སྙན་དེབ«ཁྱུང་རུའི་དབལ་མེ»ཞེས་པ་པར་བསྐྲུན་འགྲེམ་སྤེལ་བྱས།

[ཟླ་ཚེས། 2020-03-30 11:07:37][རྩོམ་པ་པོ། འབུམ་རམས་པ་དགེ་བཤེས་ཆོས་འཁོར་ཚང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


དབལ་འབར་ཁྱུང་གི་རུ་ཐུར།

  (དགེ་རྩེ་ཀུན་ཁྱབ་ལགས་ཀྱི་སྙན་རྩོམ་ཕྱོགས་བསྒྲིགས་<<ཁྱུང་རུའི་དབལ་མེ་>>ཞེས་པའི་སྔོན་གླེང་།)

  རང་རང་གི་འདོད་ཞེན་རྔམ་སེམས་འགྲུབ་སླད་བྲེལ་སྟབས་ཀྱི་འཁྲུག་ཆ་དང་ཟིང་ཆ་རྒོད་པས་ཟ་ལོང་དང་ཉལ་ཁོམ་བྲལ་བའི་འཇིག་རྟེན་འདི་གློ་བུར་ཐོག་རྒྱག་ངང་”ཏོག་དབྱིབས་”སུ་འབོད་པའི་རིམས་ནད་ཅིག་གིས་ཆུ་མཚམས་བཅད་པ་ལྟར་ཡོད་ཚད་དལ་ཅག་གེར་འགག་པའི་མོད་ལ་མ་བསམས་ས་ནས་རང་ཁྱིམ་དུ་ལྷོད་ཤིག་ཤིག་ངང་སྡོད་པའི་སྙོམ་ལས་ཤིག་ཀྱང་ཐོབ། སོས་དལ་འདིར་སྙན་ངག་པ་དགེ་རྩེ་ཀུན་ཁྱབ་ལགས་ཀྱིས་ཁོང་གི་སྙན་རྩོམ་ཕྱོགས་བསྒྲིགས་<<ཁྱུང་རུའི་དབལ་མེ་>>ཞེས་པར་དཔྱད་པའི་རང་བཞིན་ལྡན་པའི་སྔོན་གླེང་ཞིག་འབྲི་བར་བསྐུལ་བས། ཚམ་ཚོམ་མེད་པར་དང་དུ་བླངས་ནས་སྙན་རྩོམ་ཆ་ཚང་ཐེངས་གཉིས་ཙམ་རོལ་མྱོང་བྱས།

  དགེ་རྩེ་པ་དང་བདག་ནི། ལེ་བར་སྟོང་ཚོས་བར་རྒྱང་བཅད་པའི་རི་སོ་སོ་དང་ཆུ་ཁ་ཁ་ལ་བརྟེན་ནས་ལོགས་སུ་འཚོ་རུང་། ངེད་གཉིས་ཀའི་མགོ་ཐོག་གི་དགུང་ཨ་སྔོན་གཅིག་ཅིང་། འོད་སྣང་སྦྱིན་པའི་ཉི་ཟླ་སྐར་གསུམ་ཡང་གཉིས་སུ་མེད་སྟབས། ཁོས་ཡར་བསྒྲེངས་པའི་དམུ་སྐས་དང་མར་བསྣར་བའི་དམུ་ཐག་གི་དགོས་དམིགས་དང་དོན་སྙིང་ལ་ང་རང་རྒྱུས་མངའ་དང་འདྲིས་ཆ་ཅི་བས་ཆེ།

