གངས་རིག་གཏེར་གྱི་སྒེར་དེབ་ང་སུ་རེད་ཅེས་པ་འགྲེམ་སྤེལ་གནང་བ།

[ཟླ་ཚེས། 2022-03-05 10:17:38][རྩོམ་པ་པོ། གངས་རིག་གཏེར།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

དཔེ་འཕྲིན།
སྙན་ངག་ནི་བཙན་གྱིས་བཙིར་ནས་ཡོང་བ་ཞིག་མིན་ལ།  སྙན་ངག་ནི་ལྷོད་ཀྱིས་འཐེན་ནས་ཡོང་བ་ཞིག་ཀྱང་མིན།  དོན་དམ་དུ་སྙན་ངག་ནི་དགའ་སྐྱོ་ཆགས་སྡང་གིས་གཡོ་སྐྱོམ་དང་བཙོ་སྦྱང་བྱས་ནས་ཡོང་བ་ཞིག་ཡིན་པས།  ངའི་སྙན་ངག་ལ་ཁྲག་དྲི་བྲོ་སྲིད་ལ།  ངའི་སྙན་ངག་ལ་སེར་ཆེན་མེ་ཏོག་ལྟ་བུའི་མཛེས་པའང་ཡོད་སྲིད།  དེ་བས་ངའི་སྙན་ངག་ལ་མཚན་ཉིད་མེད་ཅིང་ངའི་སྙན་ངག་ལ་འགྲེལ་བཤད་མེད། རེད་དེ། ང་རང་ནི།  ལས་དབང་ཞིག་གིས་སྙན་ངག་ལ་དགའ་་ཞིང་སྟེས་དབང་ཞིག་གིས་སྙན་ངག་འབྲི་བའི་ལམ་ལ་བུད་པ་ནས།     བྲེད་སྔངས་དང་སུན་སྣང་མེད་པར།  སྙན་ངག་ལ་འཐམ་ནས་ཡོང་བ་ཞིག་ཡིན་པས།   ངའི་དགའ་སྐྱོ་ཆགས་སྡང་གི་ཚོར་འདུ་ཡོད་ཚད་སྙན་ངག་ལ་ཐིམ་ཞིང་།  སྙན་ངག་གིས་ང་ལ་སྐྱིད་དུས་སྐྱིད་རོགས་དང་སྡུག་དུས་སྡུག་རོགས་བྱས་ནས་ཡོང་བས།  ང་ལ་མཚོན་ན་སྙན་ངག་ནི་ཆེས་བཟང་བའི་གྲོགས་པོ་ཞིག་ཡིན་ཟེར་ན་ཆོག  གང་ལྟར།  སྙན་ངག་གི་ཆེད་དུ།  རང་གི་རང་ཚོད་ཀྱིས་དཀའ་ཁག་དང་འགལ་རྐྱེན་ལ་མགོ་བོ་སྒུར་མྱོང་མེད་ལ།  ཞེ་སྣང་མེད་པར་སྙན་ངག་འབྲི་བར་རྒྱུན་སྐྱོང་གནངས་ཏེ།  ལོ་འདི་དག་ལ་བྲིས་པའི་རང་མོས་སྙན་ངག་སྐོར་ཞིག་ད་རེབ་ལྷན་ཏུ་བཏུས་ཏེ་ཉིན་འགའི་མཚམས་ནས་བདག་གི་སྙན་དེབ་གསར་པ༼ང་སུ་རེད༽ཅེས་པ་ཁ་བ་གངས་རིས་བསྐོར་བའི་བསིལ་མོ་ལྗོངས་ཀྱི་ཀློག་པ་པོ་ཡོངས་ལ་ལེགས་སྐྱེས་ཀྱི་ཚབ་ཏུ་དངོས་སུ་འགྲེམ་སྤེལ་བྱེད་འཆར་ཡིན་པས་གུས་པའི་སྙན་ངག་ལ་སྙིང་ནས་གཅེས་གཅེས་དང་སེམས་ཀྱིས་མྱོང་རོལ་བྱེད་འདོད་མཁན་དག་གིས།   