《མཁས་དབང་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོའི་རྣམ་ཐར་ཆེན་མོ》ཞེས་པ་པར་སྐྲུན་ལེགས་འགྲུབ་བྱུང་།

[ཟླ་ཚེས། 2023-01-19 00:15:43][རྩོམ་པ་པོ། ཤར་རྫའི་རྒྱལ་ཚབ་འཇིགས་མེད་དབང་ཕྱུག][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

《མཁས་དབང་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོའི་རྣམ་ཐར་ཆེན་མོ》ཞེས་པ་པར་སྐྲུན་ལེགས་འགྲུབ་བྱུང་།

  ཉེ་ཆར། རྒྱལ་སྤྱིའི་བོད་རིག་པའི་མཁས་དབང་ཆེན་མོ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོའི་རྣམ་ཐར་ཆེན་མོ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ཏེ་འགྲེམ་སྤེལ་བྱས།

  དམ་པ་ཁོང་ནི་དུས་རབས་ཉི་ཤུ་བའི་ནང་འཁྲུངས་པའི་བཅུ་ཕྲག་རིག་པའི་གནས་ཀྱིས་ཐུགས་རྒྱུད་ལེགས་པར་ཕྱུག་པའི་བོན་གྱི་སྐྱེས་ཆེན་ཞིག་དང་། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་སྟེང་དུ་འཛམ་གླིང་ན་སྙན་གྲགས་ལྡན་པའི་མཁས་དབང་ཆེན་པོ་ཞིག་ཀྱང་རེད། ཁོང་ནི་གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་གྱི་གཞུང་ལུགས་ཀུན་ལ་ཆགས་ཐོགས་ཀུན་བྲལ་གྱི་སྤོབས་པ་རབ་ཏུ་ལྡན་པར་མ་ཟད། རིས་མེད་གྲུབ་མཐའ་ཀུན་གྱི་ལྟ་གྲུབ་དང་། སྡེ་སྣོད་ཡོངས་ལ་ཐུགས་རྗེའི་སྤྱན་དཀྱུས་ཤིན་ཏུ་ཡངས་པའི་མཁས་རྒུ་ཡོངས་ཀྱི་སྤྱི་ཕུད་ལྟ་བུར་གྱུར་ཡོད།

  རྣམ་ཐར་ཆེན་མོ་འདི་ནི་དམ་པ་གང་གི་དངོས་སློབ་ཚུལ་ཁྲིམས་བསྟན་པ་འབྲུག་གྲགས་ཀྱིས་བརྩམས་པ་ཡིན་ལ། རྣམ་ཐར་ཆེན་མོ་འདིའི་བརྗོད་བྱར་མཚོན་ན། ལེའུ་གསུམ་གྱི་བདག་ཉིད་ཅན་ཞིག་སྟེ། ལེའུ་དང་པོར། མཁས་དབང་ཁོང་གི་སྐྱེས་རབས་གོང་མ་རྣམས་ཀྱི་བྱུང་རིམ་མདོར་བསྡུས་སུ་བཀོད་པ་དང་། ལེའུ་གཉིས་པར། སྐུ་ཚེ་འདི་ཉིད་ཀྱི་སྐྱེ་བ་བཞེས་སའི་འཁྲུངས་ཡུལ་བསྟན་ཏེ། སྐུ་ན་ཕྲ་བའི་དུས་དེར་ཀློག་པ་ཐོས་བསམ་གྱི་འཁོར་ལོ་དང་འབྲེལ་ནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་སྐོར་ལ་བསྟུན་པ་ཇི་ལྟར་གསན་བཞེས་གནང་ཚུལ་དང་། བར་དུ་སྤོང་བ་བསམ་གཏན་གྱི་འཁོར་ལོ་དང་བསྡོངས་ཏེ། བསྙེན་སྒྲུབ་ལས་གསུམ་གྱི་ཐད་ལ་ཤ་རུས་རྡོ་ལ་ཐུག་པ་ལྟ་བུའི་སྒྲིབ་སྦྱོང་རྣལ་མ་བྱེད་སྟངས་རྒྱས་པར་བསྟན་པ་དང་། བསྟན་པ་དང་འགྲོ་བའི་དོན་དུ་བྱ་བ་ལས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་ཏེ། རང་དོན་དུ་ཐོས་བསམ་སྒོམ་གསུམ། གཞན་དོན་དུ་འཆད་རྩོད་རྩོམ་གསུམ། གཉིས་དོན་དུ་འཛིན་སྐྱོང་སྤེལ་གསུམ་གྱིས་སྐུ་ཚེ་སྨད་ཀྱི་རྣམ་ཐར་ཞིབ་རྒྱས་སུ་གནང་ཡོད། ལེའུ་གསུམ་པར། མཁས་དབང་ཁོང་གི་སྐུ་ཚེའི་མཛད་ཕྲིན་མཐའ་རུ་ཕྱིན་ཅིང་ཕྲིན་ལས་རྣམ་བཞིའི་སྒོ་འཕར་མ་འགག་པར་དགེ་སྨོན་རྣམ་པར་དག་པའི་མཇུག་བསྡུ་བ་སོགས། སྒྲོ་སྐུར་གྱི་རང་བཞིན་ཡོངས་སུ་སྤངས་ནས། དྲང་བདེན་གྱི་ལམ་ནས་ལེགས་པར་མཛད་ཡོད། ཞར་ལ། མཁས་དབང་ཁོང་གི་རྟོགས་བརྗོད་ཚེག་བར་བཅོ་ལྔ་ཅན་ལ་ཤོ་ལོ་ཀ་བརྒྱ་ཕྲག་གཅིག་གི་གྲངས་དང་ལྡན་པས་ཉེ་བར་འཁོད་ཡོད་དོ། །