  ལར་<<ཁྱུང་རུའི་དབལ་མེ་>>ཞེས་པའི་ཁ་བྱང་གཅིག་པུར་བསམས་ཚེ། ན་གསར་ཞིག་གིས་གནའ་རབས་ཀྱི་འཇིག་རྟེན་ཁམས་དང་ད་ལྟ་ཤོག་འགྱིག་གི་དུས་རབས་ཟུང་གི་སྤྱི་ཚོགས་ལ་མཐུད་སྦྲེལ་ཞིང་སྣེ་སྦྲགས་པས། ཕུགས་རྡིག་རྙིང་པ་རྣམས་གཉེར་དཔོན་གསར་པར་བདག་ཟིན་པའི་རྟགས་མཚན་ཡང་མངོན། དེས་ན་འབྱུང་འགྱུར་གྱི་ཁ་ཕྱོགས་ལ་གདེང་ཐུབ་ཀྱི་བློ་འགེལ་དང་། མགུ་སེམས་ཀྱི་ཚིམས་པས་བདག་ཡིད་ཀྱང་གཏམས།

  རྒྱུ་མཚན་ནི། ནམ་མཁའི་འདོ་བ་འདབ་ལྡན་ཀུན་གྱི་དབང་ཕྱུག་སྟེ། བྱ་རྒྱལ་ཁྱུང་ཆེན་ནི། གནའ་བྱ་སྲིད་པའི་མཁའ་ལྡིང་ཞེས་སྣོད་བཅུད་འགོ་མར་ཆགས་པའི་ཆེས་ཐོག་མའི་དུས་ནས་མཆིས་ལ། ལྡིང་འཇུམས་ལྡེམ་རྩལ་གྱིས་མཁའ་དབྱིངས་གོང་མའང་ཁ་ལོ་བསྒྱུར་ནས། དཔག་བསམ་གྱི་ཤིང་རྩེར་བྱ་མལ་འཆའ་ཞིང་རི་རབ་ཀྱི་ཡང་སྟེང་ནས་འགྱིང་སྟབས། འདིས་ཐེག་པའི་ཡང་རྩེ་སྲིད་པ་གཡུང་དྲུང་གི་བོན་རིན་པོ་ཆེ་མཚོན།

  བྱ་རུ་ཞེས་བྱ་རྒྱལ་ཁྱུང་གི་རུ་ཐུར་ནི། ཁྱུང་ཆེན་གྱི་ཁྱད་བོན་བླ་ན་འཕགས་ཕྱིར། གདོད་མའི་མཆོད་རྟེན་གྱི་རྩེ་ཏོག་ཏུ་མཆིས་པས་དབུ་རྩེ་དང་། གནའ་བོའི་ཞང་ཞུང་གི་རྒྱལ་ཁམས་སྐྱོང་བའི་གནམ་བསྐོས་དག་གིས་གཟི་དཔལ་དང་བརྗིད་སྤོབས་ཀྱིས་གཙུག་ཏུའང་བརྒྱན་སྟབས། འདིས་བླ་མེད་ཐེག་པའི་བདག་ཉིད་གཡུང་དྲུང་བོན་གྱི་ཆེ་བ་མཚོན།

  ཁྱུང་རུ་དེ་ཉིད་ཀྱི་རྭ་དཀྲི་རིམ་པར་འཁྲིལ་ནས་འབར་བའི་དབལ་མེ་སྟེ། དབལ་གྱི་མེ་ལྕེ་རུ་རྩེར་ཕུང་ཕུང་དུ་མཆེད་ཅིང་། དབལ་གྱི་མེ་སྟག་ནམ་མཁར་ཚ་ཚར་འཕྲོ་བ་ལས། བྱ་རྒྱལ་ཁྱུང་གི་མངའ་ཐང་དང་སྟོབས་རྩལ་མངོན་སྟབས། འདིས་གཡུང་དྲུང་བོན་གྱི་དཔལ་ཡོན་སྒྲོག་པར་མཚོན་པ་ནི་ཁ་བྱང་གི་འགྲེལ་དུ་གྱུར།

  <<ཁྱུང་རུའི་དབལ་མེ་>>ནི་དོན་ཟབ་ཅིང་ཚིག་ཕྱུག་ལ་སྡེབ་ལེགས་པ་སོགས་གོང་ཐང་གིས་ཧྲིལ་ལྟེམ་མེར་གཏམས་པ་སྟེ། དམུ་སྲས་ཀྱི་བཀའ་སྒྲོམ་ལས་གཏེར་དུ་དྲངས་པའི་བརྡ་དོན་བགྲེས་པོ་རྩམ་དྲི་ཐུལ་ལེར་མཆིས་ལ། གྲུང་རྒོད་སྐྱེན་པའི་རྣམ་རིག་གིས་གསར་དུ་གཏོད་པའི་ཚིག་དོན་སོ་མའང་རླངས་པ་ཕྱུར་རེར་མཆིས་སྟབས། བདག་གི་འོལ་སྤྱིའི་ཚོད་རྩིས་ལས་ཀྱང་དོ་ལོག་ཏུ་ལྗིད་ཏིག་གེར་གནས་པས། སོ་སོའི་ཚོད་དཔག་དང་སྤོམ་རྩིས་ལའང་འགྱོད་ནོངས་སེར་འཁངས་དགོས་བྱུང་།

  <<བོན་གཞུང་མར་ཁུའི་རྒྱ་མཚོ་>>ལ་རོལ་སྐལ་ལྡན་པའི་ལས་བསོད་ཅན་གྱི་ཞྭ་དཀར་པ་འདིས། “མཚོན་གྱིས་བཅད་པའི་གནམ་གྱི་དམུ་ཐག་དག་པ་ལྷ་ཡི་ཡུལ་དུ་བསྲིངས་”ཤིང་“གཤེན་གྱི་དབུ་འཕང་གནམ་ལ་བཀྱགས་”ཏེ་”ཁྲི་ལོ་གནམ་གྲགས་གནམ་གྱི་སྟེགས་ནས་“འཁྲོལ་བའི་ཁྲི་འཛིན་སོ་གསུམ་པ་དེ་ཉིད་གཏན་དུ་བསྙེན་ཞིང་། ”མཁྱེན་གཉིས་གསེར་གྱི་ཐུར་མ་”ལ་བརྟེན་ནས་”ལེགས་བྱས་དགེ་ཚོགས་རིན་ཆེན་པོ་ཏི་ཕྱོགས་མེད་སློབ་བུའི་ལྟོ་བར་འདྲེན་”པའི་ཡོངས་འཛིན་སྨྲ་དབང་གཙུག་གི་ཕུད་དུ་བཀུར། ”ཀུན་མཐུན་བྱམས་པའི་རྒྱལ་པོ་”རུ་བསྔགས་ཤིང་”གཞུང་ལུགས་རབ་འབྱམས་གྲགས་པ་དཀར་པོ་འཕར་པོ་འཕར་ཆུང་དབྱངས་དང་བསྡེབས་”པའི་བཤེས་གཉེན་གང་ཉིད་<<ལས་ཀྱི་ཡབ་ཆེན་>>དུ་བསྟེན་པ་སོགས་ནི་<<དད་པའི་དམུ་ཐག་>>གིས་སྦྲེལ་བའི་ལྷད་མེད་དམ་པའི་ལེའུར་སྣང་།

  ”ལྷ་དང་བླ་མའི་ལུང་བསྟན་”དང་”འཇའ་དང་འོད་ཀྱི་བསུ་མ་མེད་པའི་”ཞག་ཚེས་སུ་མི་ཡུལ་གྱི་སྒོ་གླེགས་ཕྱེས་ཏེ་འོངས་རྗེས་”གོག་ནུར་བྱིས་དུས་བཀླགས་པའི་ཚིག་འབྲུ་”རྣམས་དྲན་ཡུལ་དུ་མེད་ཀྱང་། ”སྐྲ་ལོ་མཚོན་ལ་བསྒྲེས་”ཏེ་གཞུང་ལུགས་ཀྱི་ཁེད་གནད་འགྲོལ་ཞིང་”ཚད་མའི་ཀི་རིང་སྒྲོག་པའི་གྲས་སུ་ལྷུང་”བའི་གཏམ་རྒྱུད་དག་ནི་རང་གི་འཇིག་རྟེན་ལས་མངོན་པའི་<<ཚོར་བའི་ཁ་དོག་>>ཏུ་བཀྲ་བས་ན་འཚོ་བའི་ཟིན་ཐོའི་ལེའུར་གྲུབ།