ཐུགས་དགོངས་པས་དམའ་གཟིགས་ཤིག་བྱ་རྒྱུ་དང་།  ལྷག་པར་དུ་གློ་བ་དགའ་བ་དག་གིས་ཐུགས་ཁུར་ཟབ་བཞེས་གནང་བར་ཐུགས་རྗེ་མ་ཆུང་ཞེས་གངས་རིག་གཏེར་དུ་འབོད་པས་དཔེ་འཕྲིན་ཚུལ་དུ་སྦྱར་བའོོ།།
གངས་རིག་གཏེར། ༢༠༠༣ལོར་སྐྱེས། རང་ལོ༡༡ཐོག་ཏུ་དགེན་བསླབ་གསུམ་དབང་ཕྱུག་གི་མདུན་ནས་ཡི་གེ་འབྲི་ཀློག་ལ་ཐོག་མར་་སྦྱང་། ལོ་ངོ༡༧ཐོག་ཏུ་གསར་རྩོམ་གྱི་ལམ་ཁར་ཞུགས་ཏེ། དགེན་སྤྲུལ་བའི་སྐུ་རྒྱ་འོབས་སངས་རྒྱས་བསྟན་འཛིན་མཆོག་གཙོས་པའི་དགེན་ལྷ་བུ་བློ་བཟང་དང་དགེ་བློ་གྲོས་སོགས་ཀྱི་མདུན་ནས་སུམ་རྟགས་སྐོར་ལ་སྦྱང་བར་བྱས་པའི་ཞོར་དུ་སྙན་ངག་ཐན་ཐུན་རེ་ཡི་གེའི་ཕྲེང་ལ་བརྒྱུས་ཏེ་དྲྭ་རྒྱ་དང་དུས་དེབ་ཚགས་པར་སོགས་ཀྱི་སྟེང་ལ་བཀོད་མྱོང་། དཔེར་ན། འཁྲི་ཤིང་དུས་དེབ།  རྨི་ལམ་དུས་དེབ།  ཇ་ལོ་དེབ།    གངས་ཅན་དུས་དེབ།  ཚགས་པར་གྱི་ཕྱོགས་ནས་ཡིན་ན། རྫ་ཆུ་ཁའི་ཚགས་པར་དང་། ཁམས་པའི་གསར་འགྱུར་ལས་ཁུངས་ཀྱིས་གཙོ་སྒྲུབ་བྱས་པའི་ཚགས་པར།   ལྗོན་བཟང་ཚགས་པར།   རྔ་བའི་ཚགས་པར།  རྨི་ལམ་གྱི་བཞུད་ལམ་ཚགས་པར།  ད་དུང་ཧི་མ་ལ་ཡི་དྲྭ་རྒྱ་སོགས་སུ་མང་དུ་བཀོད་མྱོང་། ཉེ་ཆར་ཡང༼ང་སུ་རེད༽ཅེས་པའི་སྙན་དེབ་ཅིག་ཀྱང་འགྲེམ་སྤེལ་བྱེད་འཆར་གྱི་སྒང་ཡིན་ཞིང་།  ད་དུང་ཁོང་གིས་རིག་གནས་ཀྱི་ལས་ཀ་ཙག་ཙིག་ཅིག་ཀྱང་སྒྲུབ་ཀྱིན་ཡོད་ལ།  ལོ་ན་ཆུང་རུང་སྤོབས་པས་ཁེངས་བའི་ཁོང་གིས་ཐར་བ་སྡེའི་རིག་གཞུང་རང་མོས་བགྲོ་གླེང་གི་གཙོ་སྒྲུབ་མི་སྣ་དང་ཚོགས་གཙོའི་འགན་ལོ་གསུམ་ཙམ་བཞེས་མྱོང་ཞིང་།  འཕུར་ལམ་ཚགས་པར་གྱི་གཙོ་སྒྲུབ་མི་སྣའི་འགན་ཡང་བཞེས་སྒང་ཡིན་ནོ།། 
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།