ལོ་དེབ་༼གཏམ་ཚོགས་གསལ་བའི་བང་མཛོད་༽སྤྱིའི་དེབ་གསུམ་པ་འགྲེམ་སྤེལ་གནང་བ།

[ཟླ་ཚེས། 2022-01-08 09:24:18][རྩོམ་པ་པོ། སྨོན་ལམ་མཐའ་ཡས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

སྔོན་གླེང་གཡུང་དྲུང་རང་འཁྱིལ།
   འཛམ་གླིང་གོ་ལ་ཧྲིལ་པོར་ཡང་རྩེར་ཞང་བོད་ཀྱི་ཕ་གཞིས་ཆེན་མོ་ཡུལ་གྲུའི་ལྟེ་བར་ན་འགྱིང་ངེར་གནས་པའི་གངས་རྒྱལ་ཏི་སེའི་སྤམ་ལས་མཐོ་བའི་ནང་པའི་ཕ་ཆོས་ཆེན་མོ། གཡུང་དྲུང་བོན་གྱི་རིག་གཞུང་འདི་ནི་མི་ལོ་ཆིག་ཁྲིའི་གོང་དར་ཞིང་རྒྱས་ཏེ་འགྲོ་བ་མིའི་རིགས་ཀྱི་འཚོ་བའི་ཁྲོད་དུ་དར་ཁྱབ་སུ་ཕྱིན་ཏེ་རྡོ་ལག་རྒྱུད་དང་ཆུ་ལམ་ཞུགས་ཚུལ་དུ་ད་བར་གནས་ཡོད་པ་སྨྲོས་ཅི་ལ་དགོས། འོན་ཀྱང་གྲུབ་མཐའི་འཐེན་འཁྱེར་དང་སྒེར་དོན་རིང་ལུགས་དུ་མས་འོག་ཏུ་རང་རེའི་མེས་པོའི་རིག་གཞུང་དག་རྒྱང་དུ་བསྲིང་ནས་ཡོད་ཚད་གཞན་ལ་བཅོལ་ཏེ་ལྟ་བ་ངན་པའི་དུག་ཆུ་རྦ་རླབས་རབ་ཏུ་རྒྱས་ཤིང་ཡབ་མེས་གོང་མའི་རིག་གཞུང་དག་བརླགས་ལ་ཁད་དུ་གྱུར་ནའང་དུས་རབས་ཀྱི་འཕོ་འགྱུར་དང་བདེན་དོན་གྱི་ལམ་བུ་ཇི་གསལ་དུ་འགྲོ་བཞིན་པའི་སྒང་འདིར་ཉི་མ་མེ་གྲོགས་དང་ཆར་པ་ཆུ་གྲོགས་ཀྱི་ཚུལ་དུ་ད་ལན་གཉན་རོང་ཨ་གྲགས་ཆབ་མདོ་དགོན་གྱི་ལོ་དེབ་༼ གཏམ་ཚོགས་གསལ་བའི་བང་མཛོད། ༽འདོན་ཐེངས་གསུམ་པ་འདིས་ཡང་གནའ་བོའི་རིག་གཞུང་དང་གནའ་སྲོལ་གྱི་དམངས་ཁྲོད་དུ་མར་ལུང་ཁུག་ཏུ་ལུས་པའི་རིག་གནས་འགའ་སྔོག་འདོན་དང་རྒྱུད་འཛིན་གང་ལེགས་ཡོང་བར་དམིགས་ཏེ། གཡུང་དྲུང་བོན་གྱི་ཡིག་ཚང་དང་ཞང་བོད་མཁས་པའི་དགོངས་དོན་གཙོར་བཟུང་ཐོག་ཞང་བོད་ཀྱི་ལོ་རྒྱུས་དང་། དཔྱད་རྩོམ། ཤིས་རིག  