  རང་གནས་དབེན་དགོན་དེར་དགེ་སྐོས་དང་དབུ་མཛད་སོགས་སྣ་བོ་ཆེ་དང་ཁ་བོ་ཆེ་ཡི་”འབོལ་གདན་སྲབ་མཐུག་གི་སྐས་རིམ་འཛེགས་དུས་”གྱེར་ཁྲིམས་ཐུ་མོ་ཆེའི་”ཞབས་ཏོག་ཚོགས་བསགས་ཀྱི་ཏིང་འཛིན་ཞན་ན་”བཟོད་གསོལ་ཡོད་པའི་སྲོང་གཏམ་དེ་ནི་སྔ་རབས་སྲོལ་རྒྱུན་གྱི་ཁྲིམས་སྒོ་དོག་པའི་ཁོར་ཡུག་ཏུ་དེང་རབས་གུ་ཡངས་ཀྱི་བརྟུལ་ཞུགས་བཅངས་པས། མི་གཤིས་དཀྱེལ་པོ་ཆེའང་ཟུར་ནས་མཇལ། དེ་ལྟར་ནའང་། རང་འཁྲིའི་འགན་ཁུར་རྣམས་ཡར་འཁོན་མར་ཐོགས་སུ་ལན་ཁག་མི་འགེལ་བར་ལྟེམ་རྐྱང་མེད་པར་འབུངས་ཤིང་ཐང་ལྷོད་རན་པོར་འཇུག་པའི་སྤྱི་སེམས་ཅན་ཡང་ལན་རེར་འུ་ཐུག་ཐབས་ཟད་ཀྱི་ཚད་ལས་འགོངས་པ་ནི་<<དགེ་སྐོས་ཤིག་གི་ནད་མགུར་>>ལས། ”གནམ་གྱི་ཉི་ཟླ་སྐར་གསུམ། །སྤྲིན་པའི་སྟེང་གི་ལྷ་རེད། །ཤི་མེད་ནད་པ་ཞིག་གིས། །ཐུགས་ངོ་ཟིན་ཐབས་མི་འདུག ། ”ཅེས་སུ་སྨྲེ་སྔགས་ཐོན་པས་ཁུམས་ཤིང་། ཤམ་ཐབས་ལྕགས་རིའི་ཁྲལ་དུ་སྐད་པ་འདི་དག་ཀྱང་གྱེར་གཤེན་བསྟན་པའི་ཁོལ་པོར་བརྩོན་པའི་ལེའུར་ཕུལ།

  ཤེས་རབ་ཀྱི་ལྡུམ་སྨན་བཏུ་བར་“གབ་མཛོད་ས་གསུམ་གྱི་གདགས་སྲིབ་ཀུན་“ཀྱང་འགྲིམ་པར་སྐྱིན་འདང་རྨ་འདང་གི་འཚུབ་མ་ལའང་མི་འཇིགས་ཤིང་། “སྙིང་སྟོབས་གཡོ་བ་མེད་པའི་རི་རབ་ཏུ་བཞེངས་“ཏེ་རྟག་འགྲུས་འབུང་རྒྱུན་གྱིས་ཟླ་བ་ལོ་ལ་བསྒྱུར་ཞིང་ལོ་ཡང་རྟེན་འབྲེལ་གྲངས་ཅན་དུ་བསྐྱལ་བ་ནི། “ཐོས་བསམ་འཆད་ཉན་བགྱི་བའི་གྲྭ་རྐྱང་“ཞིག་གི་“རས་གཟན་འོག་གི་དྲན་ཤིང་”ངོ་མར་གྱུར་པ་དེ་བསླབ་པ་སློབ་གཉེར་གྱི་ལེའུར་བསྐྲུན།

