《ལྟ་གྲུབ་ཀྱི་རྣམ་བཞག་ཉི་ཟླའི་དམུ་ཐག》ཅེས་པ་པར་སྐྲུན་འགྲེམ་སྤེལ་བྱས།

[ཟླ་ཚེས། 2022-09-20 16:20:28][རྩོམ་པ་པོ། ཤར་བྲམ་ཟེ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

《ལྟ་གྲུབ་ཀྱི་རྣམ་བཞག་ཉི་ཟླའི་དམུ་ཐག》ཅེས་པ་པར་སྐྲུན་འགྲེམ་སྤེལ་བྱས།

  སངས་རྒྱས་གཤེན་རབ་ཀྱི་རིག་གཞུང་ནི་འཛམ་གླིང་གི་ཞི་བདེ་བསྐྲུན་པའི་རིག་གནས་ཤེས་རབ་དང་སྙིང་རྗེ་ལྡན་ལ་ཆེས་ཆ་ཚང་ཞིང་རྣམ་པར་དག་པ་ཞིག་ཡིན་ཀྱང་། མི་ཡི་ཧོམ་སེམས་ལ་ཚད་མེད་པས་གདུག་རྩུབ་དང་སྒེར་སེམས་ཅན་གྱི་རིག་གནས་ཀྱང་རྒྱུན་མ་ཆད་པར་གོང་འཕེལ་དུ་འགྲོ་བཞིན་ཡོད།

  དུས་སྐབས་འདིའི་ན་གཞོན་ཤིན་ཏུ་མང་པོ་ཞིག་མཐའ་ན་རང་གི་ཕུགས་བསམ་དང་རང་ལ་དོན་ངོ་མ་ཅི་ཞིག་དགོས་མིན་ཙམ་ཡང་མ་ཤེས་པར། མི་རྒྱབ་ཁྱི་རྒྱུགས་ཀྱི་དཔེ་བཞིན་སྣང་བ་སྒྱུ་མའི་ཀློང་ན་མི་ཚེ་སྟོང་ཟད་གཏོང་གི་ཡོད།

  འཇིག་རྟེན་འདི་མ་གཞི་ནས་འཁྲུལ་སྣང་ཞིག་ཡིན་ལ། བརྡ་འཕྲིན་གྱི་དུས་རབས་འདི་ནི་དེ་ལས་ཀྱང་ཚབ་ཆེ་བའི་འཁྲུལ་སྣང་གིས་ཁེངས་པ་དང་། མི་རྣམས་ནི་མ་གཞི་ནས་བསླུ་བྲིད་ཀྱི་འོག་ཏུ་འཚོ་བཞིན་ཡོད་ལ། དྲ་རྒྱ་ཡི་དུས་རབས་འདི་ནི་དེ་ལས་ཀྱང་གཏིང་ཟབ་པའི་བསླུ་བྲིད་ཀྱིས་ཁེངས་ཡོད་པས་ན། ཤི་བོའི་རིམ་གྲོ་དང་གསོན་པོའི་སྐུ་རིམ་སོགས་ལ་ངོ་བོ་རྣམ་གྲངས། དགོས་པ་རྒྱུ་མཚན། འཇུག་ཚུལ་གོ་རིམ་རྣམས་ལ་སེམས་གཏིང་ནས་རྨོངས་ཤིང་། སྙིང་རྗེ་དང་ཤེས་རབ་ཀྱི་བདག་ཉིད་སྟོན་པ་སངས་རྒྱས་ཀྱི་གསུང་རབ་ལ་མི་འཇུག་པ་དང་ལོག་པར་འཇུག་པ་དང་། ཡང་དག་པར་འཇུག་ཀྱང་གཏིང་མི་དཔོག་པའི་གནས་ཚུལ་མང་བའི་སྐབས་འདིར། ང་ཚོ་ལ་ཆེས་ཁ་ཚ་དགོས་གལ་ཆེ་བ་ཞིག་ནི་ཕྲལ་ཕུགས་ཀྱི་ཕན་བདེ་བསྐྲུན་པའི་ཕྱི་ནང་གི་རིག་གཞུང་རྣམས་ཀྱི་ཡང་བཅུད་ཆ་ཚང་འདུས་པའི་དཔེ་ཆ་ཚིག་ཉུང་དོན་གསལ་ཞིག་དགོས་པ་དེ་རེད།

