རྩོམ་དེབ་སྒེར་ཚུགས་འགྲེམ་སྤེལ་གནང་བ།

[ཟླ་ཚེས། 2021-08-12 09:01:22][རྩོམ་པ་པོ། (དབལ་ཟེར།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


ཤས་བཟང་སྙན་ཚོམ་ཐང་གཞལ།
(དབལ་ཟེར་གྱི་སྙན་ཚིག་སུད་པ་ཚོམ་བུར་བསྡེབས་པའི་རྩོམ་དེབ་«སྒེར་ཚུགས་»ཞེས་པའི་འགོ་བརྗོད་དུ་གླེང་པའི་མྱོང་འཆར།)
འབུམ་རམས་པ་དགེ་བཤེས་ཆོས་འཁོར་ཚང་རིན་པོ་ཆེ། (ཡུ་རོབ་གླིང་།)
   ཐང་ཐུང་སད་སུད་ཀྱི་སྙན་རྩོམ་ཚོ་ཚོ་ཐུན་ཐུན་རེ་རེ་བརྒྱུད་མར་བསྟུད་དེ་ཀློག་རིང་ཐུང་སྣང་དང་ཉུང་ཚོར་ཞིག་སྟེར་ན། དོན་དངོས་སུ་ཐུང་རུང་ཐུང་བ་དེའང་ཡོན་ཏན་རང་སྟེ། ཚིག་གི་སྙན་ཆས་སྙིང་འཆུ་ཞིང་། དོན་གྱི་རླིང་ཆས་ཡིད་སྐྱོམ་པས། རེ་འདོད་ཀྱིས་རྔམ་པའི་སེམས་པ་དེ་བློ་ཁ་མ་འཚེངས་ཤིང་ཆོག་ཀྱང་མ་ཤེས་ནས། ད་དུང་ཅི་ཞིག་ལ་ཧབ་ཧམ་སྐྱེ་རུ་འཇུག་པ་ནི་རྩོམ་བྲན་དེ་དག་འཇེབས་དྲགས་པའི་ནུས་རྩལ་ལོས་ཡིན། འདི་ནི་«སྒེར་ཚུགས་»བཀླགས་པའི་ཆེས་ཐོག་མའི་འཆར་སྒོ་ཞིག་ཁྱེད་ཅག་གི་སྙན་དུ་ཐིངས་ན་སྙམ།
སྙན་ཚིག་དམ་དུམ་དེ་དག་ཕལ་མོ་ཆེར་སྤུས་ལོ་གཞན་ཞིག་བདོག་པ་ནི། ཀློག་ཅིང་འདོན་པ་ཙམ་གྱིས་མནོ་བའི་ཞིང་ཁམས་སུ་བསྐྱལ་ནས་འཆར་སྣང་བསླས་པའི་དྲ་རྙིར་འཛུད། དེ་ནི་བརྗོད་དོན་གཏིང་རིང་བ་དང་མཚོན་དོན་ཟབ་ཆེ་བས་ཀྱང་ཅི་ལ་མིན། དེས་ན་རྩོམ་ཚན་དེ་རིགས་ལ་རོལ་བ་ནི། ཉི་ཧོང་སྐྱེད་ཚལ་ནང་གི་མཛེས་མས་ཇ་སྐྱེམས་ཀྱི་ཆོ་ག་སྤེལ་བ་དང་འདྲ་སྟེ། བསུང་ངད་ཐུལ་ལེར་སྣོམ་གྱིན་བདའ་མངར་སིང་ངེར་མྱོང་། སྟོང་ཁུན་ཕོ་བྲང་གི་གསེང་གཡབ་ཏུ་གོང་མས་རྒུན་སྐྱེམས་ལ་རོལ་བ་དང་མཚུངས་ཏེ། ཧུབ་ཆུང་གཞིབ་ཆུང་གིས་ཀྱང་མྱོས་སུ་འཇུགསྔོ་བསངས་རྒྱལ་ཁམས་ཀྱི་རི་བྲགས་སུ་གནས་བརྟན་པས་བགྲོད་སྒོམ་རྒྱག་པ་དང་མཐུན་ཏེ། དལ་དལ་ལྷོད་ལྷོད་ཀྱིས་སྒྲིམ་ཞིང་འདོང་།ཁུ་བསྡུས་ཤིག་བརྒྱབ་ན། རོ་སྙོམ་ཕུན་སུམ་ཚོགས་ཤིང་། ཕན་ནུས་གནད་དུ་སྨིན་ལ། དལ་བའི་ཉམས་ཀྱང་སྟེར།