  དེ་ལྟར་ནའང་“རིགས་ལམ་གཤོག་པ་ཐོགས་པའི་གཞོན་ནུ་དེས་“ཚིག་རྐྱང་འཁྲི་བའི་“རྟོག་གེའི་ང་རྒྱལ་སྒོམ་ལ་ཕན་“འབྲས་མ་མཐོང་ཞིང་“ཐོས་པ་ཐོས་རྐྱང་ལ་ཡི་ག་མ་བྱུང་“སྟབས། “མ་བཅོས་ནམ་མཁའི་ཁམས་ལ་ངལ་གསོས་ཏེ་”རྣམ་པར་“རྟོག་པ་གཅེར་བུར་འཕུད་པའི་”རིག་པའི་<<སྒོམ་གཞས་>>བླངས་པ་དེའང་“ཡེ་གྲོལ་བྱང་སེམས་བརྗོད་པའི་ལྟ་མགུར་“ཉག་གཅིག་ཏུ་མཇལ་བ་ཡང་རླུང་སེམས་ཉམས་ལེན་གྱི་ལེའུར་ཤར།

  མདོར་ན། འདི་ནི་སྙན་དེབ་ཏུ་སྤྲུལ་པའི་སེམས་པ་དམར་རྗེན་མ་ཞིག་སྟེ། སློབ་པ་ལམ་ལ་ཞུགས་པའི་རྒྱུད་རིམ་ཁྲོད་ཀྱི་ངལ་ཚེགས་དང་སྤྲོ་དགའ་མངོན་ལ། དྲིན་ཤེས་བཀུར་གཟོ་དང་དམ་པར་དད་བསྟོད། གོད་ཆག་ལ་གདུང་སེམས་དང་མི་རྟག་པ་དྲན་སྐུལ། དགའ་བའི་འཛུམ་མདངས་དང་ངུས་པའི་མཆི་མ་སོགས་དེ་དག་ཀུན་ཀ་“ཚོར་བས་ཟིན་པའི་སྙན་ངག་“ཁོ་ནར་མཆིས་པས་སོ། །

  སྙན་རྩོམ་འདི་དག་ལ་སྐྱོན་གྱི་ཆ་ཞིག་ཡོད་པ་ནི། ཚིག་ལ་རྣོ་ངར་མ་བཏོན་པ་དང་། གཏམ་གྱིས་གཞན་བློ་མི་དཀྲོག་པ། ཕས་ཀྱི་མཚང་ལ་མ་རྒོལ་བ། གཞན་ལུགས་རྐུན་འཛུགས་མ་ཤེས་པ། ཕྲ་མའི་དབྱེན་རྩལ་མི་བདོག་པ། གླགས་ཁེལ་ཐུབ་ས་མ་རྙེད་པ། ངར་ངར་རྒོད་རྒོད་མ་ཕོད་པ་སྟེ། ཐ་ན་གཞན་གྱི་ཁྲག་ཤེད་སྤོར་བའི་ནུས་པས་ཀྱང་དབུལ་བ་དེའོ། །དེ་ལས་ཀྱང་ཞན་པའི་ཆ་ནི་སུས་ཀྱང་འགོལ་བའི་དུས་ལ་འབོལ་བའི་གདན་ཁྲིར་འཇོལ་བེར་གྱོན་བཞིན་འདོལ་འདོལ་བའི་ཉམས་ཀྱིས་འཛོལ་ཤོར་མེད་པར་བཀླག་ཐུབ་པ་དེའོ། །ད་དུང་ཆེས་ཞན་པའི་སྐྱོན་ཆ་ནི་བཀླགས་ནས་རྫོགས་འགྲོ་བ་དེའོ། །

  སྲོང་པོར་སྨྲས་ན། བོད་ཁམས་འདིར་ད་དུང་ཡང་རིག་པའི་རྣམ་དཔྱོད་བཙོན་དུ་འཛུད་པའི་དགོན་སྡེ་མང་སྟབས། བོན་སྒར་ཞིག་ནས་ན་གཞོན་བཙུན་པ་དགེ་རྩེ་པ་ལྟ་བུ་ཐལ་མོ་རྡེབ་མཁས་ཤིང་། སྒལ་ཚིགས་སྲོང་ཤེས། རྔ་གཤང་འཁོལ་ཐུབ། ཚངས་སྲས་འགུག་ནུས་པ་སོགས་ལ་མནོ་བར་བྱས་ཚེ། བདག་གི་གུས་གཙིགས་དང་བཀུར་མཐོང་རྣམས་གྱེར་སྒར་དེ་དག་ལ་དབང་བར་གྱུར།

