྱད་པ》ཞེས་པ་འགྲེལ་སྤེལ་བྱས་པ།

[ཟླ་ཚེས། 2024-04-01 15:22:16][རྩོམ་པ་པོ། བཞད་གཞུང་བསོད་ནམས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

  བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང(ལྗོངས་དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལྟེ་གནས)ཡོངས་བཤེར་སྲུང་སྐྱོབ་ཚན་པའི་རམ་འདེགས་ཞིབ་འཇུག་པ་བཞད་གཞུང་བསོད་ནམས་ཀྱིས་བརྩམས་པའི་《གཡུང་དྲུང་བོན་གྱི་གཤེན་ལུགས་གཤིན་ཆོག་གྱེར་དབྱངས་ལ་དཔྱད་པ》ཞེས་པ་སྤྱི་ལོ་༢༠༢༠ལོའི་ཟླ་༡༢པར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམ་སྤེལ་ཞུས་ཡོད།



ནང་དོན་གནད་བསྡུས།

  གཡུང་དྲུང་བོན་ནི་བོད་ཀྱི་དམངས་སྲོལ་རིག་གནས་དང་འབྲེལ་ནས་རྒྱ་ཆེའི་མི་དམངས་ཀྱི་འཚོ་བའི་ཁྲོད་དུ་བག་ཆགས་ཟབ་པའི་རིག་གནས་ཤིག་ཡིན་ལ། དེའི་རོལ་དབྱངས་ནི་བོད་ཀྱི་ཆོས་ལུགས་རོལ་དབྱངས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན། དེང་རིག་གཞུང་ཞིབ་འཇུག་ཁྲོད་བོན་གྱི་ལོ་རྒྱུས་དང་། གདན་ས། ཆོ་གའི་སྐོར་བྲིས་པའི་དཔྱད་རྩོམ་མང་ཙམ་ཡོད་ཀྱང་རོལ་དབྱངས་སྐོར་བྲིས་པ་ཤིན་ཏུ་ཉུང་ཞིང་། འདིར་ཁོ་བོས་ད་ཐེངས་གཞིས་རྩེ་ས་གནས་(གྲོང་ཁྱེར་)བཞད་མཐོང་སྨོན་རྫོང་གཤེན་དར་ལྡིང་དུ་ཚེ་འདས་འདྲེན་པའི་ཆེད་ཉིན་ཞག་ཞེ་དགུའི་རིང་ལ་གཤིན་དོན་སྤེལ་བའི་རོལ་མོའི་སྐོར་ལ་ཞིབ་འཇུག་དང་འབྲེལ་གཤིན་ཆོག་དངོས་ལ་ཞུགས་པ་བརྒྱུད། དེ་ལས་བྱུང་བའི་ཆ་འཕྲིན་གཙོར་བཟུང་ཐོག །ཆོ་ག་དང་རོལ་དབྱངས་སྐོར་ཞིབ་འབྲི་དང་། འབྲེལ་ཡོད་མི་སྣར་བཅར་འདྲི་ཞུས་པའི་གནས་ཚུལ། དེ་བཞིན་དཔེ་དེབ་དང་དཔྱད་རྩོམ། ཆོ་གའི་གཞུང་ལས་གསལ་བའི་ནང་དོན་བཅས་ལ་གཤིབ་བསྡུར་གྱིས་གཤིན་ཆོག་རོལ་དབྱངས་ལ་ཞིབ་འཇུག་དང་འབྲེལ་ཡོད་རིག་གནས་སྐོར་ལ་དཔྱད་གླེང་བྱས་ཡོད། དཔྱད་རྩོམ་ཧྲིལ་པོ་ཁྱོན་ས་བཅད་བདུན་ལས་གྲུབ་ཡོད་པ་སྟེ།
  ས་བཅད་དང་པོ། གཤེན་དར་ལྡིང་གི་རགས་གླེང་། དེའི་ནང་དུ་གཙོ་བོར་ཁྲི་བརྟན་ནོར་བུ་རྩེ་དང་གསེར་སྒོ་ཁྲ་མོ་བཞེངས་པའི་དུས་ཚོད་གཏན་འཁེལ་དང་ལོ་གཅིག་གི་ཆོས་ལུགས་རོལ་དབྱངས་བྱེད་སྒོའི་སྐོར། དེ་བཞིན་གཡུང་དྲུང་བོན་གྱི་ལུགས་སུ་གཏོགས་པའི་ཆོས་ལུགས་དད་མོས་ལས་འཕྲོས་པའི་སྣང་ཚུལ་མི་འདྲ་བའི་སྐོར་བཅས་རགས་བཤད་བྱས་ཡོད།