སྔོན་གླེང་།

  དེ་ཡང་ཇི་སྐད་དུ། རྒྱལ་གཤེན་མི་ལུས་བསམ་ལེགས་ཀྱི་རྣམ་ཐར་ལས། གང་ཞིག་མི་རྣམས་དད་མོས་སེམས་ཀྱི་ནི། །བླ་མ་དེ་ཉིད་སྐད་ཅིག་དྲན་པའི་སྟོབས། །ཚེ་འདིར་དགེ་བསམ་བར་ཆད་མེད་པར་འགྲུབ། །ཕྱི་མར་ངན་སོང་སྐྱེ་སྒོ་ཆོད་པར་འགྱུར། །ལས་སྐལ་ལྡན་པའི་རིགས་ཀྱི་བུ་རྣམས་ཀྱིས། །བླ་མ་དམ་པ་སྤྱི་གཙུག་བསྒོམ་བྱས་ནས། །གསོལ་བ་བཏབ་ན་སྒྲིབ་གཉིས་མ་ལུས་སྦྱངས། །ཚོགས་གཉིས་ཡོངས་རྫོགས་དོན་གཉིས་ལྷུན་ལ་གྲུབ། །ཅེས་གསུངས་པ་ལྟར་རྒྱལ་བ་སྲས་དང་བཅས་པ་གང་གི་སྐུ་ཡི་མཛད་རྣམ་དང་། གསུང་གི་འཕྲིན་ལས། ཐུགས་ཀྱི་དགོངས་རྟོགས་སོགས་བདག་རྒྱུད་ལ་འཕོས་ནས་བདག་རྒྱུད་ཀྱི་ཐ་མའི་སྣང་ཞེན་ཐམས་ཅད་དབྱིངས་སུ་སངས་ཤིང་གསང་གསུམ་གྱི་གཟི་བྱིན་ཐོབ་ཕྱིར་གུས་ཤིང་བརྩོན་པ་ནི་ཉམས་ལེན་ཀུན་གྱི་གཙོ་བོ་ཡིན་ཞིང་། དེ་བཞིན་རྒྱལ་སྲས་ཞུ་ཡས་ལེགས་པོའི་རྣམ་ཐར་ལེའུ་གཉིས་པ་ལས། ཁམས་གསུམ་སེམས་ཅན་འདྲེན་པའི་གཤེན། །དུས་གསུམ་སངས་རྒྱས་དགོངས་པ་རྟོགས། །རྒྱུད་གསུམ་བསྟན་པ་འཛིན་པའི་བུ། །ཞེས་པའི་ལུང་བསྟན་ལྟར། ད་ལན་བདག་ཅག་འགྲོ་བ་སེམས་ཅན་ཡོངས་ཀྱི་མགོན་པོ་སྐྱོབ་པ་བླ་ན་མེད་པའི་བཀའ་དྲིན་ཅན། སངས་རྒྱས་ཀུན་ལས་ལྷག་པའི་རྩ་བའི་དཔོན་གསས་མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་མཚན་ནས་སྨོས་ན་མཁས་གྲུབ་ཡོངས་ཀྱི་ཁྱུ་མཆོག་སྐྱབས་རྗེ་བོན་བརྒྱ་ཐམས་ཅད་མཁྱེན་པ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་གི་རྣམ་ཐར་ལ་འཇུག་པའི་སྒོ་ཅུང་ཙམ་བརྗོད་ན།