  དེ་ཡང་སྨན་རིའི་གླིང་གི་རབ་འབྱམས་པ་མཆོག་རབ་ཏུ་གྲགས་པའི་བཤད་སྒྲུབ་མཁན་ཟུར་ཞིག་ཕྲན་དང་དགེ་རྩེ་པའི་བར་ལ་བཤེས་གཉེན་གསར་རྙིང་དུ་གྱུར་པས། དེས་རང་གི་སློབ་མ་བགྲེས་གཞོན་དབར་མཚམས་སྦྱོར་མཛད་པར་བརྟེན། སྔོན་གླེང་འདི་ནི་སྙན་དེབ་རྩོམ་མཁན་ཁོང་དང་ཀློག་མཁན་བདག་གཉིས་དབར་གསར་དུ་ཚུགས་པའི་འབྲེལ་ལམ་དེ་ཉིད་ཀྱི་གྲུབ་འབྲས་ཤིག་ཀྱང་ལགས་སོ། །

  དེས་ན་རྩོམ་པ་པོས་བློ་གཏད་ལིངས་བཅོལ་གྱིས་མངགས་པའི་བཅོལ་བཏམས་དེ་ཉིད་བློ་ཤས་སུ་མི་འགྱུར་བར་བློ་ཁ་རྫོགས་པའི་རེ་བ་འཆང་ཞིང་། འདི་བགྱིས་ལེགས་བྱས་གང་མཆིས་རྣམས་ཀྱང་སྙན་རྩོམ་རིག་པར་ཞབས་འདེགས་ཕུན་སུམ་ཚོགས་པ་སྟེ་རྒྱུ་འབྲས་ཕན་གསུམ་འཛོམས་པར་སྨོན་ལ། སླད་མར་ཡང་<<ཡ་ཐོག་གི་བོན་>>དང་<<བོད་ཀྱི་སྙན་ངག་>>བསྟུད་མར་བྲི་བར་སྐུལ་མ་འདེབས་པས་མ་ཚད། ནམ་ཡང་”ཕ་ས་ཞང་བོད་གངས་དཀར་ལྷུན་པོའི་སྐྱིད་སྡུག་གླེང་ལ་མཚམས་མི་འཇོག་”པར་འདི་ནས་ནན་གྱིས་སྐུལ་ཞིང་ངར་ཡང་ལྡུད་པ་ལགས་སོ། ། ། །

  རིམས་གཡོལ་འདུ་འཛེམས་ཁེར་བཀག་གི་དུས་ཆད་ནང་སྟེ། ༢༠༢༠། ༠༣། ༢༥ ཉིན་ནུབ་ཕྱོགས་ཡུ་རོབ་མགོ་སེར་གླིང་གི་ཅེག་སྤྱི་མཐུན་རྒྱལ་ཁབ་ནས་འབུམ་རམས་པ་དགེ་བཤེས་ཆོས་འཁོར་ཚང་གིས་སྦྱར་རོ། །

  