  ས་བཅད་གཉིས་པ། གཡུང་དྲུང་བོན་དང་ཆོ་གའི་སྐོར། དེའི་ནང་དུ་གཙོ་བོར་གཡུང་དྲུང་བོན་གྱི་འཇིག་རྟེན་ལྟ་བ་དང་ཚེ་སྲོག་གི་ལྟ་བ། རོལ་མོའི་ལྟ་བ། དར་སྤེལ་གྱི་ལོ་རྒྱུས་གནད་བསྡུས་སོགས་དང་། འདིར་གླེང་བར་བྱ་བའི་གཤིན་ཆོག་གི་འབྱུང་ཁུངས་སྐོར་ལ་དཔྱད་ཡིག་ལུང་དྲངས་ནས་གསལ་བཤད་བྱས་ཡོད།

  ས་བཅད་གསུམ་པ། དངོས་གཞིའི་གཤིན་ཆོག་གི་སྐོར། འདི་ནི་དཔྱད་རྩོམ་གྱི་གཙོ་གནད་ཡིན་ཅིང་། འདིའི་ནང་དུ་ཉིན་མོའི་ཆོ་ག་དང་མཚན་མོའི་ཆོ་ག་གཉིས་སུ་དབྱེ་ནས་དུས་ཚིགས་རིམ་པ་བཞིན་སྤེལ་བའི་ཆོ་ག་ཕྱག་ལེན་དང་དེ་དག་གི་ཁྱད་ནུས། དེ་བཞིན་འབྲེལ་ཡོད་ཆོ་གའི་གྱེར་དབྱངས་འདུར་གསུམ་གྱི་སྐོར་སོགས་ཞིབ་པར་ངོ་སྤྲོད་བྱས་ཡོད།

  ས་བཅད་བཞི་པ། གཤིན་ཆོག་རོལ་མོའི་ཁྱད་ནུས་སྐོར། འདིའི་ནང་དུ་ཆོ་གའི་ཁྱད་ནུས་དང་རོལ་མོའི་ཡོན་ཏན་གཉིས་སུ་དབྱེ་ནས་གསལ་བཤད་དང་བཅར་འདྲི་ཞུས་པའི་ཟིན་ཐོ་དྲངས་ཡོད།