དེ་ལྟར་ནའང་སྐབས་མཚམས་མང་པོར་ཟབ་ཀློང་གི་གཏིང་མཐར་ཕྱིན་ནས་གནས་ལུགས་གང་ཞིག་འཚོལ་བའམ་གཏན་ཚིགས་ཅི་ཞིག་གླེང་བའི་ཚོར་སྣང་ཡང་སྦྱིན། ལར་སྒྱུ་རྩལ་པ་ནི་འཇིག་རྟེན་ཁམས་ཀྱི་མཛེས་སྡུག་ལས་བཟང་འཚོལ་ལེགས་སྙེག་གིས་འཚོ་ཞིང་། རང་ཁོག་ཏུ་འཁྱིལ་བའི་མཛེས་ཆ་དེ་ཕྱི་རོལ་མངོན་ཐབས་སུ་བརྒྱ་འབད་སྟོང་འབུང་གིས་འགུམ། དེ་བས་འཚོ་བའི་སྙིང་པོ་རྩད་ཞིབ་ཀྱིས་རང་ཉིད་གསོན་པའི་གནད་དོན་ལའང་མནོ་གཞིག་གཏོང་བས།  སྐྱེ་བའི་རྒྱུ་རྐྱེན་དང་འཆི་བའི་འབྲས་བུ་སོགས་ལའང་ཚོར་དཔྱོད་ཉམས་སུ་བསྟར་བ་ནི་སྒྱུ་རྩལ་པ་བྱིངས་ཀྱི་འདོ་ཟུངས་སམ་འཁྱེར་སོ་རུ་གྱུར།
རྒྱུན་གཏན་དང་མི་འདྲ་བར་ཐེངས་འདིར་ངས་«སྒེར་ཚུགས་»ཀྱི་ནང་དོན་མ་བཀླགས་པའི་གོང་རོལ་དུ་འདི་ནས་སྙན་རྩོམ་རེ་རེའི་མིང་བྱང་ལ་མིག་གི་ཐོལ་བཤེར་ཞིག་བགས་ཀྱིས་འཕངས་པས། རྩོམ་ཚན་དེ་དག་གི་ཁ་བྱང་གཅིག་པུས་ཀྱང་རང་བཞིན་ཐོག་རྒྱག་ཏུ་རྩོམ་པ་པོ་ནི་མནོ་བསམ་གཏིང་རིང་དང་ཀླད་རྩལ་ཟབ་ཡངས་སུ་སྐོར་མཁན་ཞིག་ཡིན་པའི་ཚོར་བའང་སྤྲད། རེ་ལྟར་ཞེ་ན། «ཤེས་བཞིན་»དང་«བསམ་གཞིག»«ཚུལ་འཆོས་»དང་«སྒེར་ཚུགས།»«གདོང་འབག་»དང་«ལག་དམར།»«རེ་བ་»དང་«རྨི་ལམ།»«ཞེད་སྣང་»དང་«ཐེ་ཚོམ།»«རྒྱང་འབོད་»དང་«དམ་བཅའ།»«ལྐོག་གྱུར་»དང་«རེ་སྒུག་»ཅེས་པའི་འབྲུ་བྱང་དག་ལ་གོ་བ་སུན་རེ་བླངས་ན་བརྡ་དོན་འཕྲོད་པར་ངེས།མ་གཞི་དེ་དག་ནི་སེམས་ཀྱི་འཆར་སྒོ་ཡོད་ཚད་བློ་ངོས་སུ་རྫོང་ཚགས་འགྲིག་པོར་བཀོད་ཅིང་། རང་གི་སེམས་ཚོར་དང་མྱོང་བ་ལ་ཞིབ་དཔྱོད་ཀྱིས་སྔ་ཕྱིའི་རྐྱེན་རྩ་དང་མཇུག་འབྲས་བཙལ་བར་མ་ཟད། འདས་བྱུང་ལས་ཉམས་མྱོང་དང་སློབ་གསོ། སྐབས་ཐོག་ལ་གདོང་ལེན་དང་སྤྲོ་རོལ། རྗེས་འབྲས་ལ་ཚོད་བགམ་དང་སྟ་གོན་བཅས་མྱོང་བྱང་དང་ཚོར་སྣང་དེ་དག་ཧྲགས་བསྡུས་སུ་བསྟར་བར་སྣང་།
དེ་ལས་གཞན་ཞིག་མཐོང་དུ་ཡོད་པ་ནི། སྙན་དེབ་འདིར་བཀོད་པའི་སྲོལ་རྒྱུན་ཚིགས་བཅད་དང་དེང་རབས་རང་མོས་སྙན་རྩོམ་གཉི་གའི་གསེང་ན་གནས་རི་དང་རིག་གྲོང་སོགས་རང་གནས་ཀྱི་ཁོར་ཡུག་ལ་མྱུལ་ཞིབ་དང་མྱོང་འདྲིས་ཀྱིས་རང་སེམས་འཁྲི་བའི་དགའ་ཞེན་དེ་ཉིད་སྒྱུ་རྩལ་གྱི་མཛེས་ལམ་ཞིག་ཏུ་རྣམ་པར་སྤྲུལ་པ་སྟེ། སྙིང་དེའང་རང་བྱུང་ལ་འཁྱུད་ནས། སེམས་ཁམས་གླུ་རུ་དྲངས་ཤིང་། དབྱངས་རྟས་མི་སེམས་ཀྱང་བཀུག་པས་མ་ཚད། ལན་རེར་སྣང་གཡེལ་གྱི་གནས་སུ་བསྐྱལ་ནས་སྒོ་གསུམ་ཡང་དབེན་གསུམ་གྱི་ཀློང་དུ་སིམ་པར་བྱེད་པ་སྟེ། ཞིང་ཁམས་འཚོལ་བ་ལས་ཀྱང་ཞིང་ཁམས་སྐྲུན་པ་ནི་གནད་ཀྱི་སྙིང་པོར་རྗེན་ཁྲིད་ཉག་གཅིག་ཏུ་མཛད་འདུག
དེ་ལྟར་ནའང་«དཔྱིད་ཀའི་ནམ་ཟླ་»དང་།«སྟོན་ལོ་ཚར་ཀྱང་།»«དགུན་གྱི་མྱུ་གུ་»དག་གིས་ནི། གསིང་མའི་མེ་ཏོག་ལ་འཁོར་བའི་བུང་བ་ཡི་འཕུར་ལྡིང་དང་། དལ་འབབ་ཀླུང་གཞུང་དུ་སྤྱོམ་པའི་གསེར་མིག་གི་རྐྱལ་རྩལ། གསེར་མདོག་འོང་ཁ་རུ་ལྡེམ་པའི་འབྲུ་དྲུག་གི་མགོ་ལྕོགས། སྒང་ཐོད་རྫ་ངོས་སུ་རྩེན་པའི་འབྲོང་ཕྲུག་གི་འདུར་རྒྱུགས། ཁ་བའི་ལྷུན་པོ་ལ་འབབ་པའི་ཁུ་འཕངས་ཀྱི་གངས་ཐུལ་སོགས་གླེང་ཡོད་པར་ཚོད་ཚོད་ཀྱིས་མ་རེ་ཞིགགང་གིས་ཤེ་ན། དུམ་ཚན་དེ་དག་ན་འདོད་འདུན་བཞད་པར་སྨོན་པའི་འཚོ་བའི་གོམ་གསར་དང་། རེ་སྤོབས་སྟོང་ཟད་དུ་གྱུར་པའི་ཚི་ཆད་ཀྱི་སེམས་