༢༠༢༢ལོའི་《གཉའ་ཁྲི་བཙན་པོ》སྤྱིའི་དེབ་གྲངས་༢༤པ།

[ཟླ་ཚེས། 2022-12-31 21:09:20][རྩོམ་པ་པོ། ཀ་ཤུལ་བསོད་རིན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ཀྲའེ་སེ་ཕེ་ཐུའུ་ཆིས(Giuseppe Tucci)གཉའ་ཁྲི་བཙན་པོ་ནི་བོད་གནའ་བོའི་རིག་གནས་གསར་རྙིང་གི་གོ་འབྱེད་མཁན་ཡིན་ཞེས་བརྗོད་ཅིང་།
གནའ་བོའི་དབེན་པར་བརྟེན་པའི་ལོ་རྒྱུས་སུ་རྐང་པར་བཀོད་པའི་གཉའ་ཁྲི་ནི་བསྡུས་གཟུགས་ཀྱི་བཙན་པོ་ཞིག་སྟེ།
ཡོ་ག་ལྷ་གྱེས་ཅན་པོའི་ལྟ་བཤད་འོག་ནས་མི་ལོ་སུམ་སྟོང་གི་རྗེས་སུ་ཁྱོད་ཉིད་ཡང་བསྐྱར་མིའི་རིགས་ཀྱིས་གླེང་དགོས་པའི་མི་དེར་གྱུར་དོན་ཅི།
ཀྱེེ།ཁོང་སུ་ཞིག་ཡིན་མིན་གྱི་བཤད་ཚུལ་ཁ་ཤས་བྱུང་མྱོང་བ་བཞིན་རྩོམ་རིག་གི་གུད་ནས་སྒྱུ་མའི་རྒྱལ་རབས་ཤིག་མྱུལ་པའི་ལྟ་གྲུབ་འོག་ཏུ།
ལྷ་རབས་སྨྲ་བ་ཚོ་རྟོག་པ་བརྩིག་རྒྱུ་དགའ་བ་ཙམ་མ་ཡིན་པར་གནམ་གྱི་ཡང་མཐའ་འདིར་ཁྱོད་ཉིད་གཤེགས་སྟངས་ཉི་ཤུ་རྩ་བདུན་པོས་བཙན་པོའི་ཞབས་ཐང་ཡར་ཀླུང་དུ་བསྒྱུར་བའི་གོ་རིམ་བསྟན་ཡོད།
དེ་ནི་མེ་ལོང་དུ་གསལ་བའི་བྱད་འདི་ཕར་གི་སོང་བ་མ་ཡིན་ཡང་།
ཕར་གི་ཤར་བའི་བྱད་འདི་སྒྱུ་མའི་གྲིབ་གཟུགས་ལ་བཏགས་པའི་སྣང་བ་ཡོལ་ཆེ་བ་དེ་རྨུ་ཐག་གི་དར་ཚོན་དུ་བསྒྲུབས་སླ་བས་སོ། །
ཁོ་ཚོའི་འཛིན་པ་མཚར་བོ་ཞིག་ཁྱོད་ལ་བསྔོ་དོན་ཇུས་གཞི་ཡུན་རིང་འཐེན་པའི་སྐད་ཆ་དེའི་མཇུག་བསྐྱང་བའི་ཆེད་དུ་ལགས་ན།
དྲན་བཤད་དང་ཧོབ་བཤད་མཐའ་དག་ཇི་ལྟར་བཟློག་པའི་ཐབས་སུ་ཤོག་བུ་རེ་རེ་བྱས་ཏེ་བདེན་དོན་གྱི་སྐྱེམས་ཆང་ཕོར་གང་ཁྱོད་ལ་མཆོད་འདོད་པ་དེའོ།
།གཉའ་ཁྲི་བཙན་པོ་ནི་རིག་གནས་དེའི་སྣང་འཚབ་མ་ཡིན་པར་རིག་གནས་དེའི་ངོ་འཚབ་ཤ་སྟག་པའོ།
།གལ་ཏེ། ང་ཚོས་ཁྱོད་ཉིད་ཁ་བྱང་འདིར་མ་བདམས་ཚེ།
ཁ་བྱང་འདི་ལ་ལོབ་དྲགས་པའི་ཁྱོད་ཚོར་གནམ་གྱི་ཡང་མཐའ་ལོངས་སྤྱོད་པ་པོར་གྲགས་པའི་བཙན་པོ་འདིའི་གྲིབ་གཟུགས་ཙམ་ཡང་རྟོགས་པ་མི་མངའ་བའི་རིགས་དེ་ཡིན་ཨང་།རི་བོ་དེའི་མིང་ལ་ལྷ་རི་གྱང་ཏོ་ཟེར། གོང་དཀར་སུམ་མདོ་ནས་གནམ་ལ་ཀེར་ན་མཐོང་ཙམ་དུ་ཡོད།
སྐབས་རེར་ཡར་ཀླུངས་གཙང་པོར་ལྷ་རིའི་གཟུགས་བརྙན་བསྡུས་པའི་སྣང་ཚུལ་འདིས། ཀོང་པོ་བོན་རི་དང་།
གཡུང་དྲུང་འཛིན་གྱི་རྡོ་རིང་སོགས་ལ་བཀྲག་མདངས་སྣ་ཚོགས་བསྣན་ཞིང་།
སྔོན་བྱོན་གྱི་རྗེ་བོ་ཁོང་གིས་རི་ཀླུང་འདི་དབང་བསྒྱར་བའི་འདྲ་འབག་ལ་ཡང་བསྐྱར་ལྟ་ཙམ་ཐུབ་ཨང་།
གདོད་མའི་ཚོ་ཤོག་གི་འགྱུར་མཚམས་བར་ནས་ཁྱོད་ཀྱང་ཡར་ལ་བཞེངས་ཏེ་སྟོད་ཀྱི་གངས་རི་ནས་གཙང་པོའི་སྨད་རྒྱུད་དུ་སླེབས། དེ་ནི་མི་ལོ་སུམ་སྟོང་གི་གོང་ཙམ་རེད།
གནམ་ལ་ཞེ་མ་ཐོགས་པར་དོག་ལ་འབབ་དོན་ཅི་ཡིན།རྗེ་རྒྱལ་བཙན་པོ་ལགས།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།