  སྤྱིར་རྣམ་ཐར་ཞེས་པ་ལ་གོ་བ་ལེན་སྟངས་འགའ་ཡོད་སྲིད་ཀྱང་། སྐབས་སུ་ཀུན་མཁྱེན་ཤར་རྫ་བའི་རང་རྣམ་ལས་གསུངས་པ་ལྟར། དེ་ལ་སྤྱིར་རྣམ་ཐར་ཞེས་པ་ནི་རྣམ་པ་ཐར་བའམ་རྣམ་པ་གྲོལ་བའི་དོན་ཏེ། སྐྱེས་བུ་དམ་པ་སྐྱོན་ཟད་ཅིང་ཡོན་ཏན་ཁྱད་པར་ཅན་དང་ལྡན་པ་དག་གིས་ཕྱི་རབས་རྗེས་འཇུག་པ་རྣམས་ཐར་བའི་ལམ་ལ་བཀྲི་བའི་ཕྱིར་དུ། རང་ཉིད་ཀྱིས་ལམ་བསླབ་པ་རྣམ་པ་གསུམ་ལ་བསླབས་པས་སྐྱོན་ཀུན་ཟད་ཅིང་ཡོན་ཏན་ཁྱད་པར་ཅན་རྒྱུད་ལ་བརྙེས་ཚུལ་གཞན་དག་ལ་བསྙད་པ་སྟེ། ཞེས་གསུངས་པ་བཞིན་ཡུལ་ཁྱད་པར་ཅན་བཀའ་དྲིན་བཞི་ལྡན་གྱི་དཔོན་གསས་བླ་མ་ཉིད་ལ་ཉེ་བར་མོས་པའི་དད་པ་དང་། དེ་ལྟ་བུའི་མོས་པའི་ཡུལ་ལ་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་མཛད་སྤྱོད་ཐམས་ཅད་དག་པའི་སྣང་བ་ཁོ་ནར་མཐོང་བ་དང་བའི་དད་པ། དང་བའི་དད་པ་དེས་དྲངས་པའི་སྐྱབས་ཡུལ་བླ་མ་དམ་པ་ལ་དད་པ་འགྱུར་ལྡོག་མེད་པ་ཡིད་ཆེས་པའི་དད་པ། དེ་ལྟ་བུའི་དད་པ་ནམ་ཞིག་གཡུང་དྲུང་གི་སྙིང་པོ་མ་ཐོབ་པའི་བར་དུ་བརྟན་པ་མཐར་ཕྱིན་པའི་དད་པ་བཞིའི་སྒོ་ནས་འཇུག་པར་བྱ་འོས་ཏེ། རྣམ་ཐར་ངོ་མཚར་ནོར་བུའི་ཕྲེང་བ་ལས། བླ་མ་དམ་པའི་རྣམ་ཐར་ཚུལ་བཞིན་དུ་མཐོང་ན་དད་པའི་སྟོབས་ཀྱིས་དཀར་པོའི་ས་བོན་བཟང་པོ་ཐེབས་པ་དང་། དེ་ལ་བརྟེན་ནས་ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་བྱང་བའི་རྐྱེན་བྱེད་པ་དང་། རྣམ་པར་ཐར་བ་དང་འབྲེལ་བའི་བོན་གྱི་དོན་རྣམས་མཐོང་བས་སྤང་བླང་གི་གནས་རྣམས་ཀྱང་བདེ་བླག་ཏུ་ངེས་པར་འགྱུར་བ་དང་། དོན་རྒྱུད་ཀྱི་བྱིན་རླབས་རྒྱུད་ལ་ཞུགས་ནས་ཉམས་རྟོགས་རྩོལ་མེད་དུ་སྐྱེ་ཞིང་བར་གཅོད་བདུད་ཀྱི་གཡུལ་ལས་རྣམ་པར་རྒྱལ་བ་དང་། སྐྱེས་བུ་དམ་པའི་རྣམ་པར་ཐར་བ་ལ་རྗེས་སུ་སྨོན་ཅིང་ཡི་རང་བའི་སེམས་སྐྱེས་ན་བསོད་ནམས་མཐའ་ཡས་པ་མཉམ་དུ་ཐོབ་ཅིང་། སྐྱེ་བ་ཀུན་ཏུ་རྗེས་སུ་འཛིན་པ་སོགས་རང་གཞན་གྱི་དོན་གཉིས་ལྷུན་གྲུབ་ཏུ་འབྱུང་བར་འགྱུར་བའི་ཡོན་ཏན་ཚད་མེད་པས། རྣམ་པར་ཐར་བའི་ཚུལ་འདི་ལྟ་བུ་ལ་གུས་པའི་སྒོ་ནས་བལྟ་བ་དང་། འཆད་པ་དང་། ཉན་པ་དང་། སྤེལ་བར་བྱ་བ་ལ་ཅི་ནས་ཀྱང་བརྩོན་པར་བྱ་བའི་རིགས་སོ། །ཞེས་གསུངས་པ་ལྟར། བླ་མའི་རྣམ་ཐར་ལ་བརྩོན་ན་སྒོ་དུ་མ་ནས་དགེ་བའི་ཚོགས་ཆེ་བར་གཟིགས་ཏེ། སྤྱིར་བླ་མའི་གསང་གསུམ་གྱི་མཛད་པ་མཐའ་ཡས་པས་ཞིབ་ཏུ་བརྗོད་པར་དཀའ་ནའང་། མ་རྒྱུད་སྒོམ་འགྲེལ་ཉི་མའི་དཀྱིལ་འཁོར་ལས། རྒྱུ་བསོད་ནམས་ཀྱི་ཚོགས་ཀྱི་རྒྱལ་པོ་མོས་གུས་སུམ་ལྡན་གྱི་ཕྱག་ཡིན་ནོ། །ཞེས་གསུངས་པ་བཞིན་སོ་སོའི་མོས་ངོར་འཆར་བ་དག་ལ་གཞིར་བྱས་ཏེ་རྗེས་འཇུག་པ་གང་མང་ཞིག་གིས་སྐྱབས་རྗེ་བླ་མའི་རྣམ་ཐར་རྒྱས་འབྲིང་བསྡུས་གསུམ་མང་དུ་སྤེལ་ཟིན་པ་དག་ལས་རྒྱ་ཆེར་གཟིགས་ཤིང་ཡིད་རྟོན་པར་རིགས་སོ། །

