དཔལ་ལྡན་རྣམ་རྒྱལ་གྱི་སྙན་དེབ་གསར་པའི་འགྲེམ་བརྡ།

[ཟླ་ཚེས། 2021-03-06 21:14:14][རྩོམ་པ་པོ། སྡེ་དགེ་བ་དཔལ་ལྡན་རྣམ་རྒྱལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

རྩོམ་པ་པོའི་ཁ་བརྡ།
   རྣམ་དཔྱོད་དང་ཤེས་རབ་ཀྱི་རྩ་སྒོ་ཡངས་མོར་ཕྱེས་ཞིང་ཐོས་བསམ་དང་འཆད་ཉན་གྱི་སྤོབས་པ་ལྷུག་པོར་གྲོལ་བའི།     སྙིང་ཉེ་གཞུང་དྲང་གི་ཀློག་པ་པོ་ལྷན་རྒྱས་ཁམས་བཟང་། ད་ཐེངས་གུས་པ་རང་གིས་མི་ལོ་དུ་མར་དགའ་ཕྱོགས་ཀྱི་ལམ་བུར་བསྙེག་སྟེ་དགེ་རྒན་དམ་པ་ལྷ་བུ་བློ་བཟང་གི་མདུན་ནས་ཐུན་མོང་གི་རིག་གཞུང་ལ་ཐོས་བསམ་ཕྲན་བུར་བྱས་དང་བྱེད་ཀྱིན་པའི་བར་གསེང་ནས།        དགའ་ཕྱོགས་དང་ཕུགས་མདུན་གྱི་ལམ་ཁ་རྒྱ་སྐྱེད་ཡོང་ཆེད་དུ་དགེ་རྒན་དམ་པའི་བཀའ་དང་རང་གི་རེ་བའི་ལག་ཟུང་མཉམ་དུ་བསྲིངས་ཏེ། མི་སྒེར་གྱི་སྙན་དེབ་《ངུར་སྨྲིག་གྲོང་གི་ཐོལ་གླུ།》ཞེས་པའི་ཚིག་བཅད་དང་རང་མོས་གཉིས་མཉམ་དྲིལ་ཅན་ཞིག་ཀློག་འབྲི་བརྩོན་གསུམ་ལ་ཧ་ཅང་གྲུང་པོའི་གྲོགས་པོ་རྣམས་ཀྱི་སྤྱན་ལམ་འབུལ་ཡོད་ལ།    འདི་ནི་མི་སྒེར་རང་ཉིད་ཀྱི་སྙན་དེབ་ཐོག་མ་དེའང་ཡིན།    སྤྱིར་སྙན་ངག་ཅེས་པ་འདི་ནི་མི་སེམས་སྐྱོ་གར་ལ་འདྲེས་པའི་མྱོང་ཚོར་ཏེ། དགའ་སྐྱོ་ཆགས་སྡང་གི་ཚོར་བ་དྲག་ཏུ་ལྡང་ཞིང་དད་འདུན་མོས་གུས་ཀྱི་གཉུག་མ་ཚར་བར་གཤག་པའི་ཤེས་རབ་ཀྱི་སྡིངས་ཆ་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་འདུག་པས།         ངས་ཀྱང་ལོ་འདི་དག་གི་ཚོར་ངད་སྙི་མོ་དག་ལས་བརྗོད་པར་འདོད་པའི་སྐད་ཆ་རེ་རེ་བརྡ་དག་རིག་པའི་སྦུབས་སུ་དྲངས་ནས་སྙན་ངག་བུ་མོའི་གཟུགས་སུ་བཞེངས་མདོག་གིས།《ངུར་སྨྲིག་གྲོང་གི་ཐོལ་གླུ།》ཞེས་པའི་ཁ་བྱང་ཅན་ཞིག་སྙན་ངག་དེབ་ཅིག་ཡིན་པའི་བསྒོམ་བྱ་རུ་བསྐྲུན་ནས་ཡོད།
   ཡིན་ན་ཡང་། ཕྲན་ཆུང་ང་ནི་ནམ་རྒྱུན་རང་ཡུལ་ནས་ས་མཐར་འགྲིམ་ཞིང་ས་མཐའ་ནས་དགོན་པ་དང་། དགོན་ནང་ནས་སྒྱིད་ལུག་དང་རྣམ་གཡེང་ཁོ་ནར་ཉི་མ་འཆོར་བ་རེ་ནས་འདུག་མཁན་ཞིག་ཡིན་པས། བདག་གིས་ཁྱེད་ཚོར་ཕུལ་བའི་ལེགས་སྐྱེས་ཀྱི་དེབ་ཆུང་འདིས་ཁྱེད་རྣམ་པར་ཡིད་མགུ་བའི་སྣང་བརྙན་གསོན་པོ་ཞིག་དང་ཐུགས་དགྱེས་པའི་ལེགས་ཚོར་རྣལ་མ་སོགས་ཅི་ཡང་སྟེར་མི་ཐུབ་ནའང་།   ད་ཐེངས་ཀྱི་དུས་འདིར་ང་རང་གྱི་ནར་མ་བསྡད་པར་དབྱངས་ཅན་ལྷ་མོ་སྙིམ་པར་དྲངས་ཏེ་སེམས་ཚོར་ཡོད་ཚད་ཤོག་ལྷེར་བརྒྱུས་པའི་དེབ་ཅིག་ངང་གིས་སྐྲུན་ནི་ཡིན། དེ་ནས་སྙིང་ཉེ་ཞིང་བློ་དཀར་བའི་ཀློག་པ་པོ་རྣམས་ཁོམ་ལོང་ཕྲན་ཙམ་རེ་བྱུང་ན་ངས་སྙན་ངག་ཏུ་རློམ་གྱིན་པའི་རྩོམ་ཡིག་དག་གིས་གྲུབ་ཅིང་སྙན་དེབ་ཅེས་པའི་མཚན་བྱང་ཡང་བཞེས་པའི་དེབ་ཆུང་འདིའི་ཁྱད་ཆོས་དང་ཉམས་སྣང་གང་ཡོད་ལ་རོལ་ཙམ་མཛད་རོགས།
ཡང་གཅིག་བཤད་ན། བདག་གིས་བྲིས་པའི་བཅད་རྩོམ་དང་རང་མོས་གཉིས་ལ་བཏགས་ནོར་དང་ཡིག་ནོར་ལ་སོགས་ཏན་ཏན་ཡོད་སྲིད་པས། དེ་དག་གི་སྐྱོན་གྱིས་སྙན་དེབ་ཉིད་ལའང་སྐྱོན་བསྩལ་བ་ལགས་ན།  གཟུར་གནས་ཀྱི་རྣམ་དཔྱོད་རིག་པ་ཅན་དག་གི་དྲུང་དུ་མཐོལ་བཤགས་དང་བཟོད་གསོལ་སྙིང་ནས་ཞུ།