མཚེར། སྐྱོ་བའི་རྡོག་ཁྲེས་ཕོག་པའི་དྲོད་འཁོལ་གྱི་སྤྲོ་སེམས་སོགས་འཚོ་བའི་མངར་སྐྱུར་ཁ་གསུམ་སྟེ། བྲོད་རྒྱགས་པ་དང་། སེམས་བསྣད་པ། སྙིང་ལྡེག་པ་སོགས་དགའ་ནའང་སྒྱུ་རྩལ་དང་། སྐྱོ་ནའང་སྒྱུ་རྩལ། ཁྲོས་ནའང་སྒྱུ་རྩལ་དུ་བསྒྱུར་ཡོད་པ་དག་ནི་སྙིང་བཞོས་པའི་གཏམ་ལས་མ་འདས།
ལར་འཛམ་གླིང་འདིར་དད་པ་དང་རྣམ་རྟོག་རྒྱུ་མཚན་དུ་བཀོད་ནས་གཏན་ཚིགས་དང་བདེན་དངོས་ཀྱི་ཚེ་སྲོག་བཀུམ་པ་གྲངས་ལས་འདས་མོད་ཀྱང་། སྒྱུ་རྩལ་པའི་སེམས་པ་ནི་དོན་དངོས་དང་གནས་ལུགས་ཀྱིས་འཛེངས་རིང་འཕྲེད་ཡངས་སུ་བསྲུན་པས་ཞེ་རྩ་བ་ནས་ཀྱང་གཉོམ་ཞིང་སྙི་བར་གནས། དེས་ན་སྒྱུ་རྩལ་པ་ཕལ་གྱི་སེམས་ཚོར་ཡང་ཡ་མཚན་ཞིག་སྟེ། རྡུང་རྡེག་དང་མནར་གདུང་ཙམ་ལ་མཆི་མ་དེ་ཙམ་མི་དཀུ་ཞིང་། ཞེ་དམུས་ཡི་ཆད་ལའང་སྨྲེ་སྔགས་དེ་ཙམ་མི་འདོན། འོན་ཀྱང་སྒྱུ་རྩལ་དང་འབྲེལ་བའི་སེམས་ཚོར་གྱིས་ནི་མིག་ཆུ་ཤོར་བ་དང་བ་སྤུ་ཟིང་བ་སོགས་ཚོར་སྐྱེན་རྣོ་བའི་གནད་ཀྱང་ཆེས་མང་བར་སྣང་།
དེ་ལྟ་བས་ན་འཇིག་རྟེན་འདིར་བདའ་ཞིང་བསོད་པའི་ཟས་ལ་སྤྱོད་དུས་ཀྱང་ཆེད་ལས་པ་སོ་སོའི་བཞེས་སྟངས་ཀྱང་མི་འདྲ་སྟེ། ཚོང་པས་རིན་གོང་འཆའ་ཞིང་། བླ་མས་བསྙེན་བཀུར་ལྡད་ལ། དཔོན་པོས་གོ་དབང་དམུར་བས། ཨེ་ཞིམ་མི་ཞིམ་གྱི་མཚན་ཉིད་ལ་གཙོ་གནད་དེ་ཙམ་མི་སྟེར། འོན་ཀྱང་སྒྱུ་རྩལ་པས་ནི་འཚལ་མ་དེ་ཉིད་མནོག་པ་རོ་མཆོག་གི་ངོ་བོར་རོལ་བས། བྱན་པོས་བཏབ་པའི་སྤོད་དང་སྡོར་གྱི་བྲོ་བའང་རྙེད་ལ། གཡོས་མས་དྲངས་པའི་མཛའ་བརྩེ་དང་དུངས་ཞེན་གྱི་དྲོད་ཁོལ་ཡང་ཚོར་ནུས། དེས་ན་དབལ་ཟེར་ཡང་སྒྱུ་རྩལ་གྱི་བསུང་ངད་སྣོམ་པར་རྫི་གསང་དོད་ཅིང་། རྩོམ་རིག་གི་རོ་བྲོ་རྙེད་པའི་བདའ་རྒན་མ་ཞིག་ཀྱང་ཡིན་པར་འདི་ནས་ཁུམས།