  དེ་ལས་ད་ལན་བོན་བརྒྱ་དགོན་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གི་གྲྭ་ཚང་འདུས་མང་སྤྱི་དང་། རེབ་གོང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱ། བྱང་ཕྱོགས་རོང་འབྲོག་སྤྱི་འཐུས་ཀུན་དང་ཁོ་བོ་ཅག་བཅས་ཀྱིས་རེ་བསྐུལ་ངོར། བླ་མའི་ཕྱི་ནང་གསང་གསུམ་གྱི་མཛད་པ་ལ་རྒྱུས་མངའ་ཆེ་ཞིང་། བོད་ཀྱི་གཞུང་ལུགས་སྤྱི་དང་ཁྱད་པར་སྙན་ཚིག་དང་བརྡ་དག་གི་འགྲོས་ལ་གོམས་ཆ་བརྟན་པོ་ཐོབ་པ། བོན་བརྒྱ་དགོན་པའི་མཁན་ཟུར་གཤེན་གྱི་དགེ་སྦྱོང་བ་ཚུལ་ཁྲིམས་བསྟན་པ་འབྲུག་གྲགས་ལགས་ཀྱིས་ཐུགས་ངལ་སོགས་ལ་མ་འཛེམ་པར་ལེགས་པར་བརྩམས་པའི《མཁས་དབང་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོའི་རྣམ་ཐར་ཆེན་མོ》ཞེས་པ་ལེགས་གྲུབ་བྱུང་བར་དགའ་དད་གུས་གསུམ་གྱི་སྒོ་ནས་བཀའ་དྲིན་དང་ཐུགས་རྗེ་བླ་མེད་ཞུ་བར་མ་ཟད། རྣམ་ཐར་འདི་ཉིད་རྗེ་བླ་མའི་གདུལ་བྱར་གྱུར་པའི་རིས་སུ་མ་ཆད་པའི་འགྲོ་བ་མཐའ་དག་གི་དད་མོས་ཀྱི་རྟེན་དང་ཚོགས་གཉིས་ཡོངས་སུ་རྫོགས་པའི་རྒྱུ་རུ་གྱུར་ཏེ། རང་རྒྱུད་ཐ་མལ་བའི་སྣང་ཞེན་གྱིས་བཅིངས་པ་ཐམས་ཅད་གཞིལ་ཅིང་སྐྱབས་རྗེ་བླ་མའི་དགོངས་རྟོགས་ཟབ་མོ་རིང་མིན་རྒྱུད་ལ་འཕོས་ནས་འཁྲུལ་རྟོག་མཐའ་དག་དབྱིངས་སུ་སངས་པའི་རྒྱུ་རུ་ཤོག་ཅིག་གུ།