  ས་བཅད་ལྔ་པ། རོལ་དབྱངས་དབྱེ་ཞིབ་ཀྱི་སྐོར། འདི་ཡང་དཔྱད་རྩོམ་ཧྲིལ་པོའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཅིང་། གཤིན་ཆོག་ཁྲོད་ལས་ཐོན་པའི་གྱེར་དབྱངས་འདུར་གསུམ་གྱི་སྐོར་ལ་རོལ་དབྱངས་ཀྱི་རིག་པའི་གཞུང་ལུགས་སྤྱད་ནས་དབྱེ་ཞིབ་ཅུང་རྒྱས་ཙམ་བྱས་ཡོད། དེ་ཡང་རྟ་དབྱངས་ཀྱི་རྣམ་པ་དང་། གྱེར་དབྱངས་འདུར་གསུམ་གྱི་དབྱེ་བ། གྲུབ་ཚུལ་གྱི་དབྱེ་བ། རོལ་ཆའི་སྐོར་བཅས་ལས་དང་པོ་ནི་སྒྲ་སྒྲུབ་ཆ་ཤས་ཆུང་ཆུང་དང་བགྲོས་རྡེབ་སོགས་ནས་ཞིབ་ཕྲའི་དབྱེ་བ་ཕྱེ་ཡོད། གཉིས་པ་ནི་བོན་ལུགས་ཀྱི་གྱེར་དབྱངས་འདུར་གསུམ་སོ་སོར་ཚིག་འགྲེལ་དང་དབྱངས་ཡིག་མཁོ་འདོན་གྱིས་ངོ་སྤྲོད་བྱས་ཡོད། གསུམ་པ་ནི་རྟ་དབྱངས་ཧྲིལ་པོའི་གྲུབ་ཚུལ་དང་རྣམ་པའི་སྐོར་བོན་ལུགས་རོལ་དབྱངས་ཀྱི་རྣམ་གཞག་གཞིར་བཟུང་ནས་དབྱེ་བ་ཕྱེ་ཡོད། བཞི་པ་ནི་བོན་ལུགས་ཀྱི་རོལ་ཆ་མང་དག་ཁྲོད་ལས་འབུད་བརྡུང་དཀྲོལ་གསུམ་གྱི་མཚོན་བྱེད་རྔ་དང་། གཤང་། རྐང་གླིང་གི་མིང་ཐོགས་ཚུལ་དང་བྱེད་ནུས། འབུད་བརྡུང་དཀྲོལ་གསུམ་གྱི་བྱེད་ཐབས་འགྲེལ་བཤད་དང་རོལ་ཆའི་པར་རིས་གསལ་སྟོན་བྱས་ཡོད།

  ས་བཅད་དྲུག་པ། དབྱངས་ཡིག་གི་སྐོར། འདིའི་ནང་དུ་གཙོ་བོར་གཤིན་ཆོག་སྐབས་སུ་སྤྱོད་པ་མ་ཡིན་པའི་གཤེན་ལུགས་ཀྱི་དགོན་སྡེའི་དབྱངས་ཡིག་ངོ་སྤྲོད་དང་གཤིན་ཆོག་གི་དབྱངས་ལས་ཐུན་མོང་མ་ཡིན་པ་གཉིས་དཔེ་མཚོན་དུ་བཟུང་ནས་ཆ་ཚང་བར་ཕབ་བསྒྱུར་བྱས་པའི་དབྱངས་ཡིག་མཁོ་འདོན་བྱས་ཡོད།

  ས་བཅད་བདུན་པ། འབྲེལ་ཡོད་རིག་གནས་ཀྱི་སྣང་ཚུལ་དབྱེ་ཞིབ། འདིའི་ནང་མི་རིགས་དང་རྒྱལ་ཁོངས་མི་འདྲ་བའི་ཁྲོད་དུ་བོན་ལུགས་ཀྱི་གཤིན་ཆོག་དང་འདྲ་བའི་རིག་གནས་ཀྱི་སྣང་ཚུལ་སྐོར་ངོ་སྤྲོད་དང་གཤིན་ཆོག་སྐོར་གྱི་འབྲེལ་ཡོད་སེམས་ཁམས་རིག་པ་དང་དམངས་སྲོལ་རིག་པ། ཆོས་ལུགས་རིག་པ་སོགས་ཀྱི་སྐོར་ལ་འགྲེལ་པ་བྱས་པ་བཅས་སོ། །

  བརྡ་ཆད་གཙོ་བོ། གཡུང་དྲུང་བོན། གཤེན་དར་ལྡིང་། གཤིན་ཆོག གྱེར་དབྱངས་འདུར་གསུམ།

དེབ་ཀྱི་དངོས་གཞིའི་དཔེ་རིས་འགའ།










 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།