གང་ལྟར་སྒྱུ་རྩལ་པ་ངོ་ཐོག་གི་འཇིག་རྟེན་ན་སྒྱུ་རྩལ་ལས་སྨར་བ་ཞིག་ཅང་གང་མེད་སྟབས། དེ་ལ་མནངས་ཤིང་གཙིགས། དེ་ཕྱོགས་རྐམ་ཞིང་འཁྲེན། དེ་ཉིད་འཚོལ་ཞིང་སྙེགདེ་དག་འཐུ་ཞིང་སྒྲུགདེ་རིགས་སྐྲུན་ཞིང་རུམ། དེ་ཡིས་འཚོ་ཞིང་གཞེས་པ་སྟེ། མི་ཚེའི་ཐེབས་སུ་བསྟེན་པ་ཙམ་གྱིས་དབུགས་ཀྱི་འབྱིན་རྔུབ་དང་སྙིང་རྩའི་འཕར་ལྡིང་སྙོམ་པ་ལ་ཚིས་སུའང་འགྲོ་སྟབས། སྙིང་དམར་ཡང་སྒྱུ་རྩལ་ལ་འཕྱོ་ཞིང་། སྒྲ་འཛིན་ཡང་སྒྱུ་རྩལ་ལ་བླག་ལ། མིག་དབང་ཡང་སྒྱུ་རྩལ་ལ་ཅེར་ནས་སྒྱུ་རྩལ་ཁོ་ནའི་ཐོག་ནས་རང་རེའི་ཕ་སྐད་མ་ཡིག་བུ་རྩོམ་རྣམས་ཀྱི་གསོ་སྲུང་ཆེད་དུ་བྲད་བྲད་ཧུར་འབུངས་ཞེ་བསྐྱེད་རྒྱུན་པར་གནང་བ་ལས། མི་རིགས་ཀྱི་སླད་ལ་དང་ཤ་ཞེན་དོར་བའི་བླ་འཚོང་ཞིག་ནམ་ཡང་འགྱུར་མྱོང་མེད། འོན་ཀྱང་རང་རེའི་སྤྱི་ཚོགས་འདིར་སྒྱུ་རྩལ་ལ་གལ་འགངས་དང་གཙིགས་མཐོང་མེད་པ་ནི་གཞའ་ཐབས་བྲལ་བའི་མྱད་པ་རུ་མཆིས་པས། དེས་སྒྱུ་རྩལ་པ་རྣམས་ཀྱི་ཡིད་གསོད་ཅིང་བློ་ཕམ་ལ་སེམས་སྐྱོ་བ་ཙམ་ལས་གཞན་ནི་ཐབས་ཀྱང་ཆག
དེ་བས་སྤྱི་ཚོགས་ཀྱི་ཀླད་པའི་འཁོལ་ནུས་རྫོགས་མཚམས་སུ་སྒྱུ་རྩལ་གྱི་རྣམ་དཔྱོད་དེ་སྐོར་འགོ་འཛུགས་པར་གྲགས་པས། དེ་ནི་སྒྱུ་རྩལ་པ་རྣམས་རིས་དྲུག་ལས་ཀྱང་འགྲོ་བ་གཞན་ཞིག་ཡིན་པར་མོལ་འདོད་མིན་ཡང་ཀླད་པའི་རྩ་ཁ་མ་འདྲ་བར་གནས་པའམ་ཀླད་པའི་གཏོས་ཀྱང་འཕར་མ་རུ་མེད་དམ་སྙམ།
དེས་ན་སེམས་འཕང་མཐོ་དགོས་པ་ཞིག་ལ་སྒྱུ་རྩལ་པའི་སྙིང་གདོས་དང་གློ་གཤོགས་གཉིས་གང་ཐད་ནས་གཞན་ལས་ཆེ་བ་དེས་ནི། “སྒྱུ་རྩལ་”ཞེས་པའི་བརྡ་ཆད་ནང་གི་“ཛ་”ཡིག་དེ་ནི་“རྫུན་”ལ་གོ་བའི་ངེས་ཤེས་ཤིག་ཀྱང་གཏད།