མཇུག་མཐར།
བདག་གི་སྙན་དེབ་ཐོག་མ་《ངུར་སྨྲིག་གྲོང་གི་ཐོལ་གླུ།》ཞེས་པ་འདི་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བླ་མེད་བགྱིས་པའི་རང་དགོན་གྱི་མཆོག་སྤྲུལ་བསྟན་འཛིན་རྒྱ་མཚོ་མཆོག་དང་དྲིན་ཆེན་གྱི་དགེ་རྒན་ལྷ་བུ་བློ་བཟང་རང་དགོན་གྱི་གྲྭ་བཙུན་འཇམ་དབྱངས་མགོན་པོ་ཁམས་རིན་སྤུངས་དགོན་གྱི་གྲྭ་བཙུན་དཀོན་མཆོག་བསྟན་འཛིན་རྣམ་པ་གཙོས་པའི་ཁྱིམ་མི་དང་སློབ་གྲོགས་གཉེན་ཉེ་ཡོངས་ལ་དཀྱུས་གཅིག་ཏུ་བཀའ་དྲིན་ཡང་ཡང་ཞུ་འོས་སོ།།
ཞེས་སྡེ་དགེ་བ་དཔལ་ལྡན་རྣམ་རྒྱལ་གྱིས།

རྩོམ་པ་པོའི་ངོ་སྤྲོད།
   པིར་མིང་ལ་གསར་སྨྱུགས་དང་། དངོས་མིང་དཔལ་ལྡན་རྣམ་རྒྱལ་དུ་འབོད་པ་ནི། སྤྱི་ལོ༡༩༩༨ལོའི་ཟླ༦པར་འབྲི་ཟླ་ཟབ་མོའི་ནུབ་ཕྱོགས་ཀྱི་སྡེ་དགེའི་མགོ་ལོན་ཞེས་པ་རུ་སྐྱེས། ༢༠༡༡ལོར་ཨ་མདོ་རྔ་བར་ཕྱིན་ཏེ་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་མཚན་ཉིད་ཐོས་བསམ་གྱི་སྡེ་རུ་ཞུགས། ༢༠༡༥ལོ་ནས་སྙན་ངག་གསར་རྩོམ་གྱི་ལམ་ཁར་ཞུགས་ཏེ་བསྟུད་མར་༢༠༢༠ལོའི་བར་དུ་དགའ་ཕྱོགས་དང་འདོད་མོས་ལྟར་དུ་སྙན་རྩོམ་མང་ཙམ་བྲིས། བྲིས་བྲིས་པ་དག་ལས་རྩོམ་ཡིག་འགའ་རེ་ལོ་དེབ་《གསས་མཁར།》   《གངས་ཏི་སེ།》 《དཔོན་གསས་བླ་མའི་རྗེས་དྲན།》སོགས་དང་།  དྲྭ་ཚིགས་ཁ་ཤས་སོགས་ཀྱི་ནང་དུ་མི་ཉུང་བ་ཞིག་བཀོད་མྱོང་།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།