  ལྟ་གྲུབ་རྣམ་བཞག་ཉི་ཟླའི་དམུ་ཐག་ཅེས་པའི་དེབ་གསར་འདི་ནི་ཏག་ཏག་དུས་ཐོག་ཆར་པའམ་ཁ་ཚ་དུས་གཏུགས་ཀྱི་དཔེ་ཆ་ཞིག་སྟེ། འདིའི་ནང་ན་གདོད་མའི་བོད་ཀྱི་ཤེས་རབ་རྣམ་གྲངས་མཐའ་ཡས་པའི་ཡང་སྙིང་འདུས་པའི་ལྷོ་བྱང་དབུས་གསུམ་གྱི་ཐེག་དགུའི་རྣམ་བཞག་མདོ་འདུས་ལ་ཆ་ཚང་བ་ཡོད་ཅིང་། ཕྱི་ནང་གི་མཚན་ཉིད་རིག་པའི་རྣམ་བཞག་དང་ཚན་རིག་གི་ལྟ་གྲུབ་སོགས་འཇིག་རྟེན་གྱི་ཁམས་ཆེན་པོའི་བདེན་དོན་དང་ཤེས་བྱའི་གནས་ལུགས་ལ་འགྲེལ་བཤད་གནང་བའི་རིག་གཞུང་རྣམས་ཀྱི་སྙིང་པོ་བསྡུས་ཡོད། ལྷག་པར་དུ་བོད་གདོད་མའི་ཤེས་རབ་ཀྱི་རིན་ཐང་མངོན་པའི་གཡུང་དྲུང་བོན་གྱི་རིག་གཞུང་ལས་ཤི་གསོན་གྱི་སྡུག་བསྔལ་སེལ་བའི་ཐབས་ལམ་རྟོགས་དཀའ་བ་མང་པོ་སྔོགས་འདོན་བྱས་ཏེ་སྲོལ་རྒྱུན་རིག་གནས་ཀྱི་གལ་ཆེན་རང་བཞིན་དང་། ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་མེད་ཀྱི་རིན་ཐང་ངོ་སྤྲད་བྱས་ཡོད། དཔེར་ན་འདུར་དང་གླུད་དང་བར་དོ། དེ་བཞིན་རྩོད་སྒྲུབ་རིག་པ་དང་རྡུལ་ཕྲན་སྨྲ་བ། སྐྱེ་འཕེལ་དང་གཞི་གྲུབ་རིང་ལུགས། བསྐྱེད་རྫོགས་ཀྱི་རྣམ་བཞག་ལ་སོགས་འཛམ་གླིང་རང་བཞིན་ཅན་གྱི་རིག་གཞུང་རྣམས་བསྟན་ཡོད།

  དེབ་འདི་ནི་རྩོམ་པ་པོ་རྣམ་དག་ཡེ་ཤེས་ཀྱིས་ལོ་ངོ་བཅུ་ཕྲག་ལྷག་ལ་ནང་བསྟན་མཚན་ཉིད་རིག་པའི་གྲུབ་མཐའི་གཞུང་ལུགས་ལ་ཐོས་བསམ་རྩེ་གཅིག་ཏུ་བྱས་པ་དང་། ཞོར་དུ་ཕྱི་ནང་གི་རིག་གནས་ལོ་རྒྱུས་སོགས་ལ་རྟོག་དཔྱོད་ཡིད་ཚིམ་པ་ཞིག་མཛད་པའི་ལག་རྗེས་ཡིན་པས་ན། དུས་ཚོད་ཀྱིས་རྐྱེན་པ་སོགས་བོད་གདོད་མའི་ཤེས་རབ་ལ་ལོ་དང་ཟླ་བར་སློབ་སྦྱོང་བྱེད་པའི་གོ་སྐབས་མེད་པ་རྣམས་ལ་དེབ་འདི་དམིགས་བསལ་ཕན་ཐོག་ཆེ་ཞིག་ཡིན་པས། ཁྱེད་ཅག་གིས་གཡུང་དྲུང་བོན་དང་ཕྱི་ནང་མཚན་ཉིད་རིག་པ་དང་ཚན་རིག་གི་རྣམ་བཞག་སོགས་ལ་རྒྱུས་ལོན་བྱེད་འདོད་ན་དེབ་འདི་ཚར་གཅིག་ཀློག་དང་། དུས་ཚོད་མང་པོ་མི་དགོས་པ་དང་དཀའ་ལས་ཆེན་པོ་མི་དགོས་པར་སྤྱིར་ཤེས་བྱའི་རྣམ་བཞག་དང་འཇིག་རྟེན་གྱི་འབྱུང་གནས་ཐིམ་གསུམ། བྱེ་བྲག་ཏུ་གོང་སྨྲས་ཀྱི་རིག་གཞུང་རྣམས་ལ་རྒྱུས་ལོན་ངེས་ཅན་ཞིག་ཐོབ་པ་ལ་ཐེ་ཚོམ་གཏན་ནས་མི་དགོས་ཞེས་འགན་ཁུར་ཆོག

  སླད་མར་བདག་གི་མཆེད་གྲོགས་དམ་པས་དཀའ་སྡུག་ཁྱད་བསད་ཀྱི་གྲུབ་འབྲས་དངོས་སུ་ལེགས་འགྲུབ་བྱུང་བ་ལ་བཀྲ་ཤིས་རྟེན་འབྲེལ་ཞུ།། ཞེས་ཀོ་རྒྱལ་བཤད་སྒྲུབ་འདུས་སྡེའི་སློབ་མ་འོད་གསལ་ཟླ་བའམ་ཤར་བྲམ་ཟེས་༢༠༢༢/༩/༩ཉིན་བྲིས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།