ད་དུང་འདི་ན་«ཐོ་རངས་ཀློང་གི་སེམས་འགྱུ་»དང་།«ཞོགས་པའི་སྣང་བ་རབ་རིབ།»«མཚན་མོའི་རང་མདངས།»«མུན་པར་བཏགས་པའི་ཐ་སྙད།»«ཤིན་ཏུ་འཁྱག་པའི་ཉི་འོད་»ཅེས་པ་སོགས་ལས་ཀྱང་དུས་ཀྱི་འགྱུར་འགྲོས་དང་བསྟུན་ནས་གཞན་གྱི་བྱ་སྤྱོད་དང་རང་གི་ཚོར་སྣང་སོགས་མི་རིགས་ཀྱི་ལས་དབང་ཡན་ལ་འགྱུར་ལྡོག་ཕྱིན་པ་དག་ལ་དྲན་སྐུལ་གྱི་ཅོང་བརྡ་ཞིག་ཀྱང་བཏང་། མ་གཞི་དུས་ནི་གང་ས་གང་དང་ཕྱོགས་ངོས་མཐའ་དག་ནས་རྣམ་པ་ཀུན་དང་ནམ་ཞག་རྒྱུན་དུ་འགྱུར་བཞིན་གནས། འགྱུར་བ་དེ་དང་བསྡོངས་ནས་ཕྱི་དངོས་པོའི་གནས་ཚུལ་དང་ནང་སེམས་པའི་སྣང་ཚུལ་ལའང་འགྱུར་བ་ཐེབས་བཞིན་པ་ནི་གཤིས་སུ་གྲུབ། འོན་ཀྱང་། ཉེ་སྐོར་ལ་འགྱུར་བ་ཇི་ཙམ་ཕྱིན་ཡང་སོ་སོ་རང་ངོས་ནས་ཞར་ཡང་འགྱུར་མི་རུང་བའི་སྒེར་ཚུགས་བརྟན་དགོས་པའི་གནད་ཀྱང་མང་ལ།ཚོ་ཤོག་སྤྱི་ཚོགས་ངོས་ནས་ཀྱང་ནམ་ཡང་འགྱུར་མི་འོས་པའི་ཚགས་འགྲིག་དམ་དགོས་པའང་དེ་བས་མང་། ལྷག་པར་དུ་མི་རྣམས་དུས་ཀྱིས་མི་འགྱུར་བར་སྲེད་པས་འགྱུར་བར་གྲགས་པས། དགའ་ཞེན་དང་འདམ་ག་ཁོ་ནའི་དབང་དུ་མ་ཤོར་བར་རང་གི་སྤྱི་ཚོགས་དང་མི་རིགས་ཀྱི་བདེ་སྡུག་སླད་ཁུར་དུ་བབ་པའི་འགན་འཁྲི་དེ་ཉིད་ཐེད་ལ་མི་འཕེན་པར་གཙིགས་གཙིགས་གཅེས་གཅེས་ཀྱིས་འཁུར་བསམ་བཞེས་ན། དམངས་ཀྱང་སྡེབ་འུར་ཙམ་གྱིས་མིན་པར་ངོ་ཐོག་ཏུ་ཕྱག་ཕྱིར་བསྐྱོད་པར་ངེས་སྟབས། ནམ་ཞིག་སླད་འབྲང་པ་དེ་དག་གི་ཁྱུ་སྣ་འདྲེན་པའི་སྒྱུ་རྩལ་མཁན་པོ་ཞིག་ཏུ་འགྱུར་ཏ་རེ།
མ་གཞི་གློ་ཤོ་རྒོད་པ་དང་ངག་སྒོ་གཅང་པ་ཙམ་གྱིས་སྙན་ངག་པར་མི་འགྱུར་ཏེ། སྙན་ངག་པ་ལ་གསར་གཏོད་དང་ལེགས་བཅོས་སོགས་སྒྱུ་རྩལ་གྱི་ཚོར་ཤེས་ཀྱང་བདོག་དགོས། དེ་ལྟར་ལྡན་པའི་རྣམ་དཔྱོད་དེ་ལྕགས་རིས་སྐོར་བའི་ར་བས་ཀྱང་སྐྱིལ་མི་ཐུབ་ལ། སྒོ་གཏན་ཟྭ་རྒྱག་གིས་ཁྲི་མུན་དུའང་འཛུད་ཐབས་མེད། དེས་ན་རིག་རྩལ་དེས་རྒྱུན་པར་མི་སེམས་སྒུལ་ཞིང་སྐྱོམ་པར་བྱེད་པའི་ཚིག་འབྲུ་རེ་བསྒྲུགས་ན། དེ་ལས་རིམ་པས་གཞན་གྱི་མི་ཚེར་འགྱུར་བ་གཏོང་བའི་ཚིགས་བཅད་རེའང་ཐོན་ནུས་ཤིང་། མཐའ་མར་འཛམ་གླིང་འདིའི་གནམ་ས་ཡང་བླ་མཐང་བསྒྱུར་བར་ནུས་པའི་དཔེ་དེབ་ཀྱང་འབྲི་ཐུབ་པའི་སྟོབས་ཤུགས་ཀྱང་འབྱུང་།
མདོར་ན་«སྒེར་ཚུགས་»འདིར་རྩོམ་པ་པོས་སྔར་བྱུང་དང་འབྱུང་འགྱུར་ལ་གཟབ་ནན་གྱིས་གཞིགས་ཤིང་། གནད་དོན་གྱི་རྒྱུད་རིམ་ལ་ལྟ་རྟོག་ཞིབ་གཟིགས་ཀྱིས་ཁོར་ཡུག་ལའང་ཐུགས་སྣང་དོ་ནན་སྤྲད་པས་ཀློག་པ་པོའི་ཡིད་ངོར་གློག་བརྙན་ལྟར་འཆར་དུ་འཇུགད་དུང་སྣང་ཡུལ་གྱི་དངོས་པོར་དམིགས་གཏད་ཀྱིས་དེའི་ཕག་ན་གནས་ལུགས་ཅི་ཞིག་ཡོད་མེད་ལ་བློ་མིག་གཏོད་པ་ནི་ཁོང་གི་རང་གཤིས་སུ་མཆིས་པས། འཚོ་བའི་ཕ་རོལ་གྱི་འཆི་བ་དང་། འཆི་བའི་རྗེས་ཀྱི་ལྐོག་གྱུར་གནས་ལའང་དོ་དབྱིངས་ཞུགས་པ་སོགས་རང་གི་རྣམ་དཔྱོད་དང་རིག་རྩལ་དེ་བཞིན་ཚོར་འདུ་རྣམས་གཅིག་ཏུ་སྤུངས་པ་རྣམས་ལ་དལ་བུས་མནོ་འདང་ཞིག་བརྒྱབ་ན་དབལ་ཟེར་གྱི་སྒྱུ་རྩལ་གནས་ཚད་ཀྱི་དྲོད་ཀྱང་འདི་ནས་ཉུལ་ཐུབ།
སྙན་དེབ་འདི་ཉིད་ཀློག་གིན་ཀློག་གིན་སེམས་ལ་སྐྱེས་པ་ཞིག་ནི་ཚིག་སྦྱོར་མི་སྙན་པ་རྩད་འཚོལ་བགྱི་བའི་འདུན་པ་དེ་ལགས་ཀྱང་། དེ་ལྟར་རྙེད་དུ་མེད་པས་ངལ་ཞིང་། ནོར་སྐྱོན་འཚོལ་བ་དེའང་སྐྱོན་དུ་གྱུར། དེས་ན་སྙན་ཚིག་འདི་དག་མཚན་ལ་བཀླགས་ན་གཉིད་ཀྱང་སངས་ལ། ཉིན་ལ་བཀླགས་ན་ངལ་ཡང་གསོས་ཟེར་ན་ཁ་ཤོམ་དུ་འགྲོ་མོད། འོན་ཀྱང་སྟོང་མཇུག་མེད་པའི་ཤོབ་རྫུན་ལ་དུས་ཚོད་རེ་གྲོན་དུ་གཏོང་བ་ལས་ཀྱང་མནོག་ཆེ་ཞིང་སྒྱུ་རྩལ་གྱིས་གཏམས་པའི་སྙན་ཚོམ་ལེགས་ཐོག་མཛེས་བརྩེགས་སུ་བསྟར་བ་འདི་དག་ལ་རོལ་ན་སེམས་ལ་བདེ་བ་སྦྱིན་པ་མ་གཏོགས་གླལ་སྒྱིང་རྨྱང་དུ་མི་འཇུག་པའི་རྒྱལ་གཏའ་ཡང་བདག་གིས་བསྐུག་པར་ཕོད།
