《གཡུང་དྲུང་དོན་འགྲུབ་རིན་པོ་ཆེའི་མཛད་རྣམ》པར་སྐྲུན་འགྲེམ་སྤེལ་བྱས་པ།

[ཟླ་ཚེས། 2022-01-16 11:26:48][རྩོམ་པ་པོ། བསོད་ནམས་དབང་རྒྱལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

  དང་པོ། གངས་དཀར་ཏི་སེའི་དཔུང་དང་མཉམ་ཞིང་། མ་ཕམ་གཡུ་མཚོའི་གཏིང་ལས་ཟབ་པའི་རང་རེའི་མེས་པོའི་ཤུལ་བཞག་གི་རླབས་ཆེ་བའི་མཛད་རྗེས་མཐའ་དག་རིང་དུ་བསྲིང་བའི། ལོ་རྒྱུས་ཀྱི་འཕེལ་ཀ་དར་ཕྱིར། རིག་གཞུང་གི་ཚེ་སྲོག་རྒྱས་ཆེད། སྐྱབས་རྗེ་དམ་པ་མཆོག་གི་ཐུགས་རྗེའི་གྲིབ་བསིལ་འོག་ཏུ་གཞོན་པའི་འདབ་ལག་རྒྱས་པའི། ཉེ་བའི་ཆར་རྩོམ་པ་པོས་ལྷག་བསམ་བཟང་པོས་དཀའ་ངལ་འཛེམ་མེད་ངང་དུ། ཀུན་མཁྱེན་ཤར་རྫའི་གདན་ས་རུ་ཐོས་བསམ་སློབ་ལ་གཞོལ་བའི་ཞོར་དུ་བྲིས་གནང་བྱེད་པའི། རྩ་བའི་བླ་མའི་མཛད་རྣམ་སྐལ་ལྡན་དད་པའི་ས་བོན་ཐར་ལམ་གསལ་བའི་སྒྲོན་མེ་ཞེས་པ་དེ་གལ་འགངས་ཆེར་དམིགས་མཛད་ནས་ཡི་གེ་རུ་བཏབ་པ་དང་། དེའི་སྐོར་ནས་བཅར་འདྲི་དང་། འཚོལ་བསྡུ། ཟིན་འགོད་བཅས། མཐོང་ཐོས་དྲན་རེག་གང་བྱུང་བ་རྣམས་གཅིག་ཏུ་བསྡུས་ནས་ད་ལན་དེབ་ཆུང་ཞིག རྒྱ་ཆེ་བའི་དཔྱོད་ལྡན་གཟིགས་མོ་བའི་འདྲེན་བྱེད་མིག་གི་སྟོན་མོ་དང་། ཐོས་འཛིན་རྣ་བའི་དགའ་སྟོན་དུ་འགྱུར་བའི་ཡིད་ཆེས་མེད་ཀྱང་། སེམས་བསམ་པའི་ལེགས་སྐྱེས་ཆུང་ཆུང་ཞིག་གི་དོན་དུ་མེ་ཏོག་ཆུང་ཡང་མཆོད་རྫས་དང་། གུར་ཀུམ་ཆུང་ཡང་སྨན་རྫས་ཟེར་བ་བཞིན། འཇིག་རྟེན་འདིའི་སྒང་དུ་གསར་དུ་བཞད་པ་ལགས་སོ།།

  གཉིས་པ། དད་སེམས་གཡོ་བ་མེད་པའི་ལྷག་བསམ་གྱི་ཐུགས་རྒྱུད་གཏམ་པའི་རང་དགོན་གྱི་བསམ་ཤེས་ཅན་འགས་བཀའ་བསྐུལ་ཟབ་མོ་ངོར་དཀའ་བར་ལྷུར་ལེན་བྱེད་ནས། ད་རེས་རེ་ཞིག་རྒྱ་ཆེ་ཀློག་པ་པོ་རྣམས་པའི་སྤྱན་ལམ་དུ་དེབ་ཆུང་ཞིག་གཟིགས་ཞུ་ཕུལ་ཐུབ་སོང་བས། ཁྱེད་དགེ་རྒན་རྣམས་པའི་རོགས་རམ་དང་ལམ་བསྟན་འོག བྱ་བ་འདི་ལ་ཐོག་མཐའ་ཀུན་ནས་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་དང་ཐུགས་ཁུར་སེམས་ཤུགས་སྩོལ་མཁན་དང་སྦྱིན་བདག་གནང་མི་ཁྱོད་རྣམས་ལ། ལག་ཟུང་ཐལ་མོ་སྙིང་ཁར་སྦྱར་ཏེ་བཀའ་དྲིན་ལན་བརྒྱ་ཞུ་བ་དང་ཆབས་ཅིག་ཏུ། སྐུ་ཚེ་བསྐལ་བརྒྱར་བརྟན་ཞིང་། མཛད་འཕྲིན་མཁའ་མཐའ་ཁྱབ་པའི་སྨོན་འདུན་ཡང་ཡང་ཞུ་བའོ།།