  ཞེས་པ་འདི་ནི་སྔོན་གླེང་ཞིག་གི་དོད་དུ་རྗེ་བླ་མའི་གསང་གསུམ་བཀའ་དྲིན་གྱི་སྐྱབས་འོག་ན་འཚོ་བའི་དབེན་གནས་པ་ཨ་འཇིགས་ཀྱིས་ཤར་རྫའི་གདན་ས་ནས་ཕུལ།

      རྩོམ་པ་པོ་ངོ་སྤྲོད།

  ཚུལ་ཁྲིམས་བསྟན་པ་འབྲུག་གྲགས་ནི། སྤྱི་ལོ1966ལོར་མཚོ་སྔོན་ཞིང་ཆེན་ཁྲི་ཀ་སེ་བརྒྱར་སྐྱེས། ཆུང་དུས་ནས་ཕ་ཡུལ་གྱི་སློབ་ཆུང་འགྲིམས་ཤིང་། རིམ་གྱིས་མཚོ་ལྷོ་ཁུལ་མི་རིགས་དགེ་ཐོན་སློབ་གྲྭར་ཞུགས་ཏེ་དམའ་རིམ་དང་མཐོ་འབྲིང་གཉིས་ལ་སྦྱངས་བརྩོན་བྱས་ཏེ་བསླབ་མཐར་ཕྱིན། སྤྱི་ལོ1982ལོར་རེབ་གོང་བོན་བརྒྱ་དགོན་ལས་རབ་ཏུ་བྱུང་། དགོན་པའི་ལས་སྣེ་ཆེ་འབྲིང་ཆུང་གསུམ་ལ་སྒྲིག་ཞུགས་མཛད། སྐྱབས་རྗེ་བོན་བརྒྱ་རིན་པོ་ཆེ་དྲུང་ནས་དབང་ལུང་ཁྲིད་གསུམ་གྱི་གདམས་པ་བུམ་པ་གང་བྱོས་ཚུལ་གྱིས་མང་དུ་མནོས། 1990ལོ་ནས་ལོ་ངོ་གསུམ་གྱི་རིང་ལ་སྒོ་གསུམ་བཅད་རྒྱར་བསྡད་དེ། བསྙེན་སྒྲུབ་སྒོམ་གསུམ་གྱི་ཉམས་ལེན་ཆུ་བོའི་རྒྱུན་ལྟར་འབད་ནས་རྫོགས་ཆེན་རྣལ་འབྱོར་གྱི་སྒྲུབ་ཐོན་བྱུང་། 1995ལོ་ནས་རེབ་གོང་བོན་བརྒྱ་དགོན་པའི་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལོ་བཅུ་དང་། སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གི་མཁན་པོ་ལོ་བདུན་ཏེ་ལས་སྣེ་གཉིས་ཀའི་འགན་གཅིག་ལྕོག་ཏུ་འཁུར། ཞོར་ནས་ཕྱོགས་ཡོངས་ཀྱི་སློབ་གཉེར་བ་རྣམས་ལ་ཟུར་ཁྲིད་དགེ་རྒན་བྱས། སྤྱི་ལོ2008ནས་ལོ་གསུམ་གྱི་རིང་ལ། མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པའི་པོད་ཉེར་ལྔ་ཅན་ཏེ་གངས་ཏི་སེ་བོན་གཞུང་རིག་མཛོད་ཀྱི་གཙོ་སྒྲིག་གཞོན་པ་དང་ཞུས་ཆེན་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པའི་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོའི་གསུང་འབུམ་པོད་བཅུ་གྲངས་ལྡན་གྱི་དཔེ་སྒྲིག་པ། བོན་གྱི་བཀའ་བརྟེན་ཆེན་མོའི་ནང་དོན་གནད་བསྡུས་ཀྱི་སྒྲིག་གཙོ་གཞོན་པ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྤེལ་བའི་ཞང་ཞུང་ཤེས་རིག་ཞིབ་འཇུག་དཔེ་དེབ་ཀྱི་དཔྱད་འདེམས་པ། ཀྲུང་ཧྭའི་བཀའ་བརྟེན་ཆེན་མོ་ལས་སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་སྒྲིག་ཞུ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་ཞུས་ཆེན་པ། མཚོ་སྔོན་ནང་བསྟན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བཅས་ཡིན།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།