འདི་མུར་གླེང་བརྗོད་ཀྱི་མཇུག་རྫོགས་པའི་མཚམས་སུ་ལྷགས་ཀྱང་རང་གི་བློ་ཁ་དེ་ཙམ་མ་རྫོགས་ཏེ། དུས་གྲོན་གྱི་དུས་མདའ་ཐུང་རྐྱེན་དུས་འབྲས་དེ་ཙམ་མ་སྨིན་པར་སྙམ་པའི་སྙིང་ལམ་ཞིག་ད་དུང་ཡང་ལྡས།དེ་ནི་ཚི་རིང་གིས་ནར་འགྱངས་སུ་བཤོལ་བ་མིན་ལ། སྒྱིད་ལ་ཉེས་པས་ཁོང་སྙོམ་དུ་གྱུར་པའང་དེ་བས་མིན།མ་གཞི་རྩོམ་པ་པོས་དོ་གལ་ནན་ཏུར་ངང་ཁ་བཅོལ་ངག་བཅོལ་གྱིས་གསལ་ཡང་བཏབ་མོད།འོན་ཀྱང་དུས་འཛིངས་འདོམ་འདྲེས་ཀྱི་ལས་བྲེལ་ནང་འགོལ་གསེང་ནི་བརྒྱ་ལམ་ཙམ་ལས་མ་རྙེད་སྟབས། ཟང་ཟིང་རྟབ་རྟོབ་ཀྱིས་ཅི་བྱུང་གང་ཐེབས་སུ་བྲིས་ན་རྗེས་སུ་གཅགས་ངེས་ཡིན་པར་རང་གིས་ཀྱང་ཤེས་ཏེ། ཀློག་ཀླག་ཙམ་དུ་མ་བོར་བར་ནངས་རེ་དགོང་རེ་ཁོམ་ཙམ་ལོང་ཙམ་བྱུང་སྐབས་སྙན་དེབ་ཞིབ་བལྟས་ཀྱིས་བྲིས་པའི་ཁུལ་དུ་གནས། དེས་ན་འདི་གའི་ཚིག་དོན་ཅི་ཐད་ནས་སྤུས་ཐང་ཞན་ཞིང་དམན་ཚེ། སྒྱུ་རྩལ་གྱི་རྩ་གསུམ་ཀུན་འདུས་ཏེ་སྨྲ་དབང་བློ་གྲོས་གཏེར་འཛིན་གང་ཉིད་མྱི་བོའི་གཟུགས་སུ་རྣམ་པར་སྤྲུལ་པ་གང་དག་གི་སྤྱན་སྔར་འཆགས་བཞིན་བཟོད་གསོལ་དང་བཅས་མཐའ་ཆུམས་བགྱིད་དོ། །
ཞེས་པ་འདི་ནི་དོལ་པོའི་འབུམ་རམས་པ་ཆོས་འཁོར་ཚང་དགེ་བཤེས་ཉི་མ་འོད་ཟེར་དུ་འབོད་པའི་རྒྱལ་ཁམས་པ་དེས་(༢༠༢༡།༠༥།༡༣)ཉིན་ནུབ་ཕྱོགས་ཡུ་རོབ་གླིང་ཆེན་གྱི་ལྟེ་དཀྱིལ་དུ་ཆགས་པའི་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པ་རག་ནས་སྤེལ་བའོ།། །།

རྩོམ་པ་པོ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།