  བསོད་ནམས་དབང་རྒྱལ་གྱིས། 2022 /1/15 ཉིན།

  དེབ་འདི་རྩོམ་པ་པོ་བསོད་ནམས་དབང་རྒྱལ་གྱི་མཚམས་སྦྱོར། བསོད་ནམས་དབང་རྒྱལ་ལམ་གཡུང་དྲུང་ཤེས་རབ་ནི། གཤེན་གྱི་འབྱུང་ལྡན་༣༠༡གི་ནང་ཚན་ཆུ་སྤྲེལ་ལོ་སྤྱི་ལོ༡༩༩༢ལོར་ཉག་རོང་བཞག་རི་མགོ་ལ་སྐྱེས་ཤིང། ཆུང་དུས་ནས་གྲྭ་བ་བྱེད་དེ་དབལ་ཁྱུང་དགོན་དང་བྲག་དབེན་དགོན་པ་གཉིས་ཀྱི་ཚོགས་གྲལ་དུ་བཞུགས། དགོན་པའི་སྦྱོང་གྲྭ་ནང་ལོ་གཉིས་ཙམ་ལ་བོན་གྱི་ཆོ་ག་སྐོར་གང་འཚམ་དང་། འདོན་གྱེར་དབྱངས་བཅས་ལ་སྦྱོང་བ་བྱེད། དེ་ནས་སྤྱི་ལོ༢༠༡༠ལོར་རྔ་ཡུལ་རྟོགས་ལྡན་དགོན་ཆེན་དུ་གྲྭ་སར་ཕྱིན་ཏེ། བཤད་པ་གྲྭ་ཚང་སྡེ་སྣོད་ཐོས་བསམ་ཉི་བྱེད་གླིང་དུ་ཞུགས་ནས་ལོ་གསུམ་ལ་བརྡ་དག་ཁམས་གསུམ་དང་སྙན་ངག་བྲིས་གཟུགས་འདོན་གྱེར་དབྱངས་བཅས་སློབ། དེ་རྗེས་སྤྱི་ལོ་༢༠༡༣ལོར་ཤར་རྫའི་བཤད་སྒྲུབ་སློབ་གླིང་དུ་ཕེབས་ཏེ་ད་ལྟའི་བར་ལོ་ངོ་དགུ་ཡི་རིང་མདོ་སྔགས་རྫོགས་གསུམ་ལ་སྦྱོང་བ་ལྷོད་མེད་བྱེད་ཞོར། གཡུང་དྲུང་བོན་གྱི་གཡས་རུའི་འཆད་རྩོད་ཆེན་མོར་རྩོད་པ་དང་། ཞང་བོད་ཤེས་རིག་གཞུང་བརྒྱའི་བགྲོ་གླེང་སྟེང་དུ་གཏམ་བཤད་སོགས་ཕེབས་ཤིང་། ཞིང་ཆེན་ཕྱི་ནང་གི་རྩོམ་དེབ་དང་དྲྭ་བ་རུ་རྩོམ་རིགས་སྣ་ཚོགས་ཞིག་སྤེལ་ནས། བླ་མ་གཡུང་དྲུང་དོན་འགྲུབ་མཆོག་གི་རྣམ་ཐར་སྐལ་ལྡན་དད་པའི་ས་བོན་ཐར་ལམ་གསལ་བའི་སྒྲོན་མེ་སོགས་བརྩམས་གནང་། ད་ལྟ་ཤར་རྫའི་བཤད་སྒྲུབ་གཉིས་ལོ་ངོ་དགུ་མཐར་ཕྱིན་ཏེ་གནས་དེར་བཞུགས་ནས་ལོ་རྒྱུས་སོགས་མང་ཙམ་འབྲི་བཞིན་པའོ། །

ཞང༧ཉི་རི་ནས་སྦྱར་བའོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།