སློབ་གསོ། སྙན་རྩོམ། འོས་སྦྱོར། དམངས་ཁྲོད། གསར་གནས་བཅས་ལ་སྣ་མང་རང་ཞལ་ངོམ་སའི་སྒྲོམ་གཞིའི་ལོ་དེབ་འདི་ཉིད་ལོ་ལྟར་འགྲིམ་སྤེལ་བྱེད་དང་བྱེད་མུས་ལགས་པས། དེ་དག་གི་ལས་རིམ་བཀོད་སྒྲིག་དང་། ཐོག་མཐའ་བར་གསུམ་གྱི་རྩོམ་སྒྲིག་ཐད་ལ་ལྷག་བསམ་དཀར་པོའི་འགན་ལེན་ཞུ་ཁུལ་བྱས་ནའང་། མ་རྟོགས་ལོག་རྟོགས་ཀྱིས་དབང་གི་གཞན་གྱི་མིག་ལམ་མི་མཛེས་པ་དང་། ངེད་རྩོམ་སྒྲིག་པ་རྣམས་ལྟ་རྒྱ་མཐོང་རྒྱ་ཞན་པའི་རྐྱེན་གྱིས་སྒྲིག་འགོད་བྱ་སྟངས་ནོར་བ། རྩོམ་རིག་གི་གཞུང་ལུགས་ལ་ལྟ་རྟོག་ལེགས་པོ་མི་འབྱུང་ཞིང་། རྒྱུ་རྐྱེན་དུ་མ་ཞིག་གིས་ནོར་འཛོལ་ཡོད་ངེས་པས་རྒྱ་ཆེན་ཀློག་པ་པོ་རྣམས་ལ་བཟོད་གསོལ་ཞུ་རྒྱུ་དང་ཆབས་ཅིག་ཏུ། སྨྱུག་ཐོག་པ་ཚོ་ཞུ་གསོལ། འདི་གའི་དུས་དེབ་འགོད་རྒྱུའི་རྩོམ་རིག་གི་འོས་ཚད་གཙོ་བོ་ནི་དུས་དེབ་གཞན་དག་གི་ཐོག་ཏུ་བཀོད་སྤེལ་བྱས་མ་མྱོང་བ་ཞིག་དགོས་ཤིང་། གཞན་པའི་དཔེ་དེབ་སོགས་ནས་རྐུ་བཤུས་བྱས་པ་མ་ཡིན་པར་རང་རྩོམ་ཡིན་དགོས་པ་མ་ཟད་དེ་དག་གི་འགན་ཁྲི་སོ་སོའི་ཁུར་དགོས་པའི་གསལ་བརྡ་སྔོན་བཞིན་ནོ།།
    འདིར་འཁོད་པའི་རྩོམ་རིགས་རྣམས་ངེད་རྩོམ་སྒྲིག་ཚན་ཆུང་གིས་དཔྱད་ཞིབ་གང་ལེགས་བྱས་ཡོད་ནའང་དེང་དུས་ཀྱི་རྩོམ་རིག་སྤང་ལ་ཤ་མོང་རྡོལ་བ་བཞིན་དུ་དུས་དེབ་དང་སྒེར་དེབ་དྲ་ཐོག་སོགས་ལ་ཐོན་དང་ཐོན་བཞིན་ཡོད་པས་དེ་དག་ཚང་མ་ངེད་རྩོམ་སྒྲིག་གིས་མཐོང་ཐུབ་པའི་ངེས་པ་མེད་ཕྱིར་རྩོམ་པ་པོ་རང་རང་རག་ལས་ཀྱི་ཡོད།  མ་ཟད་འདིར་འཁོད་པའི་རྩོམ་རིགས་དག་རྒྱ་ཆེན་རྩོམ་འབྲི་བ་རང་རང་གི་ལྟ་ཕྱོགས་ལས་ངེད་རྩོམ་སྒྲིག་པ་ཚོའི་ལྟ་བ་དང་ལངས་ཕྱོགས་ཡིན་པའི་ངེས་པ་ག་ལ་ཡོད།  འདིར་རྩོམ་སྒྲིག་ཁ་ཕྱོགས་ནི་ཞང་བོད་ཤེས་རིག་དང་རྩོམ་རིག་དགོས་པ་ལས་ཆོས་ལུགས་དང་ཞང་བོད་ཤེས་རིག་ལ་ཕན་མེད་སྨྲ་བའི་ཕྱོགས་དང་ཁྲིམས་ལུགས་མི་མཐུན་པའི་རིགས་འདིར་འགོད་ཀྱིན་མེད་པས་དེ་ལུགས་མཁྱེན་པར་གསོལ།།
                གཤེན་གྱི་བཙུན་གཟུགས་བ་སྨོན་ལམ་མཐའ་ཡས་འབོད་པ་དེས་ལྷ་ལྡན་ཉི་མའི་གྲོང་དུ་༢༠༢༢ལོར་ཟླ་༡པའི་ཚེས་༡ཉིན་སྦྱར་བའོ།།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།