       རྩོམ་པ་པོ་ངོ་སྤྲོད།

  དགེ་རྩེ་ཀུན་ཁྱབ་ལགས་ནི། སྤྱི་ལོ1991ལོར་བོད་ལྗོངས་ཆབ་མདོ་ས་ཁུལ་སྨར་ཁམས་ཀེ་རི་སྒང་དུ་ཡོད་པའི་འབྲོག་ཁྱིམ་དགེ་རྩེ་ཚང་ཞེས་པའི་ཁྱིམ་དུ་ལྟེ་ཁྲག་འཕོས་ཤིང་། ཆུང་དུས་རྒྱ་ཡི་སློབ་གྲྭར་ཞུགས་ནས་ཡིག་རྩིས་གཉིས་ལ་ལོ་ཤས་བསླབ། སྤྱི་ལོ2001ལོར་དཔོན་རྒན་དགོན་པའི་ཚོགས་གྲལ་དུ་ཞུགས། སྤྱི་ལོ2007ལོར་ཤར་རྫའི་རི་ཁྲོད་དུ་སྔོན་དངོས་རྗེས་གསུམ་དང་འབྲེལ། ཞོར་དུ་སུམ་རྟགས་བརྡ་དག་སོགས་ཐུན་མོང་རིག་གནས་སྤྱི་ལ་བག་ཆགས་མི་དམན་པ་བཞག སྤྱི་ལོ་2009ནས2020བར་གྱི་ལོ་ངོ་བཅུ་གཉིས་ཀྱི་རིང་ལ། བླ་ཁྲི་གཡུང་དྲུང་བོན་ཆེས་མཐོའི་གཡུ་རི་བཤད་སྒྲུབ་འདུས་སྡེ་རུ་དངོས་སུ་ཞུགས་ཏེ། བསྡུས་རྟགས་ཚད་གསུམ་དང་། དབུ་ཕར་ཐེག་གསུམ། གབ་མཛོད་ས་གསུམ། འདུལ་སྔགས་རྫོགས་ཆེན་སོགས་གཞུང་ཆེན་ཁག་ལས་གཞུང་ཚད་ཡིག་རྒྱུགས་མང་ཤོས་ལ་ཚད་མཐོའི་བྱ་དགའ་ཐོབ་མྱོང་བར་མ་ཟད། ཉིས་སྟོང་བཅུ་དྲུག་ནས་བཅུ་དགུའི་བར་བསྟུད་མར་སྤེལ་བའི་བཤད་གྲྭའི་རྩོམ་ཡིག་འགྲན་བསྡུར་ཁྲོད་ཐེངས་བཞི་ལ་བྱ་དགའ་ཨང་དང་པོ་དང་། གཞན་སྤྱི་ཚོགས་དྲྭ་ལམ་ཁག་ནས་སྤེལ་བའི་རྩོམ་རིག་འགྲན་བསྡུར་དུ་མ་ནས་ཀྱང་ཚད་མཐོའི་བྱ་དགའ་ཐོབ་མྱོང་། གཡས་རུ་འཆད་རྩོད་ཆེན་མོ་སོགས་རང་གཞན་དུ་མའི་རྩོད་གྲྭར་ཐེངས་མང་ཞུགས་ཏེ་བརྒལ་བརྟག་རིག་པའི་འཁོར་ལོ་གང་མང་བསྐོར་བ་དང་། བཤད་གྲྭའི་རྒྱུན་ལས་ཚོགས་གཙོ་དང་། དགེ་སྐོས། དྲུང་ཡིག གཉེར་པ་བཅས་ཀྱི་ལས་འགན་ལོ་མང་རིང་ཕྲག་ཏུ་ཁུར། རྒྱལ་བ་བྲུ་ཡི་གྱེར་དབྱངས་གདངས་གསུམ་ལ་སྦྱངས་པ་ཆེར་བསྐྱེད་གནང་སྟེ་ཚོགས་ཆེན་དབུ་མཛད་ཀྱི་འགན་ཡང་ཁུར། 2018ལོར་བཤད་གྲྭའི་སློབ་མའི་གྲས་ལས་མི་གཞི་ཀུན་སྤྱོད་བཟང་ཤོས་ཀྱི་གཟེངས་རྟགས་ཀྱང་ཐོབ། 2019ལོར་བཀའ་རམས་པའི་མཚན་གནས་ཐོབ། ད་ལྟའི་བར་དུ་རིག་གཞུང་དུས་དེབ«གངས་རྒྱན་མེ་ཏོག»དང«བགྲེས་པོའི་འབེལ་གཏམ»སོགས་བོད་ཕྱི་ནང་གི་དུས་དེབ་ཁག་ཏུ་དཔྱད་རྩོམ་དང་སྙན་ངག་དུ་མའང་སྤེལ་མྱོང་ངོ་།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།